འ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

འ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

 

དེ་ཡང་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས་མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ་ཟབ་རྒྱས་སུ་གསུངས་པའི་སྒོ་ནས་སློབ་དཔོན་ཟླ་བ་གྲགས་པར་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །

ཞེས་གསུངས་པའི་དོན་ནི། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས[2]།

གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །

རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །

ཞེས་དང་། དབུ་མ་ཚིག་གསལ་ལས[3]། རྐྱེན་ཉིད་འདི་པ་ཙམ་གྱིས་ཀུན་རྫོབ་ཏུ་གྲུབ་པར་ཁས་ལེན་གྱི། ཕྱོགས་བཞི་ཁས་བླངས་པའི་སྒོ་ནས་ནི་མ་ཡིན་ཏེ། དངོས་པོ་རང་བཞིན་དང་བཅས་པ་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ཡང་རིགས་པ་མ་ཡིན་པའི་ཕྱིར་རོ། །རྐྱེན་ཉིད་འདི་པ་ཙམ་ཞིག་ཁས་བླངས་ན་ནི་རྒྱུ་དང་འབྲས་བུ་གཉིས་ཕན་ཚུན་ལྟོས་པའི་ཕྱིར། ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་པ་མ་ཡིན་པས་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བར་འགྱུར་བ་མ་ཡིན་ནོ། །ཞེས་དང་། དབུ་མ་འཇུག་པ་ལས་[4]ཀྱང་།

གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །

གང་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །

ཅེས་སོགས་གསུངས་པ་ལྟར། ཆོས་རྣམས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་ཕྱི་ནང་གི་རྐྱེན་ཉིད་འདི་པ་ཙམ་ཉིད་དུ་གྲུབ་པའི་རིགས་པའི་གསང་གནད་འདི་ཉིད་ཀྱིས། མཐའ་གཉིས་ཏེ། དབུ་མ་རྩ་བ་ཤེས་རབ་ལས[5]།

ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །

དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །

ཞེས་གསུངས་པ་ལྟར། མེད་པ་ཡོད་པར་འཛིན་པའི་རྟག་མཐའ་དང་། ཡོད་པ་མེད་པར་འཛིན་པའི་ཆད་པའི་མཐའ་གཉིས་ཏེ་རྟག་ཆད་ཀྱི་མཐའ་གཉིས་དུས་གཅིག་ཅར་དུ་སེལ་ཞིང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་སྐྱབས་ཀྱི་ཐུགས་རྗེ་དང་རང་གཞན་ཆོས་ལ་བསྐུལ་བའི་མགུར་ལས[6]།

དབྱིངས་སྤྲོས་བྲལ་གདོད་ནས་དག་པ་དང་། །ལས་རྒྱུ་འབྲས་བསླུ་བ་མེད་པ་ཡི། །

ཡུལ་སྣང་སྟོང་རེས་འཇོག་མ་ཡིན་པའི། །དོན་ཟུང་འཇུག་མཐའ་བྲལ་དབུ་མའི་ལམ། །

ཞེས་གསུངས་པ་ལྟར། སྣང་ཙམ་ལ་བྱ་བྱེད་ཀྱི་རྣམ་གཞག་སླུ་བ་མེད་ཀྱང་། རང་བཞིན་གྱིས་སྟོང་པ་གཉིས་དབྱེར་མེད་ཀྱི་སྣང་སྟོང་ཟུང་དུ་འཇུག་པའི་ཟབ་མོ་དབུ་མའི་ལྟ་བའི་ཚུལ་ཆེས་ཤིན་ཏུ་གསལ་བར་མཛད་པས་མཚོན། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལུགས་བཞིན་ལེགས་པར་འདོམས་པ་ལ་མཁས་པའི་སྟོབས་རྩལ་ཀུན་ནས་རྫོགས་ཤིང་། མདོ་དང་སྔགས་ཏེ་སྡེ་སྣོད་གསུམ་དང་གསང་ཆེན་རྒྱུད་སྡེ་བཞིའི་ཟབ་གནད་མ་ལུས་པ་ཡོངས་སུ་རྫོགས་པའི་ལམ་བཟང་ཤིན་ཏུ་རྒྱས་པར་མཛད་པའི་པཎ་གྲུབ་བཀའ་དྲིན་ཅན་ཏེ་དཔལ་ལྡན་ཟླ་བ་གྲགས་པ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༩༣

[2]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༤༩༥ ༼རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད། །རྐྱེན་ལ་རག་ལས་གང་ཡིན་སྟོང་པར་གསུངས། །སྟོང་ཉིད་གང་ཤེས་དེ་ནི་བག་ཡོད་པའོ། །༽ ༼སྣར་ཐང་བཀའ་འགྱུར། མདོ། ༼ན༽ པོད་ ༥༨ པ། ཤོག་གྲངས་ ༣༥༥བ༢ ཞེས་གསལ།༽

[3]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༤༢

[4]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༥༣༢

[5]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༢༡

[6]  གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༨༽ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༩ ལོ། ཤོག་ ༡༣༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༨༩ ནས་ ༥༩༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *