ཕ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

ཕ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

 

དེ་ཡང་ཆོས་རྣམས་བདེན་པར་མ་གྲུབ་ཀྱང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཁར་ཆོས་ཅན་མཐུན་སྣང་བ་དང་ཕྱི་དོན་སོགས་བཞེད་པའི་དབུ་མ་རང་རྒྱུད་པའི་སྲོལ་ཕྱེ་བའི་སྒོ་ནས་སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང་།།

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི།།

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ།།

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར། བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ་བཞི་ནི་ཐ་སྙད་དུའང་མི་བཞེད་པས། དེ་ལྟར་དངོས་པོའི་ཆོས་རྣམས་བདེན་པར་གྲུབ་པའི་སྐྱེ་སོགས་བཞི་སྟེ། སྐྱེ་བ་དང་། གནས་པ། རྒ་བ། འཇིག་པ་བཅས་ཀྱི་མཚན་ཉིད་རྟག་པའི་མཐའ་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་གིས་ལེགས་པར་བཀག་ཅིང་། ཆོས་ཅན་འཛིན་པའི་ཚེ་སྔ་རྒོལ་དབུ་མ་བ་དང་། ཕྱི་རྒོལ་དངོས་སྨྲ་བ་གཉིས་ཀའི་ཚད་མ་ལ་མཐུན་པར་སྣང་བའི་ཆོས་ཅན་མཐུན་སྣང་བ་སྟེ། ལྷག་མཐོང་ཆེན་མོ་ལས[2]། མཐུན་སྣང་དུ་གྲུབ་པའི་དོན་ཡང་། ཕྱི་རྒོལ་ལ་ཚད་མ་ཅི་འདྲ་བ་ཞིག་གིས་གྲུབ་པའི་ཚད་མ་དེ་འདྲ་བ་ཞིག་གིས་སྔ་རྒོལ་ལའང་གྲུབ་པའོ། །ཞེས་གསུངས་པ་ལྟར། འདོད་པའི་ཐོག་རང་རིག་ཐ་སྙད་ཙམ་དུ་ཡང་ཁས་མི་ལེན་ཞིང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་པར་བཞེད་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའི་ལམ་སྲོལ་བཟང་པོ་ཐོག་མར་གསར་གཏོད་མཛད་ཅིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་ཕྱོགས་སུ་བཀྲལ་བ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་པའི་ཕྱོགས་སུ་བཀྲལ་ཏེ་འཛིན་པའི་ཕྱོགས་འཛིན་དབུ་མའི་ཤིང་རྟ་བ། ཐ་སྙད་རིག་པ་དང་། ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ལེགས་པར་སོན་པའི་མཁྱེན་པའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པའི་མ་ཧཱ་པཎྜི་ཏ་སྟེ། མདོར་ན་ཆོས་རྣམས་བདེན་པར་མ་གྲུབ་ཀྱང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཁར་ཆོས་ཅན་མཐུན་སྣང་བ་དང་། ཕྱི་དོན་སོགས་བཞེད་པའི་དབུ་མ་རང་རྒྱུད་པའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་ལེགས་ལྡན་འབྱེད་ཅེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། བཀའ་དྲིན་ཡིད་ལ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༨༧

[2]  ལམ་རིམ་ཆེན་མོ། ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་། ༢༠༡༢ ལོ། ཤོག་གྲངས་ ༦༨༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༩ ནས་ ༣༩༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *