དྲུག་པ། རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར། ཀ༽ མཚན་གྱི་རྣམ་གྲངས་དང་མཚན་དོན།

དྲུག་པ། རྒྱལ་སྲས་ཞི་བ་ལྷའི་ ༼ཤཱནྟ་དེ་ཝ།༽ རྣམ་ཐར།

ཀ༽ མཚན་གྱི་རྣམ་གྲངས་དང་མཚན་དོན།

༡༽ ཞི་བ་ལྷ་ཞེས་པའི་མཚན་ཐོགས་ཚུལ།

 

དེ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ (1308-1363) མཛད་པའི་ཕྱག་འཚལ་དྲི་མེད་ཟླ་རྒྱས་ལས[1]།

ཐུགས་རྗེའི་མངའ་བདག་ཤཱཀྱའི་སྲས། །བསླབ་གསུམ་རྒྱན་གྱིས་རབ་མཛེས་ཤིང་། །

ཐེག་གསུམ་སྙིང་པོའི་དོན་རྟོགས་པ། །ཤནྟ་དེ་བ་ལ་ཕྱག་འཚལ། །

ཞེས་གསུངས་པ་ལྟར། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཤནྟ་དེ་ཝ་ (शांतिदेव) (Shantideva) དང་། རྒྱའི་སྐད་དུ། (寂天) ཞེས་ཞུ་ཞིང་། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་ངོ་མཚར་གཏམ་བདུན་གྱི་སྒོ་ནས་བསྟོད་པ་སྐལ་བཟང་དགའ་བྱེད་ལས[2]།

ཐུབ་གསུང་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད། །སྟོང་ཐུན་སྙིང་ཁར་བསྡུས་པའི་མན་ངག་མཁན། །

བདག་པས་གཞན་ཉིད་གཅེས་ལ་མངའ་བརྙེས་པའི། །རྒྱལ་སྲས་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། ལེགས་སྦྱར་གྱི་ཤནྟ་དེ་ཝ་ཞེས་པ་བོད་སྐད་དུ་བསྒྱུར་ན། ཤནྟ་ཞི་བ་དང་། དེ་ཝ་ལྷ་སྟེ་ཞི་བ་ལྷ་ཞེས་སུ་གྲུབ་ལ། ལེགས་སྦྱར་གྱི་ཤནྟ་དང་ཤཱནྟ་ཞེས་པ་རིང་ཆ་ཡོད་མེད་གཉིས་ཀ་ཞི་བ་ལ་འཇུག་པ་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་དུ་གསལ་ཞིང་། ཤནྟ་དང་ཤནྟི་ཞེས་དབྱངས་ཡོད་མེད་འབྲི་སྲོལ་གཉིས་སུ་སྣང་བ་ལས། ངག་ནས་བརྗོད་སྐབས་ཤནྟ་གཙོ་ཆེ་ཡང་། ལེགས་སྦྱར་ལྟར་ན་དབྱངས་ལྡན་འདི་ཉིད་དག་པར་སེམས། དེ་ཝ་སོགས་ཀྱི་འབྲི་ཚུལ་སྐོར་སློབ་དཔོན་ཨཱརྱ་དེ་ཝའི་མཚན་གྱི་སྐབས་སུ་ཞིབ་པར་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།།

དཔའ་བོ་གཙུག་ལག་ཕྲེང་བས་ (1504-1565/66) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ལས[3]།

ཆོས་ཀུན་ཇི་བཞིན་གཟིགས་པའི་མཁྱེན་པ་ཅན། །འགྲོ་བ་བུ་ལྟར་སྐྱོབ་པའི་བརྩེ་བ་ཅན། །

ཐར་འདོད་རེ་བ་སྐོང་བའི་ནུས་པ་ཅན། །འགྲོ་བའི་མགོན་པོ་ཞི་བའི་ལྷ་ལ་འདུད། །

ཅེས་གསུངས་པ་ལྟར། ཞི་བ་ལྷ་ཞེས་པའི་མཚན་ཐོགས་ཚུལ་ནི། ༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་རྒྱལ་བའི་སྲས་པོ་ཞི་བ་ལྷ་ཞེས་མཆོག་ཏུ་དཀར་བའི་གྲགས་པ་ཅན་དེ་ཉིད་ལ་བསྟོད་པའི་ཚིགས་སུ་བཅད་པ་པདྨ་དཀར་པོའི་ཆུན་པོ་ལས[4]།

མཆོག་ཏུ་ཞི་བའི་ཐུགས་མངའ་རྒྱལ་བའི་སྲས། །ལྷག་པའི་ལྷ་ཡིས་རྗེས་བཟུང་གྲུབ་པའི་གཙོ། །

རྩེ་གཅིག་གྲུབ་པའི་དགའ་ཚལ་ལས་འོངས་པ། །བསྟོད་ཚིག་པད་དཀར་ཆུན་པོས་མཆོད་པར་བགྱི། །

ཞེས་བསྟོད་ཕྱག་མཛད་པ་ལྟར་ཐུགས་མཆོག་ཏུ་ཞི་ཞིང་། ལྷག་པའི་ལྷས་རྗེས་སུ་བཟུང་བའི་ཆ་ནས་ཞི་བ་ལྷ་དང་། གཙོ་བོ་ནི་ཡབ་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་སྐུ་འཁྲུངས་པས་རྒྱལ་པོའི་མཚན་གྱི་ཆ་ཤས་གོ་ཆ་ཞེས་པ་ལས་དྲངས་ཏེ་ཆུང་མིང་ལ་ཞི་བའི་གོ་ཆ་ཞེས་གསོལ་བ་དང་། དེ་རྗེས་དཔལ་ནཱ་ལེནྡྲའི་པཎྜི་ཏ་ལྔ་བརྒྱའི་གཙུག་རྒྱན་སྦྱོར་ལམ་པ་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་བས། མཁན་པོའི་མཚན་གྱི་ཆ་ཤས་ལྷ་ཞེས་པ་དེ་རྒྱལ་སྲས་ཞི་བ་ལྷར་སྩལ་པས་ཞི་བ་ལྷ་ཞེས་མཚན་ཐོགས་ཤིང་། དེ་ཡང་ཞི་བ་ལྷ་ཞེས་པའི་དོན་ནི། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས[5]།

སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །

ཞེས་བྱ་བ་ལ་སོགས་པའི་སྤྱོད་འཇུག་ལེའུ་བཅུའི་བདག་ཉིད་གསུངས་པས། ནཱ་ལེནྡྲའི་པཎྜི་ཏ་ལྔ་བརྒྱ་དང་། རྒྱལ་པོ་དེ་ཝ་པཱ་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ངོ་མཚར་སྐྱེས་ནས། འདི་ནི་བྷུ་སུ་ཀུ་མ་ཡིན། མཁས་པ་ཆེན་པོ་ཞིག་འདུག་གོ །ཟེར་ནས་མཚན་ཡང་ཤཱནྟ་དེ་ཝ་ཞེས་བཏགས་ལ། པཎྜི་ཏ་དང་རྒྱལ་པོ་ང་རྒྱལ་ཞི་བར་བྱས་པས་ཞི་བ་ལྷར་ཡང་གྲགས་སོ། །ཞེས་དང་། དེ་བཞིན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ (1312-1375) གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་དགོངས་པ་ངེས་པར་གསལ་བའི་ནང་བཞུགས་པའི་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་ཉུང་ངུ་ལས[6]། དཔལ་ནཱ་ལེནྡྲར་གཤེགས་སོ། །དེར་རབ་ཏུ་བྱུང་སྟེ་ཞི་བ་དང་ལྡན་པས་ཞི་བའི་ལྷ་ཞེས་མཚན་གསོལ་ནས་སྡེ་སྣོད་གསུམ་ལ་ཐོས་པ་མཛད་པའི་རྗེས་སུ་ཟ་ཉལ་འཆག་པ་ལ་སོགས་པ་དུས་ཐམས་ཅད་དུ་འོད་གསལ་བསྒོམས་པས་བུ་སུ་ཀུ་ཞེས་ཀྱང་གྲགས་སོ། །ཞེས་གསལ་བ་ལྟར་དང་། དེ་བཞིན་རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་ (དུས་རབས་ 12 པ།) མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས[7]། མི་གཡོ་བའི་སྡེ་ལས་རབ་ཏུ་བྱུང་སྟེ། ཞི་བ་དང་ལྡན་པས་ཞི་བའི་ལྷ་ཞེས་མིང་བཏགས། དེར་ནི་སྡེ་སྣོད་གསུམ་མཉན་པའི་རྗེས་ལ། ཟ་རུང་ཉལ་རུང་འཆག་རུང་རྒྱུན་དུ་འོད་གསལ་བསྒོམས་པས་བྷུ་སུ་ཀུ་ཞེས་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་བྷུ་སུ་ཀུ་ཞེས་མིང་ཡོངས་སུ་གྲགས་སོ། །ཞེས་གསུངས་ལ། ཡང་དེ་ཉིད་ལས[8]།

རིགས་པ་ངོ་མཚར་བ་ལ་མཁས། །དམ་པའི་གཞལ་བྱ་རྒྱ་མཚོ་ཆེ། །

དྲང་པོས་ཕྲ་བར་འདྲེན་པ་པོ། །ཞི་ལྷའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་པ་ལྟར་བོད་ཀྱི་མཁས་པ་ཁག་གཅིག་གིས། ཞི་བ་ལྷ་ཞེས་པའི་མཚན་འདི་དཔལ་ནཱ་ལེནྡྲའི་པཎ་གྲུབ་ལྔ་བརྒྱས་ཆེ་བསྟོད་ཀྱི་ཚུལ་དུ་གནང་བར་ཡང་གསུང་སྲོལ་མཆིས་པ་བཅས་ཞི་བ་ལྷ་ཞེས་མཚན་ཐོགས་ཚུལ་རིགས་བཞི་བྱུང་བ་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཀློང་ཆེན་རབ་འབྱམས་པའི་གསུང་འབུམ། ༼༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༨

[2]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། སྐལ་བཟང་དགའ་བྱེད། ཤིང་དཔར་དཔེ་རིང་། ཤོག་ ༡ན༡

[3]  སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། དཔེ་གཟུགས། ཤོག ༤༨༥ན༤

[4]  ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༩ ནས་ ༡༤༠ བར།

[5]  གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༨

[6]  གྲགས་ཆེན་བཅོ་བརྒྱད་ཀྱི་སྤྱོད་འཇུག་བླ་མ་དམ་པའི་གསུང་བཞུགས། ༼༥༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༢༡༣ ནས་ ༢༡༦ བར་གསལ་ལོ།།

[7]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཤ༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༥༡༡

[8]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཤ༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༧༣༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *