༤༽ བུདྡྷ་པཱ་ལི་ཏ་དང་ཕ་དམ་པ་གཅིག་ཡིན་མིན།

དེ་ཡང་ཕ་དམ་པ་སངས་རྒྱས་ནི། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་སྙིང་པོ་ཕྱོགས་གཅིག་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ལས[1]། རྒྱ་གར་བེ་ཏཱའི་ཡུལ་གྱི་ཙ་ཏ་སེང་ངར་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལའམ་[2]བོད་དང་རྒྱ་ནག་ཏུ་ཕ་དམ་པ་སངས་རྒྱས་སུ་གྲགས་པ་དེས།
གྲུབ་ཐོབ་ཕོ་མོ་ལྔ་བཅུ་ང་བཞི་ལས་གདམས་པ་ཟབ་མོ་མཐའ་དག་གསན་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་བཅུད་ལེན་སོགས་ཐུན་མོང་གྲུབ་པ་ཆེན་པོ་བརྒྱད་ཐོབ་པས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། ཐུགས་དམ་བདེ་གཤེགས་བཅུ་གཉིས་དང༌། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་སོགས་ཀྱིས་ཞལ་གཟིགས། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས། ཞེས་གསུངས་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[3]། ཕ་དམ་པ་སངས་རྒྱས་ནི། ཞི་བྱེད་ཆོས་ལུགས་བོད་དུ་ཐོག་མར་སྲོལ་དར་བར་མཛད་པ་པོ་སྟེ། འདི་ཉིད་བོད་དུ་ལན་ལྔ་བྱོན་ཞིང་། དེ་ཡང་དང་པོ་མགྲིན་ཐང་ལས་སྒོ་ནས་ཙཱ་རིར་བྱོན། གཉིས་པ་ཁ་ཆེ་ནས་མངའ་རིས་སུ་བྱོན། གསུམ་པ་བལ་པོ་ནས་བྱོན་པ་ན་ཡར་ལུང་གི་སྨང་ར་སེར་པོ་དང་མཇལ་ཏེ་དེ་དང་འགྲོགས་ནས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་། སྨང་ར་སེར་པོ་ལ་གཅོད་སྐོར་གནང་། བཞི་པ་ཤབ་འུག་ལྟག་སྒོ་ནས་དབུས་སུ་རྨ་སོ་ཀམ་གསུམ་སོགས་ཀྱི་དོན་མཛད། ལྔ་པ་དེ་ནས་རྒྱ་ནག་ཏུ་བྱོན། ལོ་བཅུ་གཉིས་བཞུགས་ནས་སླར་དིང་རིར་ཕྱག་ཕེབས་པའོ། །ཕ་དམ་པ་བོད་དུ་བྱོན་པའི་ཐ་མ་རབ་བྱུང་གཉིས་པའི་ཆུ་སྦྲུལ་ (ཕྱི་ལོ་ 1113) ལོ་ཡིན་ཅིང་། འདི་དུས་ཕ་དམ་པའི་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་ཁམས་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས། བོད་ཀྱི་ལོ་རྒྱུས་ཐོག་ཤོད་སྲོལ་ལ་དགུང་ལོ་ལྔ་བརྒྱ་ཙམ་བཞུགས་ཟེར་བ་ཡང་སྣང་། དེ་ཡང་ཕ་དམ་པ་ནས་བརྒྱུད་པའི་གཅོད་སྐོར་ལ་ཕོ་གཅོད་དང་མོ་གཅོད་གཉིས་ལས། དང་པོ་ནི་སྨང་ར་སེར་པོ་ནས་བརྒྱུད་པ་དང་། གཉིས་པ་ནི་མ་གཅིག་ལབ་སྒྲོན་ནས་བརྒྱུད་པའོ། །ཞེས་ཕ་དམ་པ་སངས་རྒྱས་ཐེངས་ལྔ་པར་རྒྱ་ནག་ཏུ་བྱོན་པར་གསུངས་སོ།།
དེ་བཞིན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་རི་བོ་རྩེ་ལྔའི་གནས་བསྟོད་དོན་ལྡན་ཚངས་པའི་སྒྲ་དབྱངས་ལས[4]།
སླར་ཡང་དྲང་སྲོང་རྒན་པོའི་ཚུལ་བཟུང་ནས། །
ཕྱོགས་མཚམས་ཀུན་ཏུ་ཚེགས་ཆུང་བདེ་བླག་ཏུ། །
བྱ་བ་ཀུན་འགྲུབ་འཕྲུལ་འཁོར་དུ་མ་ཡིས། །
རྒྱ་ནག་བཟོ་རིག་ཀུན་ལ་མཁས་པ་དང་། །
གཙུག་ལག་རྩིས་ལ་རྣམ་དཔྱོད་ཡངས་པ་བྱུང་། །
རིགས་ལྔའི་ཞིང་ལ་ཕྱག་འཚལ་མཆོད་པ་འབུལ། །
རྣམ་དག་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ། །
དམ་པ་རྒྱ་གར་ཞིང་འདིར་བྱོན་པའི་ཚེ། །
དྲང་སྲོང་དེ་དང་ཆུ་མིག་འགྲམ་དུ་མཇལ། །
རྣམ་རྒྱལ་གཟུངས་མཆོག་རྫུ་འཕྲུལ་སྟོབས་ཀྱིས་བླངས། །
འགྲོ་བ་ཀུན་གྱི་ཚེ་དང་བསོད་ནམས་སྤེལ། །
ཞེས་གསུངས་པ་ལྟར་ནོར་བྲང་ཨོ་རྒྱན་ལགས་ཀྱིས་བརྩམས་པའི་ནག་རྩིས་ཀྱི་ལོ་རྒྱུས་འཇམ་མགོན་དགོངས་བཅུད་ལས[5]། དེ་ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་དམ་པ་སངས་རྒྱས་ཀྱི་རྣམ་པར་ཐར་པ་དངོས་གྲུབ་འོད་སྟོང་འབར་བའི་ཉི་མའི་ནང་ཕ་དམ་པ་སངས་རྒྱས་རི་བོ་རྩེ་ལྔར་བྱོན་ཏེ་མཛད་པ་བསྐྱངས་པའི་སྐོར་ནི། རྗེ་བཙུན་སྒྲོལ་མའི་ཞལ་ནས། ཕ་དམ་པ་སངས་རྒྱས་ལ་ཁྱོད་འདིར་མ་འདུག་པར་བོད་དང་རྒྱ་ནག་སོགས་མཐའ་འཁོབ་ཕྱོགས་སུ་འགྲོ་དོན་ཆེ་བས་དེར་སོང་ཞིག །ཅེས་ལུང་བསྟན་པ་བཞིན་བོད་དུ་ཐེངས་བཞི་པ་ཕེབས་པའི་སྐབས་མདོ་ཁམས་སྟོད་སྨད་ཀྱི་འགྲོ་བ་རྣམས་ལ་གང་ལ་གང་འཚམ་གྱི་ཆོས་སྣ་ཚོགས་བསྟན་ནས་སྨིན་གྲོལ་ལ་བཀོད་དེ་མ་ཧཱ་ཙི་[6]ནའི་ཡུལ་དུ་བྱོན་པས། རྩེ་ལྔའི་རི་ལ་འཛེགས་པའི་ལམ་ཁར་དྲང་སྲོང་རྒན་པོ་ཆུ་ཤིང་གི་འཁར་བ་ཐོགས་པ་གཅིག་དང་མཇལ་ཏེ། རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པས་དེ་ན་རེ། རྒྱ་གར་རྡོ་རྗེ་གདན་ན་རྣམ་པར་རྒྱལ་མའི་གཟུངས་ཡོད་པས་ཁྱོད་ཀྱིས་དེ་རིང་ལོངས་ལ་ཡུལ་འདི་ན་ནད་ཡམས་ཆེན་པོ་མཆེད་ཀྱིན་ཡོད་པ་དོ་ནུབ་ཆོད་པར་གྱིས་ཟེར་བར། རྡོ་རྗེ་གདན་ཐག་རིང་བས་ཉིན་གཅིག་ལ་དེ་ཙམ་ག་ལ་ནུས་གསུངས་པས། བྲག་ཕུག་ཡ་གིར་ཕྱིན་ན་འགྲུབ་ཡོང་ཟེར་ནས་བསྟན་བྱུང་བར་བྲག་ཕུག་དེར་བྱོན་པས་རྡོ་རྗེ་གདན་སྐད་ཅིག་ལ་འཁོར་ནས་གཟུངས་བླངས་ཏེ་ཡུལ་གྱི་ནད་རིམས་ཀྱང་ཞི་བར་མཛད།
དེ་ནས་རི་བོ་རྩེ་ལྔའི་ཞིང་ཁམས་སུ་རྗེ་བཙུན་འཇམ་དཔལ་དབྱངས་འཁོར་བཅས་དངོས་སུ་མཇལ་ཞིང་གནས་དེར་སྒྲུབ་པ་ཡང་མཛད། ཉི་མ་སྟོད་ལ་མནན་པ་སོགས་གྲུབ་རྟགས་ཀྱང་མང་དུ་བསྟན་ཅིང་། རྒྱ་ནག་གི་རྒྱལ་བློན་ཐམས་ཅད་ཀྱིས་གུས་པས་བཏུད། རྒྱའི་ཡུལ་གྱི་སྐལ་ལྡན་མང་པོ་ཡང་དག་པའི་ལམ་ལ་བཀོད། ཙི་ཙུ་ས་ར་ཞེས་པའི་གཙུག་ལག་ཁང་འགའ་ཞིག་བཞེངས། སྐབས་ཤིག་ཞལ་དབུགས་ཀྱི་རྒྱུ་བ་ཡང་མེད་པར་འོད་གསལ་གྱི་ཏིང་ངེ་འཛིན་ལ་ཡུན་རིང་བཞུགས་པའི་ཚེ་སྐུ་གཤེགས་པར་བསམས་ཏེ་རྒྱའི་ཡུལ་ལུགས་ཀྱི་དཔེ་ལྟར་བྱས་ཏེ་རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་སྟེ་མཆོད་རྫས་མང་པོ་དང་བཅས་རི་མཐོན་པོར་ཁྱེར་ནས་ས་ལ་དོང་བྲུས་པར་རྒྱས་བཏབ་ནས་བཞག་གོ །རེ་ཞིག་ན་ཏིང་ངེ་འཛིན་ལས་བཞེངས་པས་སྐུ་ལུས་སྒྲོམ་དུ་རྒྱས་བཏབ་འདུག་པར་གཟིགས་པས་སེམས་ཅན་གཏི་མུག་ཅན་རྣམས་ཀྱི་བྱེད་ལུགས་ལ་རྟེན་འབྲེལ་ནོར་བར་འདུག་དགོངས་ནས་ན་བཟའ་ལ་བེར་སྐུ་ལ་གསོལ། ཆག་ལྷམ་ཡ་གཅིག་བསྣམས་པ་རྒྱ་ཡུལ་གྱི་བསོད་ནམས་མི་ཉམས་པའི་ཕྱིར་ཆག་ལྷམ་ཡ་གཅིག་ཤུལ་དུ་བཞག་སྟེ་རྟེན་འབྲེལ་གྱི་རྫས་སུ་བཞག །དམ་པ་རང་ཉིད་སུས་ཀྱང་མ་ཚོར་བར་བྱས་ཏེ་སླར་ཡང་རྒྱ་གར་དུ་བྱོན་ནོ།།
ད་ལྟ་ཞེན་མེད་དུ་འགྲོ་ཞིང་བསོད་སྙོམས་ཀྱིས་འཚོ་བའི་རྒྱའི་བྱ་བྲལ་འགའ་ཞིག་འདུག་པ་ཡང་དམ་པའི་སློབ་རྒྱུད་ཀྱི་རྣམ་ཐར་སྐྱོང་བ་ཡིན་པར་གྲགས་ཤིང་། རྒྱ་ནག་ལུགས་ཀྱི་དམ་པའི་སྐུ་བརྙན་གྱི་རས་བྲིས་འདི་ན་ཡང་སྣང་བ་དེ་ཡིན་ལ་རྒྱ་ཡུལ་ནའང་རི་བོ་རྩེ་ལྔར་འཇམ་དབྱངས་དང་དམ་པ་མཇལ་བའི་བཀོད་པ་དང་། དམ་པའི་སྒྲུབ་ཕུག་བྲག་ཁུང་རྡོའི་སྒོ་གླེགས་བྱས་པ་གཅིག་ཡོད་པ་དེར་ད་ལྟ་མཇལ་མི་རྣམས་ཀྱིས་ཀྱང་མཐོང་ཞེས་གསལ་བར་ཐོས་སོ། །ཞེས་གསུངས་པ་ལྟར་རྣམ་རྒྱལ་གཟུངས་མཆོག་རྒྱ་གར་འཕགས་ཡུལ་ནས་གདན་འདྲེན་པ་པོ་ཕ་དམ་པ་སངས་རྒྱས་ཡིན་པ་ལས་སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཚུལ་མི་འབྱུང་བར་མ་ཟད། གནས་བསྟོད་ལྟར་རྒྱ་ནག་ཏུ་ཕེབས་པའི་གྲུབ་ཆེན་དང་། རྣམ་རྒྱལ་མའི་གཟུངས་གདན་འདྲེན་པ་པོ། རྗེ་བཙུན་འཇམ་དབྱངས་ཞལ་གཟིགས་བྱུང་མི་དང་། རི་བོ་རྩེ་ལྔར་སྒྲུབ་ལ་གཞོལ་བ་པོ་བཅས་ནི་ཕ་དམ་པ་སངས་རྒྱས་ཡིན་པར་གསུངས།
དེ་བཞིན་སོག་པོ་རྗེ་བཙུན་བློ་བཟང་རྟ་དབྱངས་ (1867-1937) ཀྱིས་མཛད་པའི་དག་པའི་ཞིང་མཆོག་རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དབྱངས་མཆོད་པའི་མེ་ཏོག་ལས[7]།
པཎྜི་ཏ་མཆོག་ལྔ་བརྒྱ་གཉུག་མར་གནས། །ཕ་དམ་པ་ནི་སྨྲ་སེང་ཁ་ལོའི་ཚུལ། །
བཛྲ་ཕུག་ཏུ་སངས་རྒྱས་བསྐྱངས་སོགས་བཞུགས། །མ་ཎི་བྷ་དྲའང་འཇམ་དབྱངས་མདུན་སར་མཛེས། །
ཞེས་གསུངས་པ་ལྟར་པཎྜི་ཏ་ལྔ་བརྒྱ་རྒྱ་ནག་རི་བོ་རྩེ་ལྔར་གཉུག་མར་གནས་བཞིན་པར་མ་ཟད། ལྷག་པར་ཕ་དམ་པ་སངས་རྒྱས་དང་། སློབ་དཔོན་སངས་རྒྱས་བསྐྱངས། མཎི་བྷ་དྲ་བཅས་གང་ཟག་ཐ་དད་ཡིན་ཁར་དེ་དག་རྒྱ་ནག་ཏུ་བྱོན་པར་གསུངས་ལ། དེ་བཞིན་ཀཿཐོག་སི་ཏུ་ (1880-1923/1925) མདོ་ཁམས་དང་རྒྱ་ནག་ཡུན་ནན་རི་བོ་བྱ་རྐང་སོགས་གནས་སྐོར་འགའ་ཞིག་ལ་ཕྱིན་པའི་ལམ་ཡིག་འཁྲུལ་སྣང་ལས་སྦྱོང་གསལ་བའི་ཨ་དར་ཤ་ལས[8]། རི་བོའི་རྩེར་སྒྲུབ་ཁང་རྙིང་པ་གཡས་སྐུ་གདུང་དཀར་པོ་གཅིག་ཡོད་པའི་སྒྲུབ་ཕུག་དེར། དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག་ཡིན། དེའང་སྐྱེས་མཆོག་རྒྱ་གར་བ་ཕུ་ལ་ཧ་རི་ནས། རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས། རི་བྱ་རྐང་ལ་བྱོན། དེ་ནས་རྒྱ་གར་ལ་བྱོན་པར་བཞེད་པ་ལ་རྡོ་རྗེ་རྣལ་འབྱོར་མས་གནས་འདིར་བྱོན་པར་བསྐུལ་ཏེ། འདིར་བྱམས་པ་ནས་འོག་གི་ཨ་ཤྭ་ལར། རྒྱ་གར་གྲུབ་ཐོབ་ནག་པོ་སྤྱོད་པ་དང་ཞལ་འཛོམས། གནས་འདིར་ལོ་ཤས་བཞུགས། གནས་འདི་སྟག་མོ་ལུས་སྦྱིན་གྱི་སའང་ཡིན། ཞེས་གསལ་བ་ལྟར་ཕ་དམ་པ་སངས་རྒྱས་ཡིན་པར་གསུངས་པ་ལས། སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཚུལ་མ་གསུངས་སོ།།
གཞན་ཡང་འབེ་ལོ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་མཛད་པའི་གཅོད་ཀྱི་ཆོས་འབྱུང་མཁའ་འགྲོའི་དགོངས་དོན་གསལ་བྱེད་ལས[9]། (ཕ་དམ་པ་) བོད་དུ་བྱོན་ཚུལ་ནི། བོད་འདིར་ལན་ལྔར་ཕེབས་པའི་གཉིས་པ་ལ་ ༼ལྕགས་ཁྱི་ཕྱི་ལོ་ ༡༠༧༠༽ ཞང་ཞུང་གླིང་ཁ་བ་དང་ཁྲ་ཚང་འབྲུག་ལྷ་བ་ཞི་བྱེད་གསུང་། བཞི་པ་ལ་ ༼ཕྱི་ལོ་ ༡༠༧༣ ཆུ་གླང་ལོར།༽ དགེ་བཤེས་བསྒྲད་ལོ་ཙཱ་བས་ལོ་ཙཱ་མཛད་དེ་རྨ་སོ་ཀཾ་གསུམ་ལ་ཞི་བྱེད་གནང་། ལྔ་པ་ལ་ ༼ཕྱི་ལོ་ ༡༠༨༧ ལོར་རྒྱ་ནག་ནས་བོད་དུ་ཕེབས།༽ དིང་རི་མཁན་པ་ཁྲོད་དུ་བཞུགས། ཅོག་རོ་སྨྱོན་པ་དང་། གློག་སྐྱ་རལ་པ་ཅན། འབྲོ་ཟླ་འོད། སུམ་པ་ཁུ་ཚ་རྣམ་གྲོལ། ཤར་ན་དམ་པ་ཕྱར་ཆེན། ལྷོ་ན་བཛྲ་ཀྲོ་དྷ། ནུབ་ན་དམ་པ་ཕྱར་ཆུང་། བྱང་ན་བྱང་ཆུབ་སེམས་དཔའ་ཀུན་དགའ་སོགས་ལ་ཞི་བྱེད་གནང་། རྟེན་འབྲེལ་གྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད། དམ་པ་བོད་དུ་བྱོན་པའི་དུས་དེར། ༼ཕྱི་ལོ་ ༡༠༧༡ ལྕགས་ཕག་ལོར། འདི་ཐེངས་གསུམ་པ་ཕེབས་སྐབས་ཡིན།༽ གྲ་མདའ་དགེ་བཤེས་དངོས་གྲུབ་སྙིང་པོ་དང་། བླ་མ་སྨ་ར་སེར་པོ་ཅན་གཉིས་རྒྱ་གར་དུ་བྱོན་ནས་ཚུར་ལོག་པ་ན་བལ་ཡུལ་དུ་ཟླ་བ་གཅིག་བསྡད་ནས་བོད་དུ་ཡོང་བའི་དུས་དེར། རྗེ་དམ་པ་རིན་པོ་ཆེ་དང་མཇལ་ནས་རྗེ་དམ་པ་སངས་རྒྱས་ཡིན་པར་རྩད་ཆོད་ནས། དགེ་བཤེས་ཀྱིས་ཆོས་ཞུས། ཞེས་དང་། ཡང་དེ་ཉིད་ལས། དམ་པ་འདི་ནི་རྒྱ་ནག་ཏུ་ཕེབས་པའི་ལོ་རྒྱུས་ཤིག་བོད་རྣམས་ཀྱིས་ལབ་ཀྱིན་སྣང་བ་དེ་དང་། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་བརྩམས་པའི་རྒྱ་ནག་ཆོས་འབྱུང་བདག་གི་བླ་མའི་དྲུང་དུ་ཕུལ་བྱུང་བ་དང་གཅིག་པར་འདུག་སྟེ། དེ་ཡང་རྗེ་འདི་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ནས་འཕགས་པ་འཇམ་དཔལ་དང་མཇལ། འཇམ་དཔལ་གྱིས་ཁྱོད་ཀྱིས་གཙུག་ཏོར་རྣམ་རྒྱལ་མའི་གཟུངས་ཁྱེར་ཡོད་དམ་གསུངས་པར། མེད་ཞུས། དེ་ཁྱེར་མེད་པ་འདིར་ཡོང་དོན་མེད་གསུངས་ནས། དེ་ཉིད་དུ་གོམ་པ་བསྒྱུར་ཏེ་སླར་རྒྱ་གར་དུ་ཕེབས། རྣམ་རྒྱལ་མའི་གཟུངས་བསྣམས་ཏེ་རྒྱ་ནག་ཏུ་ཕེབས་པས་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་པ་དང་། གཞན་ཡང་དམ་པའི་རྣམ་ཐར་དུ་མ་ཞིག་རྒྱ་ནག་ཏུ་འདུག་ཀྱང་སྐབས་འདིར་མ་བྲིས་སོ། །ཞེས་བྱུང་བ་ལྟར་ན་རྒྱ་ནག་ཏུ་བྱོན་མི་དང་། རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་བཟང་མཇལ་མི། རྣམ་རྒྱལ་མའི་གཟུངས་གདན་འདྲེན་པ་པོ། ལྷག་པར་རྣམ་ཐར་རྒྱ་ནག་ཏུ་ཡོད་པ་བཅས་ནི་དམ་པ་རྒྱ་གར་བ་ཡིན་པ་ལས། སློབ་དཔོན་སངས་རྒྱས་བསྐྱངས་མིན་པ་ཤིན་ཏུ་གསལ་ལོ།།
