ཉ༽ ཟླ་གྲགས་གསར་རྙིང་དང་ཆེ་ཆུང་གི་བཞེད་ཚུལ།
དེ་ལྟར་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་འདོད་མཁན་གྱི་ལུགས་གཅིག་དང་། དངོས་སློབ་མིན་པར་འདོད་མཁན་གྱི་ལུགས་གཅིག་བཅས་ཡོད་ལ། དེ་ལ་བརྟེན་ནས་དུས་རབས་དང་པོ་གཉིས་པ་ཙམ་ལ་བྱོན་པའི་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་གྱུར་པའི་སྒྲོན་གསལ་མཛད་པ་པོའི་དཔལ་ལྡན་ཟླ་གྲགས་གཅིག་དང་། འཇུག་པ་རང་འགྲེལ་མཛད་མཁན་གྱི་དུས་རབས་བདུན་པར་བྱོན་པའི་དཔལ་ལྡན་ཟླ་གྲགས་གཅིག་བཅས་ཟླ་གྲགས་སྔ་ཕྱི་གཉིས་བྱོན་པར་འདོད་མཁན་ཡོད།
དེ་ཡང་ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[1]། ལྟ་ཁྲིད་ཀྱི་བརྒྱུད་པ་ནི།
གྲུབ་པའི་མཆོག་བརྙེས་དཔལ་ལྡན་ཟླ་བ་གྲགས། །སྨྲ་བའི་གཙུག་རྒྱན་རིགས་པའི་ཁུ་བྱུག་གཉིས། །
བལ་པོའི་པཎ་ཆེན་བི་ཧ་ར་པ་སོགས། །དངོས་གྲུབ་མཆོག་བརྙེས་རྣམས་ལ་ཕྱག་འཚལ་ལོ། །
འཇིག་རྟེན་མགོན་པོས་དངོས་གྲུབ་བྱིན་བརླབས་པ། །བྱང་སེམས་ཟླ་རྒྱལ་དབུ་མ་ཤེར་འབུམ་དང་། །
འཇམ་དབྱངས་བངས་སྟོན་ཐང་ནག་བཀྲ་སེ་སོགས། །རྒྱལ་བའི་ཐུགས་སྲས་རྣམས་ལ་ཕྱག་འཚལ་ལོ། །
ཟབ་ལམ་ལྟ་བའི་བདུད་རྩི་མཆོག་བརྙེས་པ། །སྟ་པ་ཆོས་གྲགས་སློབ་དཔོན་སྟོན་བསོད་དང་། །
ཙེ་བོ་བློ་གསལ་ཤཱཀྱ་ཀུ་མཱ་ར། །ཟླ་གྲགས་གསར་མ་རྣམས་ལ་ཕྱག་འཚལ་ལོ། །
ཞེས་དང་། ཡང་ཉིད་ལས[2]། ཚིག་འཇུག་བཞི་གསུམ་འགྲེལ་པ་འགྲེལ་བཤད་དང༌། །བསྟོད་ཚོགས་གཏམ་ཚོགས་རིགས་ཚོགས་ཐམས་ཅད་ཀྱི། །ཚིག་དོན་མངའ་བ་ཟླ་གྲགས་གསར་མ་སོགས། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཟླ་གྲགས་ལ་གསར་རྙིང་གཉིས་བྱོན་པར་གསུངས་པ་ལས་ཟླ་གྲགས་སྔ་མ་པཎ་ཆེན་བཅུ་བདུན་གྱི་ཡ་གྱལ་དཔལ་ལྡན་ཟླ་བ་གྲགས་པ་དང་། ཟླ་གྲགས་གསར་མ་ནི་བོད་ཀྱི་མཁས་གྲུབ་ཅིག་ཡིན་པ་ལྟ་བུར་བཞེད་མོད། འོན་ཀྱང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[3]། རྒྱལ་བའི་སྲས་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལེའུ་བཅུ་པ་ཤླཽ་ཀ་སྟོང་ཕྲག་གཅིག་གི་བདག་ཉིད་ཅན་འགྱུར་མང་དུ་ཡོད་པ་ལས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བཅོས་པའི་སྟེང་ནས་ལུང་ཐོབ་པའི་བརྒྱུད་པ་ནི། སྟོན་མཆོག་ཤཱཀྱའི་རྒྱལ་པོ། མགོན་པོ་འཇམ་དཔལ་དབྱངས། རྒྱལ་སྲས་ཤཱནྟ་དེ་ཝ། མི་བརྗེད་གཟུངས་ཐོབ་པཎྜི་ཏ་ཨེ་ལ་དྷ་རི། གྲུབ་ཆེན་ཛེ་ཏཱ་རི། ཟླ་བ་གྲགས་པ་ཆུང་བ། ཙནྡྲ་ཀཱིརྟི་ཀི་ཙུ་ཞེས་ལེགས་སྦྱར་སྐད་དུའོ། །ཞེས་གསལ་བ་ལྟར་ཟླ་བ་གྲགས་པ་ཆུང་བ་ཞིག་བྱོན་པར་གསུངས་པ་ལས། ཟླ་གྲགས་ཆེ་བ་ནི་ཡོངས་གྲགས་ཀླུ་སྒྲུབ་ཀྱི་སློབ་མ་པཎ་ཆེན་བཅུ་བདུན་གྱི་ནང་གསེས་དཔལ་ལྡན་ཟླ་བ་གྲགས་པ་དང་། ཟླ་གྲགས་ཆུང་བ་ནི་པཎ་ཆེན་ཙནྡྲ་ཀཱིརྟི་ཀི་ཙུ་ལ་ཞུ་བར་གསུངས་པས་ཟླ་གྲགས་ཆེ་ཆུང་གཉིས་ཀ་འཕགས་ཡུལ་གྱི་པཎ་གྲུབ་ཡིན་པར་གསུངས་སོ།།
དེ་བཞིན་ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་དཔལ་བཟང་པོའི་ (1642-1708) ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གསལ་བའི་མེ་ལོང་ལས[4]། ཡང་སློབ་དཔོན་དེས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལུང་བརྒྱུད་ནི། སྟོན་མཆོག་ཤཱཀྱའི་རྒྱལ་པོ། ལྷ་མཆོག་འཇལ་དཔལ་དབྱངས། སློབ་དཔོན་ཞི་བ་ལྷ། པཎྜི་ཏ་མི་བརྗེད་གཟུངས་ཐོབ། གྲུབ་ཆེན་ཛེ་ཏཱ་རི། པཎ་ཆེན་ཙནྡྲ་ཀཱིརྟི་ཀི་ཙུ། (ཟླ་བ་གྲགས་པ་ཆུང་བ་ཟེར།) ཞེས་གསུངས་ལ། དེ་དང་འདོད་ཕྱོགས་མཚུངས་པ་ཞིག་ནི། ངོར་ཆེན་ཀུན་དགའ་བཟང་པོའི་ (1382-1456) ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ནོད་པའི་ཚུལ་གསལ་བར་བཤད་པ་ཐོབ་ཡིག་རྒྱ་མཚོ་ལས[5]། སྤྱོད་འཇུག་གི་བརྒྱུད་པ་ནི། འཇམ་པའི་དབྱངས། སློབ་དཔོན་ཞི་བ་ལྷ། པཎྜི་ཏ་མི་བརྗེད་གཟུངས་ཐོབ། ཛེ་ཏཱ་རི། ཟླ་གྲགས་ཆུང་བ། པུཎྱ་ཤྲཱི། བལ་པོ་ཀ་ན་ཀ །པཎྜི་ཏ་སུ་མ་ཏི་ཀཱིརྟི། རྔོག་ལོ། ཞང་མཛེས། ཉང་རས་པ། གཙང་ནག་པ། ཡང་ན་རྔོག་ལོ། སློབ་དཔོན་བློ་གྲོས་འབྱུང་གནས། ཕྱྭ་པ་ཆོས་ཀྱི་སེང་གེ །གཙང་ནག་པ། དཔལ་ལྡན་གྲོ། མཆིམས་ཆེན་པོ། སྐྱི་སྟོན་ཆེན་པོ། སྐྱི་སྟོན་ཤག་འབུམ། སྐྱི་སྟོན་འཇམ་དབྱངས། ཀུན་མཁྱེན་དོལ་པོ། པཎ་ཆེན་མ་ཏི། ས་བཟང་འཕགས་པ། དེ་ལས་བདག་གིས་ས་བཟང་པའི་ཊཱི་ཀ་དང་བཅས་པ་ཐོས། ཞེས་གསུངས་པ་ལྟར་འཕགས་ཡུལ་དུ་དཔལ་ལྡན་ཟླ་བ་གྲགས་པར་ཆེ་ཆུང་གཉིས་སུ་བྱུང་བ་ལས་ཟླ་གྲགས་ཆུང་བ་འདི་ཉིད་བྱོན་སྔ་ཕྱིའི་ཆ་ནས་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་དཔལ་ལྡན་ཟླ་བ་གྲགས་པ་མིན་པ་ལྟ་བུར་གསུངས།
འོན་ཀྱང་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས[6]། ཟླ་གྲགས་སྔ་ཕྱི་གཉིས་ལས་ཕྱི་མ་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་ངོ་མཚར་བའི་རྣམ་ཐར་བཅོ་ལྔས་ཁྱད་པར་དུ་འཕགས་ཤིང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པ་དེ་ཉིད། ལྷོ་ཕྱོགས་ས་མནྟ་ཞེས་བྱ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སྤྲུལ་པའི་མཚན་རྟགས་དང་ལྡན་པ་ཞིག་བྱུང་ནས་མཚན་མཁན་རྣམས་ལ་བསྟན་པས་འདི་ནི་མཚན་ཤིན་ཏུ་བཟང་སྟེ་འདི་རྒྱལ་བའི་བསྟན་པར་ཞུགས་ནས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་རོ་ཞེས་ལུང་བསྟན། ཇི་ལྟར་ལུང་གིས་བསྟན