ན༽ ནཱ་ལེནྡྲར་རྟ་དབྱངས་དང་རྩོད་པ་མཛད་ཚུལ།

ན༽ ནཱ་ལེནྡྲར་རྟ་དབྱངས་དང་རྩོད་པ་མཛད་ཚུལ།

 

དེ་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ་རིན་པོ་ཆེའི་རྒྱུད་མང་བསྒྲེང་བ་ལས[1]།

ཐུབ་པར་སྨོན་ལམ་བཏབ་གྲུབ་འཕགས་པའི་ལྷ། །པདྨའི་སྦུབས་འཁྲུངས་མཁས་བསླབ་ན་ལནྡར། །

མ་ཁོལ་བརྟུལ་བའི་སྒྲ་སྐད་ད་ལྟའི་བར། །དབྱར་སྐྱེས་རྔ་བོ་ཆེ་ལྟར་གྲགས་ལ་འདུད། །

ཅེས་གསུངས་པ་ལྟར་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། ནཱ་ལནྡྲར་བྱོན་ཚེ་ཤིང་ཚོང་བར་བརྫུས་ཏེ་ཡོ་བྱད་ཤིང་ཁུར་གྱི་གསེབ་ཏུ་བཅུག་ནས་བྱོན་པས་ཐར། ནང་གི་ཁྲོན་པ་ཙམ་མ་གཏོགས་ཆུ་ཐམས་ཅད་བཀག་པས་དགེ་འདུན་འཚོག་ཚེ་ཆུ་གསེར་གྱི་ཟོ་བ་བཏེག་པའི་ན་རུ་དོ་དོ་གཏོད་པ་ལ་གཞན་རྣམས་ཞལ་འཁྲུ་བ་ཙམ་ལས་མི་ཡོང་ཡང་སློབ་དཔོན་གྱིས་ཕྱག་དང་གདོང་བཀྲུས་ནས་ཆུ་སླར་གཏད། ལོ་ཚིགས་དྲིས་པས་ལོ་ལྔ་བརྒྱ་ལོན་གསུངས། ཀླུ་སྒྲུབ་ཡིན་ནམ་བྱས་པས་མིན་ཟེར། ཨཱརྱ་དེ་ཝ་ཡིན་ནམ་བྱས་པ་ཡིན་ཟེར་བས་ཐམས་ཅད་དགྱེས་ཏེ་རོལ་མོ་བསྒྲགས། གཎྜིའི་སྒྲ་ལས་ཀྱང༌།

ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པ། །མ་ལ་ཡར་སྐྱེས་ཙནྡན་རྒྱུ་ལས་བྱུང༌། །

རིན་ཆེན་གཎྜི་ཏོག་ཏོག་འདི་བརྡུངས་པས། །མུ་སྟེགས་འཆལ་པ་རྣམས་ཀྱི་གླད་པ་འགེམས། །

ཅེས་གྲག་པས་མུ་སྟེགས་རྣམས་ཡིད་མ་བདེ། ཞེས་པ་ལྟར་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[3]། དེ་ནས་ནཱ་ལནྡཱར་ན་བཟའ་རྣམས་ལྷུང་བཟེད་དུ་བཅུག །ལྷུང་བཟེད་ཤིང་ཁུར་གྱི་གསེབ་ཏུ་སྦས་ནས་ལུས་ལ་ཐལ་བ་བྱུགས། ཤིང་ཚོང་དུ་བརྫུས་ནས་བ་ལང་རྫི་དང་འགྲོགས་ནས་ཕྱིན། དེར་མུ་སྟེགས་ཀྱི་སྟོན་པ་དེས་ནང་པ་ཕྱིར་མི་གཏོང་། ཕྱི་པ་ནང་དུ་མི་གཏོང་བར་འདུག་པ་ལ། ང་ཤིང་ཚོང་བ་ཞིག་ཡིན་མ་བཏང་ན་ང་ལྟོགས་ནས་འགྲོ་བྱས་ནས་བཏང་ངོ་། །དེར་སློབ་དཔོན་གྱིས་ལྷུང་བཟེད་ཆོས་གོས་ཐོགས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མ་བྱོན། སློབ་དཔོན་ཨཱརྱ་དེ་ཝ་ཡོང་ནས་ཡོད་དོ་བྱས་པས། ནཱ་ལནྡཱ་པ་རྣམས་དགའ་ཆེས་ཏེ་གདུགས་དང་རྒྱལ་མཚན་རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་སྒོའི་ནང་ནས་བསུས་སོ། །ཞེས་གསུངས་པ་ལྟར། སློབ་དཔོན་ཨཱརྱ་དེ་ཝ་ལྷོ་ཕྱོགས་དཔལ་རི་ནས་དབུས་ཀྱི་གདན་ས་དཔལ་ནཱ་ལེནྡྲར་རྐང་མགྱོགས་ཀྱི་རྫས་ལ་བརྟེན་ནས་ཐུན་ཚོད་གཅིག་གི་ཡུན་ཙམ་ལ་ནཱ་ལེནྡྲར་ཕེབས། སྐབས་དེར་ཕྱི་ནང་གི་པཎྜི་ཏ་འབུམ་ཕྲག་དུ་མ་ནཱ་ལེནྡྲར་འདུས་ཤིང་། མཆོད་པའི་བྱེ་བྲག་རྣམ་པ་མང་པོ་ཐོགས་ཏེ་ཕེབས་བསུ་རྒྱ་ཆེ་ཞུས།

དེ་ནས་ནངས་པར་སློབ་དཔོན་གྱིས་རྟ་དབྱངས་ཆུ་གཏོར་གཏོང་སར་བྱོན་ནས་ཅི་བྱེད་དྲིས་པར། སྔར་ཤི་བའི་ཕ་མེས་རྣམས་ལ་སྟེར་བ་ཡིན་ཟེར། སློབ་དཔོན་གྱིས་ངས་ཀྱང་ལྷོ་ཕྱོགས་དཔལ་གྱི་རིར་ཤིང་སྐམ་པོ་ཞིག་ཡོད་པ་དེ་ལ་གཏོར་བ་ཡིན་གསུངས་ནས་ཆུ་གཏོར་བས། རྟ་དབྱངས་ཀྱིས་དཔལ་གྱི་རི་ལ་འདི་ནས་ཆུ་གཏོར་བྱས་པས་ཅི་ལ་ཕན་ཟེར་བས། སློབ་དཔོན་གྱིས་འོ་ན་ཕ་མེས་སྔར་ཤི་བ་ལ་ད་ལྟར་ཆུ་གཏོར་བྱས་པས་ཅི་ལ་ཕན་གསུངས། ཡང་རྟ་དབྱངས་འབབ་སྟེགས་སུ་ཁྲུས་བྱེད་པའི་སྐབས་སློབ་དཔོན་གྱིས་ཅི་བྱེད་གསུངས་པས། སྡིག་པ་སྦྱོང་བ་ཡིན་ཟེར། སློབ་དཔོན་གྱིས་གསེར་བུམ་མི་གཙང་བས་བཀང་བ་ཞིག་གི་ཕྱི་བཀྲུས་པས་རྟ་དབྱངས་ཀྱིས། མི་གཙང་བ་ནང་ན་ཡོད་པ་ལ་ཕྱི་བཀྲུས་པས་ཅི་ལ་ཕན་ཟེར་བར། སློབ་དཔོན་གྱིས་འོ་ན་སྡིག་པ་སེམས་ལ་ཡོད་པར་ལུས་བཀྲུས་པས་ཅི་ལ་ཕན་ཞེས་གསུངས། ཡང་རྟ་དབྱངས་ཀྱིས་མགོ་ཟླུམ་གང་ནས་འོངས་ཞེས་དྲིས་པར། སློབ་དཔོན་གྱིས་མགོ་ཟླུམ་སྐེ་ནས་འོངས་ཞེས་དང༌། སྐེ་ཅན་མགོ་ཟླུམ་ག་ནས་འོངས་ཞེས་པར་ལམ་ནས་འོངས་ཞེས་དང༌། ལམ་ག་ནས་འོངས་ཞེས་དྲིས་པར་དེ་ལམ་ལ་དྲིས་ཤིག་ཅེས་གསུངས་པས་རྟ་དབྱངས་ལན་འདེབས་མ་ནུས་པར་གྱུར།

གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[4]། དཔང་པོ་ཕྱི་པ་ནང་པ་གཉིས་ཀ་འཛིན་པ་གསུམ་གསུམ་སྟེ་དགུ་བཞག་ནས་རྩོད། གང་རྒྱལ་བའི་བསྟན་པ་ལ་ཕམ་པ་ཐམས་ཅད་འཇུག་པར་བྱས། གང་མ་ཉན་པ་རྒྱལ་པོས་ལྕེ་གཅོད་པར་བྱས། ཞེས་གསལ་བ་ལྟར་ཨཱརྱ་དེ་ཝའི་བྱུང་བ་བརྗོད་པ་ལས[5]། ཡུལ་དབུས་མ་ག་དྷའི་རྒྱལ་ཁབ་ནི་སྔར་ནང་པའི་ཆོས་དར་ཆེ་ས་ཞིག་ཡིན་ཡང་། བར་སྐབས་ཤིག་ལ་ཕྱི་རོལ་པ་དབང་ཆེ་བར་གྱུར་ནས་ནང་པའི་ཆོས་ཀྱི་མགོ་གནོན་པར་བྱེད་ཅིང་། དགེ་འདུན་གྱི་སྡེ་རྣམས་སུ་གཎྜིའི་སྒྲ་ཡང་གྲགས་མི་ཆོག་པར་བྱས། སློབ་དཔོན་གྱིས་གནས་ཚུལ་དེ་གསན་ནས་བསྟན་པ་ནུབ་ལ་ཐུག་པ་ལ་མ་བཟོད་པར་མུ་སྟེགས་པ་རྩོད་པས་ཚར་གཅོད་ཕྱིར་ཡུལ་དབུས་སུ་བསྐྱོད་པར་དགོངས་པ་ན། ཨརྱ་དེ་ཝས་ཁྱེད་དགུང་ལོ་བགྲེས་ཤིང་ལམ་གྱི་དཀའ་ངལ་ཡང་ཆེ་བས་ཕེབས་མི་དགོས། ཁོ་བོ་སོང་བས་འཐུས་ཞེས་ཞུས། སློབ་དཔོན་གྱིས་དེ་ཝས་རྩོད་ཐུབ་མི་ཐུབ་ཉམས་སད་ཕྱིར་རང་ཉིད་ཀྱིས་ཕྱི་རོལ་པའི་གྲུབ་མཐའ་བཟུང་ནས་དེ་ཝ་དང་ཉིན་ཞག་དུ་མར་བརྩད་ཀྱང་དེ་ཝས་དམ་བཅའ་མ་ཤོར་བས་སློབ་དཔོན་ཐུགས་དགྱེས་ནས་རང་གི་ཚབ་ཏུ་དེ་ཝ་མངགས། ཨརྱ་དེ་ཝ་མ་ག་དྷར་ལྷགས་ནས་རྒྱལ་པོའི་ཕོ་བྲང་དུ་རྩོད་པའི་གནས་བཅས་ནས་རྩོད་ཡིག་ཕྱོགས་ཕྱོགས་སུ་བཏང་། རྩོད་ཡིག་ཏུ་རྩོད་པའི་དམ་བཅའ་གསུམ་བཞག་པའི་དང་པོ་ནི། འཕགས་པའི་སྐྱེས་བུའི་ནང་ན་སྐྱེས་མཆོག་སངས་རྒྱས་འདྲ་བ་མེད་ཅེས་དང་། གཉིས་པ། ཆོས་ཀྱི་ནང་ན་ཡང་དག་བདེན་པ་སངས་རྒྱས་ཀྱི་ཆོས་འདྲ་བ་མེད་ཅེས་དང་། གསུམ་པ། ལམ་ཞུགས་སྐྱེས་བུའི་ནང་ན་འཕགས་པའི་དགེ་འདུན་འདྲ་བ་མེད་ཅེས་དང་། སུ་ཞིག་གིས་ཁོ་བོའི་དམ་བཅའ་གསུམ་པོ་འདི་ཟློག་ཐུབ་ན་ཁོ་བོའི་མགོ་བོ་བཅད་ནས་དབུལ་ཆོག་ཅེས་པར་བསྒྲགས་སོ།།

ཕྱི་རོལ་པ་རྣམས་དེ་ཝས་རྩོད་པའི་དུས་བཏབ་པ་ཚོར་ནས་ཕྱོགས་ཕྱོགས་ནས་རྩོད་པ་དང་ལྟད་མོ་བལྟ་ཕྱིར་འདུས། དེ་ཝའི་བརྡ་སྦྱར་གྱི་ཡི་གེ་དེ་མཐོང་ནས་ཕྱི་རོལ་པ་ཁ་ཤས་ཀྱང་དེ་ཝའི་དྲུང་དུ་ལྷགས་ནས་མགོ་སྒུར་མ་འདོད་པར་ཁྱོད་ཀྱིས་སྲོག་རྒྱལ་ལ་བཞག་ན་ཁོ་ཚོས་ཀྱང་ཁྱོད་རྒྱལ་ན་ཚེ་སྲོག་བཅད་ཆོག་ཟེར་བ་ལ། དེ་ཝས་བཞད་དེ་སྨྲས་པ། ཁོ་བོས་ཁྱོད་ཅག་གི་མགོ་བཅད་ནས་ཅི་བྱེད། ཁྱོད་ཅག་གི་སྐྲ་བཅད་ནས་ཁོ་བོའི་ཆོས་ལ་ཞུགས་པས་ཆོག་གསུངས་སོ།།

དེ་ནས་ཟླ་བ་གསུམ་ཙམ་ལ་ཕྱི་རོལ་པ་རྣམས་རེས་མོས་བྱས་ནས་རྩོད་པ་བྱས་ཀྱང་རྒྱལ་ཁ་མ་ལོན་པའི་ཐོག་ཁོ་ཚོའི་ལྟ་བ་དེ་ནོར་འཁྲུལ་ཡིན་པར་ཤེས་ནས་བློ་མིག་ཆེར་ཕྱེ་སྟེ་ནང་པའི་ཆོས་ལ་དད་པར་གྱུར། སློབ་དཔོན་གྱིས་ཕྱི་རོལ་པ་ནང་པའི་ཆོས་འོག་བཅུག་པ་འབུམ་གཏེར་བྱུང་ཞིང་། མ་ག་དྷའི་ཡུལ་དུ་སླར་ཡང་རྒྱལ་བསྟན་དར་བར་མཛད། སློབ་དཔོན་ཕྱི་རོལ་པ་ལས་རྩོད་པ་རྒྱལ་བའི་རྗེས་དྲན་དུ་གཎྜིའི་མཆོད་རྟེན་བཞེངས། ཕྱིས་སུ་སློབ་དཔོན་ཞོན་ཙང་མ་ག་དྷར་བྱོན་སྐབས་མཆོད་རྟེན་དེ་དངོས་སུ་མཇལ་མྱོང་ཟེར། རྗེས་སུ་འཕགས་པ་དེ་ཝ་འདི་ཉིད་ཡུལ་དབུས་དང་རྒྱ་གར་བྱང་ཕྱོགས་སོགས་རྒྱལ་ཁམས་མང་པོར་བྱོན། ཞེས་གསལ་བ་ལྟར་ན་སློབ་དཔོན་རྟ་དབྱངས་དང་རྩོད་པ་མཛད་ས་དཔལ་ནཱ་ལེནྡྲ་མིན་པར་གྷནྜིའི་མཆོད་རྟེན་བཞེངས་ཡུལ་འདི་ཉིད་དུ་ཡིན་འདུག་ལ། ལྷག་པར་སློབ་དཔོན་རྟ་དབྱངས་ཨཱརྱ་དེ་ཝ་དང་རྩོད་པ་མཛད་རྗེས་ནཱ་ལེནྡྲར་ནང་པར་ཞུགས་པ་ཞིག་མིན་པར་སློབ་དཔོན་པཱར་སི་བ་བསྟེན་ནས་ནང་པར་ཞུགས་པ་ཞིག་སྟེ། དེ་ཡང་སློབ་དཔོན་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ་ལས[6]། ཁོང་ནི་ཐོག་མར་ཕྱི་རོལ་བྲམ་ཟེའི་ཆོས་ལུགས་ལ་ཞུགས་ནས་དེའི་གཞུང་ལ་མཁས་པར་སྦྱངས། ལྷག་པར་རོལ་མོ་དང་སྙན་ངག་རྩོམ་པ་ལ་མཁས་པའི་མཚན་སྙན་གྲགས་ཤིན་ཏུ་ཆེ་བར་གྱུར། རྗེས་སུ་པཱར་སི་བ་སློབ་དཔོན་དུ་བསྟེན་ནས་ནང་པའི་ཆོས་ལ་ཞུགས། སྐབས་དེར་སངས་རྒྱས་ཆོས་ལུགས་པའི་ནང་ན་གཞུང་ལུགས་ལ་མཁས་པ་ཉུང་བས་ཆོས་ལུགས་ཉམས་ཆེ་ཞིང་། ཆོས་བཤད་པ་དང་གདུལ་བྱ་རྣམ་གྲོལ་ལམ་ལ་འགོད་མཁས་ཆེས་དཀོན་པར་གྱུར་པས་ཁོང་ནས་ཐུགས་ཤིན་ཏུ་སྐྱོ་བ་བྱུང་། སྐབས་དེར་རྒྱ་གར་ཡུལ་དབུས་སུ་ཕྱི་རོལ་པ་རྩོད་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་། དེས་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་རྣམས་ལ་རྩོད་པ་བྱེད་པའི་བརྡ་སྦྱར་ནས་མཁས་པ་ཡོད་ན་ཁོ་དང་རྩོད་དུ་ཤོག །རྩོད་མཁན་མེད་ན་ཕམ་ཁ་ངོས་ལེན་པ་ཡིན་པས་དེང་ཕྱིན་ཆད་གཎྜིའི་སྒྲ་ཡང་གྲག་མི་ཆོག་ཅེས་བསྒྲགས་སོ། །ཞེས་གསལ་ལོ།།