འོན་ཀྱང་ཆོས་འབྱུང་བློ་གསལ་དགའ་བའི་རྣ་རྒྱན་དང་། ལྷག་པར་༸རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ (1876-1933) མཛད་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་ལ་བསྟོད་པ་དྭངས་གསལ་མཛེས་པའི་མེ་ལོང་ལས[10]།
གྲུབ་ཆེན་སངས་རྒྱས་བསྐྱངས་ཀྱང་ཕུག་པ་འདིར། །བཞུགས་ནས་ཕྱིར་མ་ཐོན་པར་རིག་འཛིན་བརྙེས། །
འོ་མའི་རྫིང་དུ་ཁྲུས་བྱས་ནད་ཀུན་སེལ། །ཆུ་ལ་སྤྲུལ་པའི་བུ་ཆུང་གླང་བུ་ཁྲིད། །
ཅེས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཏེ་རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གཟིགས་བྱུང་བ་པོ་ནི་གྲུབ་ཆེན་སངས་རྒྱས་བསྐྱངས་ཡིན་པར་གསུངས་ལ། དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[11]། སློབ་དཔོན་བུདྡྷ་པཱ་ལི་སྟེ་སངས་རྒྱས་བསྐྱངས་ཞེས་བྱ་བ། བོད་རྣམས་དམ་པ་རྒྱ་གར་དུ་འབོད་ཅིང་། མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་དང་འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བཤད་འདུག་པ་དེ། ཐང་ཀའུ་ཙུང་རྒྱལ་པོའི་དུས་སུ་རྒྱ་ནག་རི་བོ་རྩེ་ལྔ་མཇལ་བར་ཕེབས། སླེབས་ཙམ་ན་ནགས་ཚལ་ནས་རྒད་པོ་བྲམ་ཟེའི་ཆ་ལུགས་ཅན་ཞིག་བྱུང་ནས། ལེགས་སྦྱར་གྱི་སྐད་དུ་འོང་པ་དང་དོན་དག་དྲིས། སློབ་དཔོན་གྱིས་ཇི་ལྟ་བ་བཞིན་ལན་བཏབ་པར། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་བསྣམས་ཨེ་ཡོད་གསུངས། མེད་ཅེས་པས། གཟུངས་དེ་འདི་ཕྱོགས་སུ་ཉེ་བར་མཁོ་ཆེ་བ་ཡིན་ཏེ། དེ་སྤྱན་མ་དྲངས་ཕྱིན་འཇམ་པའི་དབྱངས་དང་མཇལ་ཡང་དོན་རེ་ཆུང་གསུངས། སློབ་དཔོན་གྱིས་བཞིན་བཟང་ཉིད་སུ་ཡིན་རྗེ་བཙུན་ཡིན་ནམ་དྲིས་པས། ཡིན་པའང་སྲིད་གསུངས་པས། བརྐྱངས་ཕྱག་མཛད་དབུ་བཏེགས་ཙ་ན་ཅང་མི་འདུག་སྐད། གོམ་པ་དེ་ཉིད་དུ་ཁ་ཕྱིར་བསྒྱུར་ལ་ལོག །གཟུངས་སྤྱན་དྲངས་ཏེ་ལོ་གསུམ་ཐོ་ཥི་ཧྥུང་ལོ་གསུམ་པར་སླར་ཕེབས། རྒྱལ་པོར་རྒྱུ་མཚན་ཞུས་པས། བསྒྱུར་བློན་རྣམས་ལ་གཏད་ནས་བསྒྱུར་ཟིན་པའི་བུ་ཡིག་བཀའ་འགྱུར་དུ་ཆུད་པ་གནང་། མ་ཡིག་སླར་བླངས་ཏེ། སི་མིང་ཟིར་ལོ་ཙཱ་མཁས་པ་ཞུན་ཊེན་ལ་བཅོལ་ནས་ཡང་ཚར་གཅིག་བསྒྱུར། རྒྱ་དཔེ་དེ་ཀ་སྤྱན་དྲངས་ནས་རི་བོ་རྩེ་ལྔར་ཕྱིན། གིན་ཀང་ཁཱུའི་གཞལ་ཡས་སུ་བཞུགས་ལ་ཕྱིར་མ་བྱོན་ཏོ། །འདི་འགྲེལ་པ་བུདྡྷ་པཱ་ལི་ཏ་མཛད་མཁན་ཡིན་ནམ་སླར་བརྟག་གོ །ཞེས་གསུངས་སོ།།
