ཝ༽ འཕགས་པ་ལྷའི་ལྟ་གྲུབ་ཀྱི་ཁྱད་ཆོས།
དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས[1]། སློབ་དཔོན་ (ཀླུ་སྒྲུབ།) འདི་ཡི་རྗེས་སུ་འབྲང་བའི་གཙོ་བོ་ནི་སློབ་དཔོན་འཕགས་པ་ལྷ་ཡིན་ཏེ། འདིས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པར་སློབ་དཔོན་གྱི་སྲོལ་འདི་རྒྱས་པར་བཀྲལ་ཞིང་། སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ཟླ་བ་གྲགས་པ་དང་ཞི་བ་འཚོ་ལ་སོགས་པ་དབུ་མ་པ་ཆེན་པོ་རྣམས་ཀྱིས་ཀྱང་སློབ་དཔོན་དང་འདྲ་བར་ཡིད་ཆེས་པའི་ཁུངས་སུ་བྱེད་དོ། །
དེའི་ཕྱིར་དཔོན་སློབ་གཉིས་ཀའི་གཞུང་ལ་གཞུང་ཕྱི་མོ་ཞེས་སྔ་རབས་པ་རྣམས་ཟེར་བ་ལྟར་ཡིན་པས་འདིར་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་དེ་དག་གི་དགོངས་པ་བཀྲལ་བའི་ཚུལ་བརྗོད་པར་བྱ་ལ། ཞེས་གསུངས། འདིར་སློབ་དཔོན་གྱི་དགོངས་པ་མཚོན་ཕྱིར་ཚིགས་བཅད་འགའ་ཤས་འགོད་པ་ལ། དེ་ཡང་དབུ་མ་བཞི་བརྒྱ་པ་ལས[2]།
ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །
དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །
རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །
དེ་ཕྱིར་འབད་པས་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །
ཞེས་ཉོན་མོངས་ཀྱི་རྩ་བ་གཏི་མུག་བདེན་འཛིན་ལ་ཐུག་ཚུལ་དང་། ཡང་དེ་ཉིད་ལས[3]།
སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུའང་ཡོད་མིན་ན། །
བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་ན་སྐྱེ་མི་འགྱུར། །
ཞེས་འཁོར་བ་ལ་ངེས་འབྱུང་སྐྱེ་དགོས་ཚུལ་དང་། ཡང་དེ་ཉིད་ལས[4]།
བསོད་ནམས་ཆུང་ངུ་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །
ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་འགྱུར། །
ཞེས་སྟོང་ཉིད་ལ་དོན་གྱུར་གྱི་ཐེ་ཚོམ་ཟ་བ་ཙམ་གྱིས་ཀྱང་སྲིད་པ་ཧྲུལ་པོར་བྱེད་པ་སོགས་སྟོང་ཉིད་ལ་མོས་པའི་ཕན་ཡོན་དང་། ཞི་སྒོ་གཉིས་པ་མེད་པ་དང་། །ཞེས་ཞི་བའི་སྒོ་སྟོང་ཉིད་ལ་རིགས་མི་འདྲ་བ་མེད་ཚུལ་སོགས་ཀྱིས་མཚོན་ཁྱད་ཆོས་ཤིན་ཏུ་མང་།
ལྷག་པར་དོ་སྣང་བྱེད་དགོས་པ་ནི། ཐལ་འགྱུར་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཆོས་རྣམས་རྟོག་པའི་དབང་གིས་བཞག་པ་ཙམ་ཞེས་པའི་ལྟ་གྲུབ་ཀྱང་བཞི་བརྒྱ་པ་ལས་གསལ་བར་གསུངས་ཡོད། དེ་ཡང་ལམ་རིམ་ཆུང་བ་ལས། དེ་ནི་བདག་ཏུ་སྒྲོ་འདོགས་པ་ཡིན་ལ། དེ་ཡང་ཆོས་དང་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་གཉིས་ཡིན་པས། ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས་ཀ་མ་རིག་པའོ། །དེས་སྒྲོ་འདོགས་ལུགས་ནི་ཆོས་རྣམས་རང་གི་ངོ་བོས་སམ། རང་གི་མཚན་ཉིད་ཀྱིས་སམ། རང་བཞིན་གྱིས་གྲུབ་པ་ཡོད་པར་འཛིན་པའོ། །དེ་ཡང་འཕགས་པ་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས[5]།
སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །
འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །
རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །
འཛིན་དང་འཛིན་མེད་དེ་ཡང་འབྱུང་མིན་ཏེ། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །
ཞེས་ཆོས་རྣམས་རྟོག་པའི་དབང་གིས་བཞག་པར་གསུངས་པ་དང་། རིགས་པ་དྲུག་ཅུ་པ་ལས [6]ཀྱང་།
འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །
དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །
ཅེས་གསུངས་པའི་དོན་འགྲེལ་པར་འཇིག་རྟེན་རྣམས་རང་གི་ངོ་བོས་མ་གྲུབ་པ། རྟོག་པས་བཏགས་པ་ཙམ་དུ་བཤད་ཅིང་། དབུ་མ་བཞི་བརྒྱ་པ་ལས་[7]ཀྱང་།
རྟོག་པ་མེད་པར་འདོད་ཆགས་ལ། །སོགས་ལ་ཡོད་ཉིད་ཡོད་མིན་ན། །
ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །
ཞེས་གསུངས་ཤིང་། དེའི་འགྲེལ་པ་ལས་ཀྱང་། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི། གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་རང་གི་ངོ་བོས་མ་གྲུབ་བཞིན་དུ་བཏགས་པའི་ཆ་ནས། ཆགས་སོགས་རྣམས་ཐག་པ་ལ་སྦྲུལ་དུ་བཏགས་པ་དང་འདྲ་བར་བཤད་དེ། དེ་དང་ཆགས་སོགས་རྣམས་ཐ་སྙད་དུ་ཡོད་མེད་མཚུངས་པ་ནི་མིན་ནོ། །རྒྱུ་མཚན་དེ་རྣམས་ཀྱིས་ན་དགག་བྱ་བདེན་པར་འཛིན་པའི་ཚུལ་ནི། ཐོག་མ་མེད་པའི་རྟོག་པའི་དབང་གིས་བཞག་པ་མིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་གྲུབ་པར་འཛིན་པ་ཡིན་ལ། དེའི་ཞེན་ཡུལ་ལ་བདག་གམ་རང་བཞིན་ཞེས་ཟེར་རོ། །དེ་ཉིད་ཁྱད་གཞི་གང་ཟག་གི་སྟེང་དུ་མེད་པ་ནི་གང་ཟག་གི་བདག་མེད་དང་། མིག་རྣ་སོགས་ཆོས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་དུ་གསུངས་པས། རང་བཞིན་དེ་གང་ཟག་དང་ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ནི། བདག་གཉིས་ཀྱི་འཛིན་པར་ཤུགས་ཀྱིས་རྟོགས་སོ། །བརྒྱ་པའི་འགྲེལ་པས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ། །ཞེས་པ་ལྟར་རོ། །ཞེས་གསུངས་སོ།།