བོད་ཀྱི་ལོ་རྒྱུས་ཁག་ཏུ་གསལ་བ་ལྟར་ན། སློབ་དཔོན་དཔལ་ནཱ་ལེནྡྲའི་ཚོགས་སུ་དགེ་འདུན་གྱི་གྲལ་སྨད་དུ་བཞུགས་པའི་སྐབས་རྟ་དབྱངས་ཀྱིས་ཚོགས་སུ་སྔར་བཞིན་བགྲངས་པས་ལྔ་བརྒྱ་དང་གཅིག་འདུག་པས་གྲངས་གཅིག་ལྷག་པ་ན། སྔར་མེད་པའི་དགེ་སྦྱོང་མགོ་རིལ་དེ་གང་ན་ཡོད་ཟེར་བ་ལ་སློབ་དཔོན་གྱིས། མགོ་རིལ་སྐེའི་སྟེང་ན་ཡོད་གསུངས་པས་རྩོད་པར་བྱེད་པ་ཤེས་ཏེ། རྟ་དབྱངས་ཀྱིས་བྱིའུ་ཞིག་སྦར་མོར་བཅུག་སྟེ་འདི་འཆིའམ་གསོན་ཟེར་བས། དེ་ཁྱོད་ཀྱི་སྙིང་རྗེ་ལ་རག་ལས་སོ་ཞེས་གསུངས། ཡང་སྒོ་ཐེམ་གྱི་ཐོག་ཏུ་བསྡད་ནས་ང་ཕྱི་ནང་གང་དུ་འགྲོ་བ་འདུག་ཅེས་དྲིས་པར། སློབ་དཔོན་གྱིས་དེ་ཁྱོད་ཀྱི་འདོད་དོན་གང་ན་ཡོད་པ་དེར་རག་ལས་སོ་གསུངས། དེ་བས་རྟ་དབྱངས་ཀྱིས། ད་རང་རེ་གཉིས་རྩོད་པ་བྱའོ་ཟེར་བ་ལ་སློབ་དཔོན་གྱིས་ཞལ་གྱིས་བཞེས། རྒྱལ་པོ་དཔང་དུ་བཞག་སྟེ་ཕམ་པ་དེ་གང་རྒྱལ་བའི་ཕྱོགས་ཀྱི་བསྟན་པ་ལ་འཇུག་དགོས་པ་བྱས། རྒྱལ་ཕམ་ཤན་འབྱེད་ཀྱི་ཕྱི་ནང་གི་པཎྜི་ཏ་རྩོད་པ་མཐར་དབྱུང་གི་དཔང་པོ་དུ་མའི་ཁྲི་ཡང་བཤམས། ནངས་པར་ཁྲི་སོ་སོར་འཁོར་དང་བཅས་པ་འཁོད་པའི་དབུས་སུ་རྟ་དབྱངས་ན་རེ། མིག་གཅིག་པ་འདི་ཅི་སྨྲ་ཟེར་བ་ལ་སློབ་དཔོན་གྱིས།

དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །

ཨཱརྱ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང༌། །

ཞེས་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་[7] དུ་གསལ་ཡང་། འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[8]།

བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་མི་འགྱུར། །དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་མི་འགྱུར། །

ཚངས་པ་འཇིག་རྟེན་མཐོང་ཡང་དེ་ཉིད་ག་ལ་མཐོང་། །ཨཱརྱ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །

སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང༌། །

ཞེས་དང་། ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[9]།

བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །

ཨཱརྱ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །ཆོས་རྣམས་ཀུན་གྱི་རང་བཞིན་དེ་ཉིད་གསལ་བར་མཐོང༌། །

ཞེས་གསུངས་པས་ལན་མ་བྱུང༌། རྟ་དབྱངས་ཀྱིས་འདིའི་ལན་ཐོབ་ཅེས་ནེ་ཙོ་བཏང་བྱུང་བར། ནེ་ཙོའི་གཟུགས་གསོད་པ་ལ་གོམས་སུ་བཅུག་པའི་བྱི་ལས་བསད་པས། ཁྱེད་སངས་རྒྱས་པ་མི་འཚེ་བ་ཆོས་སུ་སྨྲའམ། སྨྲ་བྱས་པས། འོ་ན་ནེ་ཙོ་བསད་པ་རང་གིས་ཕམ། སྲིང་མོ་གངྒཱའི་ལྷ་མོ་དང་དཔལ་གྱི་རི་ན་དགེ་སློང་བཞིས་སྡིག་པ་སྦྱོང་གི་ཡོད། ཁྱེད་སངས་རྒྱས་པ་ལས་བྱེད་པ་པོ་ལ་སྨིན་པར་འདོད་པ་མ་ཡིན་ནམ། ཡིན། འོ་ན་དེ་རྣམས་ཀྱིས་སྡིག་པ་སྦྱངས་ཀྱང་ཁོང་རང་གིས་བྱས་མོད། འོ་ན་བྱི་ལས་ནེ་ཙོ་བསད་པའི་སྡིག་པ་ང་ལ་འོང་ངམ་གསུངས།

དེ་ནས་རྟ་དབྱངས་ཀྱིས། ངའི་ཐོད་ལེ་ཀོར་དང་རྩོད་ཅིག་ཟེར་ནས། ཁྱབ་འཇུག་གི་སྤྲུལ་པ་ཐོད་ལེ་ཀོར་སོ་ཕག་གི་སྟེང་དུ་བསྐྱུར་བྱུང་བས། སློབ་དཔོན་གྱིས་མར་ནག་བསྐུས་ནས་རི་མོ་མ་བྱུང་བས། རྟ་དབྱངས་ན་རེ། ཁྱོད་ཀྱིས་ངའི་རྩོད་ཟླ་མི་ཡོང་བས། ངའི་སྲིང་མོ་འདི་དང་རྩོད་ཅིག་ཟེར་བ་ལྟར། སྲིང་མོ་ལྷ་མོ་ཨུ་མས་རྩོད་དུ་བྱུང་བས། དགེ་བསྙེན་ངོ་ཚ་མེད་པས་ལུས་གཅེར་བུར་ཕྱུང་བ་མཚན་མ་གྱེན་དུ་བསྒྲེངས་པ་ཞིག་ཏུ་སྤྲུལ་བས་ལྷ་མོ་ཨུ་མ་ངོ་ཚ་ནས་བྲོས་པས་རྟ་དབྱངས་ངོ་གནོང་ཞིང་སྐྱེངས་པར་གྱུར། འོན་ཀྱང་སྔར་དབང་ཕྱུག་གིས་མཆོག་བྱིན་པར་བརླམས་ཏེ་སློབ་དཔོན་དང་ལྷན་ཅིག་རྩོད་པ་ལ་ཞུགས་པ་ན། རྟ་དབྱངས་ཀྱི་འདོད་ཚུལ་རྣམས་སློབ་དཔོན་གྱིས་དྲི་མ་མེད་པའི་རིགས་པ་སྟོང་ཕྲག་གིས་སུན་ཕྱུངས་ཏེ། རྟ་དབྱངས་རྣམ་པ་ཀུན་ཏུ་ཕམ་པར་མཛད།

རྟ་དབྱངས་ཀྱི་མགོ་ལ་ལྷམ་སྐྲད་བཏགས་པས་དབང་ཕྱུག་འཇུག་མ་ནུས། ཕྱིས་ཁོས་ལྷམ་སྐྲད་བོར་བས་ཞུགས་ཏེ་བརྩད་པས་མཐར་ཤིན་ཏུ་ཕྲ་བས་དཔལ་མོས་ཀྱང་མ་གོ་སྟེ་ཚར་བཅད། ཅེས་པ་ལྟར། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[10]། དེར་རྩོད་པས་མ་ཐུབ་པས་དབང་ཕྱུག་ཆེན་པོ་ལུས་ལ་ཞུགས་སུ་རེ་སྟེ་མ་ཞུགས་པས་ཁོ་ཕམ་སྟེ་གྱེན་དུ་བལྟས་པ་དང་གདུགས་ཀྱི་འོག་ཏུ་ཀོ་རུལ་འདུག་པ་མཐོང་ནས་བཅད་དེ་བསྐྱུར་བ་དང་། དབང་ཕྱུག་ཁོའི་ལུས་ལ་ཞུགས་ཏེ་རྩོད་པས། དང་པོར་དེ་ན་གནས་པ་རྣམས་ཀྱིས་གོ །བར་དུ་ཅུང་ཟད་རེ་ལས་མ་གོ །ཐ་མར་སྔར་མ་གྲགས་པ་འབའ་ཞིག་གིས་རྩོད་པས་སློབ་དཔོན་རྒྱལ་ཡང་སུས་ཀྱང་མ་གོ །ཞེས་ཀྱང་བྱུང་ངོ་།།

ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་མཁས་པའི་དགའ་སྟོན་ལས[11]། ཁོས་མིག་གསུམ་ནས་མེ་ཕྱུང་བས་སློབ་དཔོན་གྱིས་ཞབས་ལ་སྤྱན་བཅུ་གཉིས་སྤྲུལ་ནས་མནན་པས་ཁོ་འགྱེལ་ཏེ་བརྒྱལ། སངས་པ་དང་ཚངས་པའི་འཇིག་རྟེན་དུ་འབྲོས་སོ་སྙམ་ནས་དབང་ཕྱུག་གི་མཐུས་ནམ་མཁའ་ལ་བྲོས། སློབ་དཔོན་གྱིས་ཀྱང་དེད་དེ། དེ་ཡན་ལ་རླུང་སྤུ་གྲིའི་རེག་པ་ཅན་བྱ་བ་ཐམས་ཅད་དུམ་བུར་བྱེད་པ་ཡོད་པས་མ་འགྲོ། ཡིད་མ་ཆེས་ན་སྐྲའི་ལ་བ་ཆོད་ལ་སྐྱུར་གསུངས་ནས་ཁོས་དེ་བཞིན་བྱས་པས་ཕྱེ་མར་སོང་སྟེ་བབ་བྱུང༌། ད་དུང་ཅུང་ཟད་སོང་བ་ན་རལ་གྲི་ཕྱོར་གསུངས་པས་ལྕགས་ཀྱི་ཕྱེ་མར་སོང༌། འདིས་སྙིང་རྗེས་ཁྱད་པར་དུ་འཕགས་པར་འདུག་སྙམ་ནས་དད་པ་ཐོབ་པར་ཁ་ཅིག་འཆད། ཅེས་གསལ་ལ། དེ་བཞིན་ཀུན་མཁྱེན་ཆོས་འབྱུང་དུ་དེ་དང་ཕྱོགས་མཚུངས་སུ་གསལ་ཞིང་། དེ་བཞིན་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[12]། དབང་ཕྱུག་གིས་གནང་བའི་སྲིང་མོ་པཎྜི་ཏ་དང༌། ནེ་ཙོ་དང༌། ཐོད་ལེ་ཀོར་རྣམས་དགེ་བསྙེན། བྱི་ལ། མར་ནག་གསུམ་གྱིས་བཏུལ་ནས་མུ་སྟེགས་དང་བརྩད་པས་སློབ་དཔོན་རྒྱལ་ན་མུ་སྟེགས་རྟ་དབྱངས་ནང་པར་བཅུག །འདིས་ནི་དགོས་པའི་དབང་གིས་མུ་སྟེགས་ཀྱི་ཚུལ་བསྟན་པ་ཙམ་དུ་སེམས་ཏེ། འདི་སངས་རྒྱས་ཀྱིས་ལན་གཉིས་ལུང་བསྟན་པ་མཐོང་བའི་ཕྱིར་རོ། །རབ་ཏུ་བྱུང་ནས་སློབ་དཔོན་རྟ་དབྱངས་ཞེས་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ཀུན་ལ་མཁས་པའི་དབང་པོར་འགྱུར། དེའི་རྐྱེན་གྱིས་མུ་སྟེགས་པ་མང་པོ་ཞིག་ཀྱང་ནང་པར་ཞུགས། ཞེས་གསུངས།

དེ་ནས་རྟ་དབྱངས་ཀྱིས། ད་རྫུ་འཕྲུལ་འགྲན་ཟེར་བས་བརྒྱ་བྱིན་མིག་སྟོང་ཡོད་པ་ཞིག་ཏུ་སྤྲུལ་བར་སློབ་དཔོན་གྱིས་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ཏེ་ཟིལ་གྱིས་མནན། རྟ་དབྱངས་ཀྱི་ཁ་ནས་མེ་ཕྱུང་བ་སློབ་དཔོན་གྱི་ཞལ་ནས་ཆུ་ཕྱུང་སྟེ་བསད། རྟ་དབྱངས་ཀྱིས་ནམ་མཁར་དཀྱིལ་འཁོར་བྲིས་པ་སློབ་དཔོན་གྱིས་རྫུ་འཕྲུལ་གྱི་རླུང་གིས་བསུབས་པས། རྩོད་པ་[13]དང༌། ནུས་པ། རྫུ་འཕྲུལ་སོགས་སྒོ་དུ་མ་ནས་རྟ་དབྱངས་ཕམ་པས་ན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་ལས[14]།

མངལ་སྐྱེས་གཞན་གྱིས་མི་འདུལ་བའི། །མཆོག་སྦྱིན་ཐོབ་པའི་མུ་སྟེགས་ཅན། །

དྲེགས་ཅན་སངས་རྒྱས་བསྟན་པ་ལ། །འཇུག་མཛད་ཀུན་གྱིས་བཀུར་ཁྱོད་ནི། །

ཞེས་དང་། རོང་སྟོན་སྨྲ་བའི་སེངྒེས་ (1367-1449) མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས་[15]ཀྱང་།