དེ་ལྟར་ན། བུདྡྷ་པཱ་ལི་ཏ་མཛད་མཁན་ཡིན་མིན་བརྟག་དགོས་པར་གསུངས་པ་ལྟར་བོད་ཀྱི་ཆོས་འབྱུང་ཡོངས་གྲགས་སུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། ཕ་དམ་པ་སངས་རྒྱས་གཉིས་ཐ་དད་ཡིན་པར་གསུངས་པ་ལས། བོད་རྣམས་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ལ་དམ་པ་རྒྱ་གར་དུ་འབོད་པ་ཤིན་ཏུ་ཉུང་ལ། སློབ་དཔོན་སངས་རྒྱས་བསྐྱངས་དང་། ཕ་དམ་པ་སངས་རྒྱས་གཉིས་གང་ཟག་ཐ་དད་པར་མ་ཟད། ལྷག་པར་བྱོན་པའི་དུས་མཉམ་མིན་པ་དང་། ཡོངས་གྲགས་སློབ་དཔོན་དེ་གཉིས་བྱོན་སྔ་ཕྱིར་དུས་རབས་འགའ་ཞིག་གིས་བར་ཁྱད་ཡོད་མོད། འོན་ཀྱང་སློབ་དཔོན་གཉིས་ཀའི་མཚན་ལ་སངས་རྒྱས་ཞེས་ཡོད་པས་འཁྲུལ་གཞི་བྱུང་བ་ཡིན་ནམ་སྙམ་མོ།།
དེ་ཡང་གོང་གསལ་ཡིག་ཆ་ཁག་ཏུ་གསལ་བ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་ནག་ཏུ་བྱོན་པ་དང་། ཕ་དམ་པ་སངས་རྒྱས་རྒྱ་ནག་ཏུ་བྱོན་པའི་རྣམ་ཐར་གྱི་སྤྱི་སྒྲོམ་གཉིས་ཕལ་ཆེར་གཅིག་མཚུངས་ཡིན་པས། སློབ་དཔོན་སངས་རྒྱས་བསྐྱངས་དང་ཕ་དམ་པ་སངས་རྒྱས་ལས་གང་རུང་ཞིག་གི་རྣམ་ཐར་ཡིན་པ་ལ། སློབ་དཔོན་རྣམ་གཉིས་ཀྱི་མཚན་ལ་འཁྲུལ་གཞི་བྱུང་སྟེ་སློབ་དཔོན་རྣམ་གཉིས་ཀྱི་རྣམ་ཐར་ཡང་ཉ་ཉུང་མཉམ་བསྲེས་ཀྱི་ཚུལ་དུ་བཀོད་པས་བཞེད་ལུགས་མི་འདྲ་བ་གཉིས་སུ་བྱུང་བར་སེམས། དེ་ཡང་རྒྱའི་ཡི་གེ་ (佛陀) སངས་རྒྱས་སུ་བསྒྱུར་བ་དང་། རྒྱའི་ཡི་གེ་ (波利) ཞེས་པ་ལེགས་སྦྱར་རང་སོར་བཞག་ཡོད་ཅིང་། ཀློག་སྟངས་ལྟར་ན་པོ་འོ་ཀླིས་ཞེས་པའི་སྒྲ་ཐོན་ཞིང་། དེ་ཡང་པཱ་ལི་ཏའི་སྒྲའི་ཟུར་ཆག་པ་ཞིག་ཡིན་འདུག་ལ། སྒྲ་འདི་ཉིད་ལེགས་སྦྱར་སོར་བཞག་བྱས་པ་ལས་རྒྱ་བསྒྱུར་མ་བྱས་པར་བརྟེན་ཐ་སྙད་འདི་ཉིད་ལ་བོད་བསྒྱུར་གྱི་ཐད་ནས་སློབ་དཔོན་སངས་རྒྱས་བསྐྱངས་དང་། ཕ་དམ་པ་སངས་རྒྱས་གང་ཡིན་ཐད་འཁྲུལ་གཞི་བྱུང་བ་མིན་ནམ་སྙམ་པས་སྐད་ཡིག་གཉིས་ལ་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་དཔྱད་པར་འཚལ་ལོ།།
གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[12]། བྷ་ཤུ་སིདྡྷ་པི་ཤྭ་མི་ཏྲ་དང་། །པྲཛྙཱ་དྷ་ར་དྷརྨོ་ཏྟ་ར་ལ། །གཅིག་ནས་གཅིག་བརྒྱུད་རྒྱ་གར་བསྟན་རབས་བདུན། །དྷརྨོ་ཏྟ་རས་རྒྱ་ནག་ཡུལ་འདིར་ཕེབས། །ལོ་རྒྱུས་རགས་ཙམ་ཐང་ཡིག་སྡེ་ལྔར་བདོག །མང་ཞིག་སློབ་དཔོན་འདི་དང་ཕ་དམ་པ། །གཅིག་པར་འདོད་པ་མ་དག་རྒྱུན་འབྱམས་ཡིན། །ཞེས་གསལ་བ་ལྟར་ཡང་རྒྱ་ནག་ཏུ་བྱོན་པའི་སློབ་དཔོན་དྷརྨོ་ཏྟ་ས་དང་ཕ་དམ་པ་གཅིག་ཐ་དད་ལའང་འཁྲུལ་གཞི་དང་བཞེད་ལུགས་མི་འདྲ་བ་ཡོད་འདུག་པ་བཅས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གདམས་ངག་མཛོད། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༤༡༦
[2] ཀ་མ་ལ་ཤཱི་ལ་དང་། ཕ་དམ་པ་སངས་རྒྱས་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་སྐོར་སློབ་དཔོན་པདྨའི་ངང་ཚུལ་གྱི་རྣམ་ཐར་སྐབས་སུ་ཞིབ་ཕྲ་བཀོད་ཡོད་པ་དེར་གཟིགས།
[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༣༡༣
[4] རི་བོ་རྩེ་ལྔའི་གནས་བསྟོད་དོན་ལྡན་ཚངས་པའི་སྒྲ་དབྱངས། དཔེ་རིང་། ཤོག་གྲངས་ ༢བ༤
[5] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༠༩
[6] རྒྱ་ནག་ཆོས་འབྱུང་ལས། (ཤ3) འཕགས་ཡུལ་བ་རྣམས་མ་ཧཱ་ཙི་ནར་འབོད་པའི་མ་ཧཱ་ནི་ཆེན་པོ་དང་། ཙི་ན་ནི་ཚིན་ཞེས་པའི་རྒྱ་སྐད་སྒྲ་ཟུར་ཆག་པ་སྟེ། སི་ཡང་ལ་སོགས་པའི་ནུབ་ཕྱོགས་པ་རྣམས་ཙིནྣཱ་ཟེར་རོ། །ཞེས་གསལ་ལོ།།
[7] བློ་བཟང་རྟ་དབྱངས་ཀྱི་གསུང་འབུམ། ༼ཀ༽ གླེགས་བམ་གཟུགས། ལྡི་ལིའི་པར་མ། ༡༩༧༥ ཤོག་གྲངས་ ༡ན༣
[8] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༥༩༣
[9] འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་རྩོམ་ཐོར་བུ། རྡོ་དགོན་གནའ་དེབ་སྲུང་སྐྱོང་ཚོགས་པ། ཤོག་གྲངས་ ༢༡༥
[10] རྩོམ་ཡིག་གསེར་གྱི་སྦྲམ་བུ། སྨད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༢༠༠༧
[11] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༥༦
[12] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༧༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༩ ནས་ ༢༢༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།