་པ་ལྟར་ཕ་མ་གཉིས་ཀྱིས་ཀྱང་གནང་སྟེ་རབ་ཏུ་བྱུང་། དཔལ་ནཱ་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་བཏགས། ཞེས་བྱུང་བ་ལྟར་ཟླ་གྲགས་སྔ་ཕྱི་གཉིས་བྱུང་བ་ལས། ཕྱི་མ་ནི་གྲུབ་ཆེན་བརྒྱད་ཅུའི་ནང་ཡིན་པ་གསུངས་པས། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་ཚན་གྱི་ཟླ་གྲགས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་དང་། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་དཔལ་ལྡན་ཟླ་བ་གྲགས་པ་ཡིན་པར་མ་ཟད། ལྷག་པར་འཁྲུངས་ཡུལ་དང་རབ་ཏུ་བྱུང་ཡུལ་གྱི་སློབ་དཔོན་གྱི་མཚན་དང་བཅས་པའི་རྣམ་ཐར་ལས་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་དཔལ་ལྡན་ཟླ་བ་གྲགས་པ་ཡིན་པ་ཐེ་ཚོམ་མི་དགོས་ཀྱང་། ཟླ་གྲགས་གསར་རྙིང་གཉིས་ལས་གསར་མ་བོད་རིགས་དང་། རྙིང་པ་འཕགས་ཡུལ་གྱི་པཎ་གྲུབ་ཡིན་པར་གསུངས་པ་དང་། ཡང་འཕགས་ཡུལ་དུ་ཟླ་གྲགས་ཆེ་ཆུང་གཉིས་བྱོན་པ་ལས་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སུ་ཡིན་ལ་བཞེད་ཚུལ་གཉིས་བྱུང་བ་ལས། དང་པོས་ཟླ་གྲགས་ཆེ་ཆུང་གཉིས་ལས་ཆེ་བ་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་ཟླ་གྲགས་ཡིན་པར་བཞེད་པ་དང་། གཉིས་པས་ཟླ་གྲགས་སྔ་ཕྱི་གཉིས་བྱུང་བ་ལས་ཕྱི་མ་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་ཟླ་གྲགས་ཡིན་པར་གསུངས་པས་བཞེད་ཚུལ་མི་མཐུན་པ་གཉིས་སྣང་མོད། འོན་ཀྱང་བོད་ཀྱི་ཆོས་འབྱུང་ཕལ་མོ་ཆེར་ཟླ་གྲགས་གཅིག་ལས་མ་བྱུང་བ་ལྟ་བུ་དང་། ཟླ་བ་གྲགས་པའི་གསུང་གི་མཛད་བྱང་ཁག་ཏུ་ཟླ་བ་གྲགས་པ་ལས་ལེགས་སྦྱར་གྱི་མཚན་དང་། མཚན་གྱི་རྣམ་གྲངས་གཞན་སོགས་གཏན་ནས་མི་གསལ་ཁར། ཟླ་གྲགས་ཀྱི་རྣམ་ཐར་རྣམས་ཀྱང་གང་ཟག་གཅིག་གི་དབང་དུ་བྱས་ཏེ་བཀོད་པ་ལས། ཟླ་གྲགས་སྔ་ཕྱིའམ་ཆེ་ཆུང་གཉིས་ཐ་དད་དུ་བྱོན་པའི་རྣམ་ཐར་གཏན་ནས་མི་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་ ༡༥ན༢ ཨིན་ཨང་། ༤༠༣
[2] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་ ༡༥ན༢ ཨིན་ཨང་། ༤༠༣
[3] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༦༨བ༣
[4] ཛ་ཡ་པཎྜི་ཏའི་གསུང་འབུམ། པོད་དང་པོ། དཔེ་གཟུགས། ཤོག་གྲངས་ ༡༦༠འོག༢
[5] ངོར་ཆེན་ཀུན་དགའ་བཟང་པོའི་གསུང་འབུམ། པོད། ༼ཀ༽ དཔེ་རིང་། ཤོག་ ༡༠༡ན༣
[6] སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ༢༠༠༤ ལོ། ཤོག་གྲངས་ ༡༢༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༨༩ ནས་ ༤༩༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།