གཞན་ཡང་སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[8]། སློབ་དཔོན་འཕགས་པ་ལྷས་མཛད་པའི་བཞི་བརྒྱ་པ་དང་། བཞི་བརྒྱ་པའི་འགྲེལ་པ། (རྩ་འགྲེལ་གཉིས་ཀ་པ་ཚབ་ཀྱི་འགྱུར།) འདི་ནི་བོད་ཀྱི་པོ་ཏོ་བའི་དཔེ་ཆོས་དང་འདྲ་བར་སྔོན་གྱི་ལོ་རྒྱུས་ཀྱི་དཔེ་མང་པོ། ཚིགས་བཅད་དང་ཚིག་ལྷུག་གཉིས་ཀྱི་སྒོ་ནས་ཤིན་ཏུ་གསལ་བར་གསུངས་ཡོད་པ་སྟེ། དཔེ་མཚོན་ཙམ་ཞིག་དྲངས་ན། དེ་ཉིད་ལས། སྐྱེས་བུ་འགའ་ཞིག་ལ་ཤ་ཟ་མོ་ཞིག་ཆུང་མའི་གཟུགས་ཀྱིས་རྣམ་པར་གནས་ལ། དེ་ཆུང་མ་ལྟར་ཉེ་བར་སྤྱོད་དོ། །གང་གི་ཚེ་དེས་དེའི་རང་བཞིན་སྡུག་བསྔལ་བསྐྱེད་པ་དང་། མི་སྡུག་པ་ཉིད་དང་། བསྒོ་བ་བཞིན་མི་བྱེད་པ་དང་། གཏན་དུ་བ་མ་ཡིན་པ་ཉིད་དུ་མཐོང་བ་དེའི་ཚེ་ན་འདི་ནི་བདག་གི་ཆུང་མ་མ་ཡིན་གྱི། འདི་ནི་ཤ་ཟ་མོ་འོ་སྙམ་དུ་འཇིགས་པར་འགྱུར་ཞིང་། དེའི་ཚེ་འདོད་ཆགས་དང་བྲལ་བར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཅན་རྣམས་འདུས་བྱས་ཀྱི་རང་བཞིན་མཐོང་བ་ཉིད་ཀྱི་ཕྱིར་འདོད་ཆགས་དང་འབྲལ་བར་འགྱུར་རོ། །འདིར།
འདུས་བྱས་གང་དེ་རྟག་མིན་ལ། །མི་རྟག་གང་དེ་གཙང་མིན་ཞིང་། །
མི་གཙང་གང་དེ་སྡུག་བསྔལ་ཏེ། །སྡུག་བསྔལ་གང་དེ་བདག་མེད་དོ། །
ཞེས་བཤད་དོ། །ཞེས་རང་གི་ཟག་བཅས་ཀྱི་ཕུང་པོ་འདི་མི་རྟག་པ་དང་། མི་གཙང་བ་ལ་སོགས་པ་ཕྱིན་ཅི་ལོག་བཞིའི་རང་བཞིན་དུ་མ་ཤེས་པས་དེ་ལ་ཆགས་ལ། ནམ་ཞིག་དེའི་རང་བཞིན་གསལ་བར་ཤེས་པ་དེའི་ཚེ་དེ་ལ་ཆགས་དང་འབྲལ་བར་འགྱུར་རོ། །ཞེས་པ་ལྟ་བུ་ཤིན་ཏུ་གོ་བདེ་ཞིང་གོ་རྒྱུ་ཡང་ཤིན་ཏུ་ཆེའོ།།
མདོར་ན། སློབ་དཔོན་ཨཱརྱ་དེ་ཝ་ནི། འབེ་ལོ་ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་ ༡༨ པ།) ཀྱིས་བརྩམས་པའི་ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར་ལས[9]། དཔལ་མགོན་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་ཨཱརྱ་དེ་བ་ནི། འཇམ་དཔལ་རྩ་རྒྱུད་ནས་ལུང་གིས་བསྟན། སིངྒ་ལའི་རྒྱལ་པོ་པཉྩ་ཤྲི་གའི་སྲས་སུ་འཁྲུངས། མཁན་པོ་ཧེ་མ་དེ་བ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་པོ་མཐའ་དག་ལ་མཁས་པར་མཛད་ནས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་དང་མཇལ། བཅུད་ལེན་སོགས་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་བསྟན་པའང་གཏད། ལྷོ་ཕྱོགས་ཀྱི་རྒྱུད་རྣམས་སུ་འཆད་ཉན་དང་མཛད་ཅིང་། ཤིང་རིའི་ལྷ་སོགས་ལས་ཡོ་བྱད་བླངས་ནས་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། གནོད་སྦྱིན་མོ་སྐལ་པ་བཟང་མོས་འཚོ་བ་སྦྱར་ཏེ་དེ་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་གཞི་རེ་བཙུགས་ཞེས་གསུངས་པ་ལྟར་རོ།།
གཞན་ཡང་འཕགས་པ་ལྷའི་ལེགས་སྦྱར་གྱི་མཚན་ལ་ཨཱརྱ་དེ་ཝ། གྲུབ་ཆེན་བརྒྱད་ཅུའི་ནང་གི་མཚན་ལ་ཀརྣ་རི་པ། བོད་སྐད་ཀྱི་མཚན་ལ་འཕགས་པ་ལྷ་ཞུ་ཞིང་། དུས་རབས་གཉིས་པར་རྒྱལ་རིགས་སུ་འཁྲུངས་པ་དང་། བླ་མ་སློབ་དཔོན་ཀླུ་སྒྲུབ་བསྟེན་ནས་མཁས་པར་གྱུར། རྟེན་དགེ་སློང་ཡིན་ལ་མཆོག་གི་དངོས་གྲུབ་ཐོབ་ཅིང་གདན་ས་དཔལ་ནཱ་ལེནྡྲ་དང་། ལྷོ་ཕྱོགས་དཔལ་རི་སོགས་སུ་མཛད་པ་གཙོ་བོ་ཆེན་པོ་བཞི་བསྐྱངས་པ་སྟེ། མུ་སྟེགས་པ་ཚར་བཅད་པ་དང་། ཐེག་ཆེན་གྱི་བསྟན་པ་སྤེལ་བ། འཁོར་སློབ་མང་དུ་བསྐྱངས་པ། མདོ་སྔགས་ཀྱི་གཞུང་མང་དུ་བརྩམས་པ་དང་། སློབ་དཔོན་འདི་ཉིད་ཀྱི་གསུང་ལས་སྐྱེས་པའི་སྐལ་ལྡན་སློབ་བུ་རྣམས་ཀྱང་རྒྱལ་བའི་ལུང་གིས་ཟིན་པ་དང་། བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་རྩལ་རྫོགས་པ་བགྲང་ལས་འདས་ཀྱང་། གཙོ་ཆེ་བའི་ཐུགས་སྲས་ནི་སློབ་དཔོན་རྟ་དབྱངས་དང་། དམངས་རིགས་པ་སྒྲ་གཅན་འཛིན་བཟང་པོ་སོགས་ཡིན་ལ། མཐར་སློབ་དཔོན་ཞི་བར་གཤེགས་པ་དང་དུས་མཚུངས་ཁོང་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ཡུལ་ཀཉྕི་དང་ཉེ་བའི་རམ་ག་ནཱ་ཐ་ཞེས་བྱ་བར་སྐུ་མྱ་ངན་ལས་འདས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དྲང་ངེས་ལེགས་བཤད་སྙིང་པོ། བློ་གསལ་གླིང་དཔེ་མཛོད། ༡༩༩༡ ལོ། ཤོག་གྲངས་ ༡༠༣
[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༧༩༦
[3] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༧༩༧
[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༨༠༠
[5] བཀའ་འགྱུར་དཔེ་བསྡུར་མ། དཀོན་བརྩེགས། ༼ཅ༽ དེབ་ཨང་ ༤༣ པ། ཤོག་གྲངས་ ༣༥༨
[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༥༤
[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༨༠༠
[8] སྒོམ་སྡེ་ཚིག་མཛོད་ཆེན་མོ། ཐའེ་ཝན་པར་མ། དེབ་གསུམ་པ། ༢༠༡༣ ལོ། ཤོག་གྲངས་ ༦༠༦
[9] ཀརྨ་ཀམ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། སྟོད་ཆ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ཤོག་ ༨༤༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༩ ནས་ ༡༦༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།