དབང་ཕྱུག་གྲུབ་པའི་མུ་སྟེགས་རྫུ་འཕྲུལ་ཅན། །འགྲན་ཟླ་མེད་པར་ཚར་བཅད་རྗེས་སུ་བཟུང༌། །

དབུ་མའི་རིང་ལུགས་སྨྲ་བ་ཀུན་གྱི་གཙོ། །སློབ་དཔོན་འཕགས་པ་ལྷ་ལ་ཕྱག་འཚལ་ལོ། །

ཞེས་རྒྱ་ཆེར་བསྔགས་པ་མཛད་ལ། དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་སློབ་དཔོན་ཨཱརྱ་དེ་བ་ལ་བསྟོད་པ་འཕགས་པ་དགྱེས་པའི་གླུ་དབྱངས་ལས[16]། དེ་ཚེ་རྒྱ་གར་ལྷོ་ཕྱོགས་ན། །བྲམ་ཟེ་མུ་སྟེགས་རྟ་དབྱངས་ཞེས། །ཐུན་མོང་རིག་པའི་གནས་ལ་མཁས། །དབང་ཕྱུག་ཆེན་པོས་མངལ་སྐྱེས་ཀྱིས། །མི་ཐུབ་མཆོག་བྱིན་མངོན་སུམ་དུ། །ཚངས་པ་ཁྱབ་འཇུག་ཨུ་མ་གསུམ། །རྩོད་པའི་གྲོགས་སུ་བྱིན་པ་དེས། །
རྒྱ་གར་ཤར་ཕྱོགས་མཁས་པ་རྣམས། །ཕལ་ཆེར་ཕམ་བྱས་དེ་ཡི་མ། །སངས་རྒྱས་བསྟན་ལ་རབ་གུས་པས། །ཡིད་མ་རངས་ཏེ་ནཱ་ལེནྡྲར། །བཏང་ན་མཁས་པས་ཚར་བཅད་དེ། །སངས་རྒྱས་བསྟན་ལ་འཇུག་པ་ཡང་། །སྲིད་དོ་སྙམ་ནས་བུ་ཁྱོད་ཀྱིས། །ཕམ་བྱས་འདི་ནི་ཆུ་ཐིགས་ཙམ། །ཕྱོགས་ལས་རྣམ་པར་རྒྱལ་འདོད་ན། །མཁས་མང་རྒྱ་མཚོའི་ཀློང་གྱུར་པ། །དབུས་སུ་སོང་སྟེ་མཁས་རྣམས་ཀུན། །རྩོད་པས་རྒྱལ་ན་གྲགས་སྙན་འབར། །དེ་ལྟར་གྱིས་ཤིག་ཟེར་བ་ལྟར། །ནཱ་ལེནྡྲ་ཡི་པཎྜི་ཏ། །སྟོང་དང་ལྔ་བརྒྱའི་མདུན་ས་ཆེར། །ཁོ་དང་རྩོད་པར་ནུས་པ་ཡི། །མཁས་པ་སུ་ཡོད་དྲིལ་བསྒྲགས་པས། །མཁས་རྣམས་ཞུམ་སྟེ་དཔལ་གྱི་རིར། །ཀླུ་སྒྲུབ་ཡབ་སྲས་བཞུགས་པའི་དྲུང་། །སྤྲིང་པ་བཏང་བར་རིགས་ན་ཡང་། །བཤུལ་ཐག་རིང་བས་གཏོལ་མེད་བགྲོས། །པཎྜི་ཏ་འགའ་ཡི་རྨི་ལམ་ལྟར། །འཕྲིན་ཡིག་གཏོར་མའི་མགོར་བཞག་སྟེ། །ཆོས་སྐྱོང་མགོན་པོར་མཆོད་གཏོར་ཚོགས། །ལེགས་པར་ཕུལ་ནས་འཕྲིན་ལས་བཅོལ། །རང་བྱོན་རྡོ་སྐུའི་ཐུགས་ལས་བྱུང་། །སྤྲུལ་པའི་བྱ་རོག་ཕོ་ཉར་མངགས། །འཕྲིན་ཡིག་དཔོན་སློབ་ཕྱག་ཏུ་གཏད། །དེ་ཚེ་དཔོན་སློབ་བཀའ་བགྲོས་བྱས། །རྗེ་འདི་ཉིད་ཀྱིས་འདུལ་སྐལ་གཟིགས། །འཕྲུལ་གྱིས་བྱོན་པའི་ལམ་བར་དུ། །ཤིང་གི་ལྷ་མོས་མིག་སློང་བར། །སྤྱན་གཅིག་སྟེར་ལ་གསོལ་བ་འདེབས། །འཕགས་ལྷ་བྱོན་ཞེས་ཕྱོགས་ཀུན་གྲགས། །ཕྱི་ནང་པཎྜི་ཏ་འབུམ་ཕྲག་འདུས། །གང་རྒྱལ་བསྟན་པར་འཇུག་དམ་བཅའ། །སློབ་དཔོན་གྱིས་ནི་དགེ་བསྙེན་དང་། །དྲག་པོ་མིག་གསུམ་ལྡན་པ་དང་། །བརྒྱ་བྱིན་མིག་སྟོང་ལྡན་ན་ཡང་། །དེ་ཉིད་མཐོང་མིན་ཨཱརྱ་ང་། །མིག་གཅིག་ཡིན་ཡང་སྲིད་གསུམ་པོ། །མ་ལུས་དེ་ཉིད་མཐོང་ངོ་ཞེས། །བདེན་གསུང་སྩལ་ལ་གསོལ་བ་འདེབས། །སྲིང་མོ་སོགས་དང་རྩོད་གྱིས་ཟེར། །དགེ་བསྙེན་ངོ་ཚ་མེད་པ་ཡིས། །ཨུ་མ་དེ་བ་སྐྱེངས་ཏེ་བྲོས། །སྤྲུལ་པའི་བྱི་ལས་ཚངས་པ་ཡི། །པཎྜི་ཏ་ནེ་ཙོའི་མགྲིན་པ་བཅད། །དེ་མཐོང་མ་ཁོལ་སློབ་དཔོན་ལ། །ཁྱོད་ལ་སྡིག་ཏུ་མི་འགྱུར་རམ། །སྡིག་སྦྱོང་ང་ཡི་སློབ་དཔོན་འདུག །དེས་སྦྱོང་ཁྱོད་ལ་ཕན་ནམ་ཟེར། །བྱི་ལས་སྡིག་བྱས་བདག་གནོད་དམ། །བྱས་པས་མ་ཁོལ་ལན་མེད་གྱུར། །ཐུགས་རྗེ་སྣུམ་གྱི་ཐིགས་པ་ཡིས། །ཁྱབ་འཇུག་ཐོད་ལེ་ཀོར་བསུབས་ཤིང་། །ཁྲི་སྟེང་ལྷམ་བཀྲད་སོགས་བཏགས་པས། །ལྷ་ཆེན་མ་འཁོར་རིང་དུ་བྲོས། །ལྟར་སྣང་ལུང་རིགས་སྐད་ངན་སྒྲོགས། །སློབ་དཔོན་ཕྱག་སྟོང་སྤྲུལ་པས་མནན། །ཐུབ་དཀའ་ནག་ཅེས་འབྱུང་པོའི་བྱ། །སྤོབས་མེད་ཕམ་ལ་གསོལ་བ་འདེབས། །ལུང་རིགས་རྡོ་རྗེའི་མེ་ཆར་གྱིས། །ལོག་ལྟའི་བྲག་རི་ཀུན་བཤིགས་ཚེ། །རྫུ་འཕྲུལ་འགྲན་ཟེར་མིག་སྟོང་སྤྲུལ། །སློབ་དཔོན་ཕྱག་སྟོང་སྤྲུལ་པས་མནན། །ཁ་ནས་མེ་ཕྱུང་ཞབས་མཐིལ་ནས། །ཆུ་ཕྱུང་བ་ཡིས་བསད་པ་སོགས། །ཅི་བྱ་གཏོལ་མེད་གྱུར་པའི་ཚེ། །ཀུན་གྱི་མིག་ངོར་ལྷ་ཆེན་གྱིས། །བདག་ནི་བསླུས་ཞེས་སྨྲེ་སྔགས་བཏོན། །ལྷ་ཆེན་སྙེགས་སྙམ་མཁའ་ལ་བྲོས། །ཕྱི་བཞིན་འཕུར་བས་སླར་བཀུགས་མཛད། །མཐུ་སྟོབས་ཅན་ལ་གསོལ་བ་འདེབས། །ཞེས་སྙིང་པོ་བསྡུས་ནས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཞལ་འདོན་ཕྱོགས་བསྡེབས་བདེ་ནས་བདེ་བར་བགྲོད་པའི་ཐེམ་སྐས། ཐེ་ཝན་པར་མ། ༢༠༠༨ ལོ། ཤོག་གྲངས་ ༡༠༡

[2]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༨

[3]  ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༦༠

[4]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༨

[5]  ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥།༤ ཤོག་ ༡༣༧

[6]  ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༦།༡ ཤོག་ ༡༥༢

[7]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༩

[8]  ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༦༠

[9]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༩

[10]  ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༦༡

[11]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༩

[12]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུ་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༥༡

[13]  རྩོད་པ། རང་གཞན་གཉིས་ཀའི་རིགས་པའི་གཞུང་ལུགས་ལ་མཁས་པ་ཞིག་གིས་ཕན་ཚུན་རྩོད་པ་བྱེད་པའི་ཚེ། ༡ ཁས་ལེན་འཛིན་པོ་ཕྱོགས་སྔ་མས་རང་གི་འདོད་པ་གསལ་པོར་བརྗོད་པ། རང་གི་འདོད་པ་མ་ཡིན་མི་བརྗོད་པ། ༢ དེ་ལ་རྩོད་པ་འགོད་མཁན་གྱིས་སྐྱོན་ཡིན་པའི་ཕྱོགས་བརྗོད་པ་ལས་སྐྱོན་མ་ཡིན་ པའི་ཕྱོགས་མི་བརྗོད་པ། ༣ དྲི་བ་བཀོད་པའི་ཚེ་དོན་གཅིག་དམིགས་སུ་བཀར་ནས་འདྲི་བ་ལས་དོན་མང་པོ་མཉམ་དུ་མི་འདྲི་བ། ༤ དྲི་བ་འགོད་པ་དང༌། ལན་འདེབས་པ། སྐྱོན་བརྗོད་པ་གང་གི་སྐབས་སུ་ཡང་གཞན་ཕྱོགས་ལ་སྨ་འབེབས་ཀྱི་ཚིག་མི་བརྗོད་པ། ༥ ལུས་ངག་གི་རྣམ་འགྱུར་དྲག་པོའི་སྒོ་ནས་གཞན་ཕྱོགས་ཟིལ་གྱིས་མི་གནོན་པ། ༦ ཚིག་མྱུར་བུལ་རན་པའི་སྒོ་ནས་ཉན་པ་པོ་གོ་བདེ་བ། ༧ སྐབས་སུ་བབས་པའི་གནད་དོན་ལ་གཡོལ་ཐབས་མི་བྱེད་པ། ༨ ཕ་རོལ་པོས་ཁས་མི་ལེན་པའི་ལུང་དང་གཏན་ཚིགས་གཞན་ལ་བཙན་འགེལ་མི་བྱེད་པ། ༩ ཕ་རོལ་པོ་ལ་གོ་བ་སྐྱེད་པའི་གཏན་ཚིགས་རིག་པ་རྣོ་ཞིང་ཟབ་པ། ༡༠ ཕ་རོལ་པོས་ཁས་ལེན་པའི་མཐུན་དཔེ་དང་མི་མཐུན་པའི་དཔེ་འགོད་རྒྱུ་ཡོད་པ། ༡༡ ཕ་རོལ་པོ་རང་ཉིད་ཀྱིས་ཁས་ལེན་པའི་ལུང་ཚད་མའི་དཔང་པོ་ཡོད་པ། ༡༢ ལན་འདེབས་པ་པོ་ཡང་མགོ་གཅིག་པའི་ལན་དང༌། རྣམ་པར་ཕྱེ་བའི་ལན་དང་། དྲི་བ་བཀོད་པའི་ལན་དང་། རེ་ཞིག་ལན་མི་གདབ་པར་འཇོག་པ་བཅས་ཀྱི་རྣམ་དབྱེ་ལ་མཁས་པ་དགོས་ཚུལ་སོགས་ཞིབ་པར་ས་པཎ་གྱི་གསུང་རྩོམ་མཁས་པ་ལ་འཇུག་པའི་སྒོ་རྩ་བ་དང་འགྲེལ་པ་སོགས་ལ་གཟིགས། (དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༦༨༢) ཞེས་གསལ་ལོ།།

[14]  འཕགས་པ་ལྷའི་རྟོགས་བརྗོད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༤ན༦

[15]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༧

[16]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཨཱརྱ་བསྟོད། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༧ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༩ ནས་ ༩༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *