པ༽ ལེགས་ལྡན་འབྱེད་ཀྱི་གསུང་གི་འཕྲིན་ལས།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བསྟོད་པ་ལས[1]།
ཆོས་འདུལ་བཅས་པས་བསྟན་པའི་གཞི་མ་ཟིན། །རྨད་བྱུང་དབུ་མའི་ལེགས་བཤད་དུ་མ་མཛད། །
ཕྱག་རྡོར་ཞལ་གཟིགས་རིག་འཛིན་གནས་གཤེགས་པ། །མཁས་པའི་མཁས་པ་དེ་ལ་བསྟོད་པར་བགྱིད། །
ཅེས་གསུངས་པ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་འཕྲིན་ལས་ལ་ཆ་མཚོན་ན། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[2]། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་སྙིང་པོ་དང༌། དེའི་རང་འགྲེལ་རྟོག་གེ་འབར་བ་དང༌། རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་ཤེས་རབ་སྒྲོན་མ་དང༌། དེའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང༌། དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་ཟླ་བས་མཛད་པའི་དབུ་མ་འཇུག་པ་དང༌། དེའི་འགྲེལ་བཤད་ཛ་ཡ་ཨཱ་ནནྟས་[3]མཛད་པ་དང༌། རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་ཚིག་གསལ་དང༌། རྩ་བ་ཤེས་རབ་ཀྱི་ཚིག་དོན་གསལ་བར་བྱེད་པའི་དབུ་མ་རྒྱན་དང༌། དེའི་རང་འགྲེལ་དང༌། དེའི་འགྲེལ་བཤད་དང༌། དབུ་མ་བདེན་གཉིས་དང༌། དེའི་རང་འགྲེལ་དང༌། དེའི་འགྲེལ་བཤད་དང༌། གཞན་ཡང་དབུ་མ་སྣང་བ་ལ་སོགས་པ་རྣམས་སོ། །ཞེས་གསུངས་པ་ལྟར། སློབ་དཔོན་འདི་ཉིད་ཀྱི་གསུང་གི་འཕྲིན་ལས་ཀྱི་བསྟན་བཅོས་ལའང་འདི་ལྟར་ཏེ། ཀ༽ རྒྱུད་ཀྱི་སྐོར་ལ་དཔལ་གསང་བ་འདུས་པའི་སྒྲོན་མ་གསལ་བར་བྱེད་པའི་དཀའ་བ་བཏུས་པའི་འགྲེལ་པ་དང་། སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ་གཉིས་དང་། ཁ༽ དབུ་མའི་སྐོར་ལ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མ་རིན་པོ་ཆེའི་སྒྲོན་མ། དབུ་མའི་དོན་བསྡུས་པ། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་བཅས་ལྔ་དང་། ག༽ འདུལ་བའི་སྐོར་ལ་སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་བཅས་ཁྱོན་བསྡོམས་ཆོས་ཚན་ཁག་བརྒྱད་བཞུགས་པ་ལས། སློབ་དཔོན་འདིའི་གསུང་གྲགས་ཆེ་བ་ནི། གཞི་ལམ་འབྲས་གསུམ་གྱི་གནད་ཟབ་མོ་སྟོན་པ་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ། རྩ་ཤེས་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་རྣམས་ཡིན་ལ། ཤེས་རབ་སྒྲོན་མར་སངས་རྒྱས་བསྐྱངས་ཀྱིས་མཐའ་བཞིའི་སྐྱེ་བ་བཀག་པའི་སྐབས་ཀྱི་ཐལ་འགྱུར་ལ་རེ་རེ་བཞིན་སྐྱོན་བཟུང་ནས་དགག་པ་རྒྱས་པར་མཛད་ཡོད་པ་དེ་དག་གིས་དུས་ད་ལྟའི་བར་དུ་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་དུ་འགོད་བཞིན་པ་ཡིན་ལ། དབུ་མ་རིན་ཆེན་སྒྲོན་མ་སློབ་དཔོན་འདིས་མཛད་མིན་གོང་དུ་དཔྱད་ཟིན་ཏོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་གསོལ་འདེབས་ཞུས་པ་ལྟར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་ ༡༠ ཚེས་ ༩ ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་སྦྱར་བའོ།།
[2] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༢༤༥
[3] པཎྜི་ཏ་ཛ་ཡ་ཨཱ་ནནྟ་ནི། པ་ཚབ་ཉི་མ་གྲགས་ཀྱིས་ལོ་ཙཱ་བྱས་ཏེ་ཆ་པ་ཆོས་ཀྱི་སེངྒེ་དང་དབུ་མ་ཐལ་རང་གི་ལྟ་བའི་གནད་ལ་བརྩད་པར་བཤད་པ་ལྟར་ན་དུས་རབས་ ༡༢ པའི་སྟོད་ཙམ་དུ་སྐུ་འཁྲུངས་སྙམ། བརྩམས་ཆོས་ནི་དབུ་མ་ལ་འཇུག་པའི་འགྲེལ་བཤད་དོན་གསལ་བར་བྱེད་པ་སོགས་བཞུགས་སོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༧ ནས་ ༣༨༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།