ཆ༽ ཨཱརྱ་དེ་ཝ་པདྨ་ལས་ཇི་ལྟར་འཁྲུངས་ཚུལ།

ཆ༽ ཨཱརྱ་དེ་ཝ་པདྨ་ལས་ཇི་ལྟར་འཁྲུངས་ཚུལ།

 

དེ་ལྟར་བླ་མ་རྡོ་རྗེ་གདན་པ་དང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། འགྲོ་མགོན་ཆོས་རྒྱལ་འཕགས་པ། བུ་སྟོན་ཐམས་ཅད་མཁྱེན་པ། ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། མཁས་གྲུབ་དགེ་ལེགས་དཔལ་བཟང་། དཔལ་ལྡན་ཚུལ་ཁྲིམས་སོགས་ཀྱིས་སློབ་དཔོན་འཕགས་པ་ལྷ་རྫུས་སྐྱེས་སུ་བཞེད་པ་ལྟར། མཆིམས་འཇམ་པའི་དབྱངས་ (དུས་རབས་13པ།) ཀྱིས་མཛད་པའི་ཆོས་མངོན་ཀྱི་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་ལས[1]།

རྫུས་ཏེ་སྐྱེས་པ་ནི་བསྐལ་པ་དང་པོའི་མི་རྣམས་དང༌། འཕགས་པ་ལྷ་དང༌། མཚོ་སྐྱེས་ལ་སོགས་པ་བཞིན་ནོ། །ཞེས་སློབ་དཔོན་འཕགས་པ་ལྷ་སྐྱེ་གནས་བཞི་ལས་རྫུས་སྐྱེས་ཀྱི་དཔེ་མཚོན་དུ་གསུངས་ལ། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། ཨཱརྱ་དེ་ཝ་ནི་སིངྒྷ་ལའི་གླིང་དུ་པདྨ་ལས་རྫུས་སྐྱེས་སུ་བྱུང་། དེའི་རྒྱལ་པོས་བུར་བཟུང་། ཆེར་སྐྱེས་ནས་འཕགས་པ་ཀླུ་སྒྲུབ་ཀྱི་དྲུང་དུ་བྱོན་ཏེ་ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་དོ། །ཞེས་གསུངས་པ་ལྟར་པདྨ་ལས་རྫུས་སྐྱེས་སུ་འཁྲུངས་ཤིང་། དེ་རྗེས་སིངྒྷའི་རྒྱལ་པོས་བུར་བཟུང་བར་བཞེད་དོ།།

གཞན་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་ལས[3]།

སིངྒྷ་ལའི་ཡུལ་རྒྱལ་པོ་ཡི། །ཐུགས་ཀྱི་སྲས་གྱུར་དེ་ཉིད་ཀྱི། །

སྐྱེད་ཚལ་ཡིད་འོང་འདབ་བརྒྱ་པའི། །ལྟེ་བར་བརྫུས་ཏེ་འཁྲུངས་ཁྱོད་ནི། །

ཞེས་གསུངས་ལ། དེ་བཞིན་བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ་ལས་[4]ཀྱང་།

ཆུ་སྐྱེས་དབུས་འཁྲུངས་རིག་པའི་གནས་ཀུན་ལ། །སྤོབས་པ་མཆོག་བརྙེས་མུ་སྟེགས་རྒོལ་བ་ཀུན། །

ཡང་དག་ལྟ་བའི་ལམ་དུ་འཇུག་མཛད་པ། །ཨཱརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། མཁན་པོ་བསོད་ནམས་ཚེ་རྒྱལ་གྱིས་བསྒྲིགས་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ལས་[5]ཀྱང་། སིངྒ་ལའི་གླིང་དུ་པདྨ་ལས་བརྫུས་ཏེ་སྐྱེ་ཚུལ་བུ་སྟོན་སོགས་མཁས་པ་འགས་ཀྱང་དེ་ལྟར་འདོད། དེས་ན་ཡུལ་སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲཱིངྒྲ་ཞེས་བྱ་བའི་སྐྱེད་མོའི་ཚལ་ལམ་ལྡུམ་རའི་མེ་ཏོག་རྣམ་པ་སྣ་ཚོགས་པས་ཀུན་ཡིད་དུ་འོང་བ་ཞིག་པདྨའི་ཚང་ཚིང་གི་ཀློང་དེར་མེ་ཏོག་གཞན་རྣམས་ཉིན་ལ་ཁ་འབྱེད་ཅིང་མཚན་ལ་ཟུམ་ནས་དད་པར་འགྱུར། དེའི་ནང་ནས་མེ་ཏོག་གོང་བུ་གཅིག་ནི་ཡུན་རིང་མོ་ཞིག་ནས་ཁ་ཟུམ་ཞིང་ཁ་འབྱེད་པར་མི་སྤྲོ་བཞིན་འཁྱིལ། ཉིན་གཅིག་ལྡུམ་ར་བས་རྒྱལ་པོའི་དྲུང་དུ་དེ་བཞིན་ཞུས་པ་དང་། རྒྱལ་པོས་ཅི་ཡིན་ནམ་སྙམ་སྟེ་བརྟགས་པས་རིགས་སྲས་ངོ་མཚར་ཅན་ཞིག་བལྟམས་པའི་ལྟས་སུ་མངོན་ནོ་དགོངས་ཏེ་ལྡུམ་ར་བ་དེར་ལེགས་པར་དྲན་ཤེས་ཀྱིས་གཉེར་བར་གྱིས་ཤིག་གསུངས།

དེ་ནས་ནམ་ཞིག་དུས་སུ་བབས་པའི་སྐབས་ན་པདྨོའི་འདབ་མ་དེ་ཉིད་ཁ་བྱེ་བའི་སྦུབས་ནས་ཁྱེའུ་མཚན་ལྡན་ཡིད་དུ་འོང་བ་ཞིག་བཞད། རྒྱལ་པོའང་དེ་མ་ཐག་དགའ་ཞིང་ངོ་མཚར་ཏེ་རང་ཉིད་ལ་བུ་མེད་པས་བུར་བཟུང་ནས་བརྩེ་ཞིང་གུས་པས་བསྙེན་བཀུར་གྱིས་བསྐྱེད་དུ་བསྲིངས་ནས་ཆེར་ལོན་པ་ན་རྒྱལ་སྲིད་ལ་མངའ་གསོལ་ཡང་། དུས་མི་རིང་བ་ཞིག་ན་འཇིག་རྟེན་འདོད་ཡོན་གྱི་གནས་ལ་སྙིང་པོ་མེད་པར་གཟིགས་ནས་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ཏེ་ཁྱིམ་ནས་ཁྱིམ་མེད་པར་མཁན་པོ་ཧི་མ་དེ་བ་ལས་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་གྱུར་ཏེ་མཚན་ལ་ཨཱརྱ་དེ་ཝ་ཞེས་གསོལ་བ་ནི། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག་ལས[6]། རེ་ཞིག་དུས་ན་རྒྱལ་པོའི་ལྡུམ་རའི་ནང་༔ མཚོ་དཀྱིལ་མེ་ཏོག་པདྨའི་སྡོང་པོ་ལ༔ མེ་ཏོག་མང་པོ་ཉིན་པར་ཁ་འབྱེད་ཅིང་༔ མཚན་མོ་ཁ་ནི་ཟུམ་ནས་སྡོད་པ་ལ༔ པདྨ་གཅིག་ནི་ཉིན་ཡང་ཁ་མ་བྱེ༔ ལྡུམ་ར་བས་ནི་རྒྱལ་པོར་དེ་ལྟར་བསྙད༔ རྒྱལ་པོའི་ཞལ་ནས་གཉེར་ཀ་གྱིས་ཤིག་གསུངས༔ དེ་ནས་རྒྱལ་པོ་བཙུན་མོ་འཁོར་བཅས་ཀྱིས༔ གཟིགས་སུ་བྱོན་པས་པདྨ་ཁ་བྱེའི་དབུས༔ ཁྱེའུ་ལོ་བརྒྱད་ཟིལ་པ་ཕྲོམ་མེ་འདུག༔ རྒྱལ་པོས་མཁན་པོ་སུ་མི་ཏྲ་ལ་དྲིས༔ མཁན་པོའི་ཞལ་ནས་རྒྱལ་པོ་གསོན་ཅིག་གསུངས༔ དེ་ནི་ཤཱཀྱ་མི་ཏྲའི་སྐྱེ་བ་སྟེ༔ རྒྱ་གར་ཤར་ཕྱོགས་བྲམ་ཟེ་སབྟ་ལའི༔ བུ་ནི་ཤཱཀྱ་བཤེས་གཉེན་ཚེ་འཕོས་པ༔ དབང་ཕྱུག་ཆེན་པོའི་གྲུབ་ཐོབ་ནང་པའི་དགྲ༔ མ་ཏི་ཙི་ཏྲ་འདུལ་བའི་གཉེན་པོ་ཡིན༔ ཕོ་བྲང་སྤྱན་དྲོངས་བཀུར་སྟི་གྱིས་ཤིག་གསུང༔ དབང་བསྐུར་ཆོས་བཤད་ཨཱརྱ་དེ་བར་བཏགས༔ ཚངས་སྤྱོད་རབ་ཏུ་བྱུང་བར་ཞུ་ཕུལ་བས༔ སློབ་དཔོན་ཀླུ་སྒྲུབ་རབ་ཏུ་བྱུང་ལུང་བསྟན༔ མི་ལོ་ཉིས་བརྒྱ་བཞུགས་ནས་ཆོས་ལ་བཀོད༔ ཅེས་དཔལ་ནཱ་ལེནྡྲའི་མཁན་རབས་སློབ་དཔོན་ཤཱཀྱ་བཤེས་གཉེན་འདས་ནས་སྐུ་སྐྱེར་སློབ་དཔོན་ཨཱརྱ་དེ་ཝར་བལྟམས་པར་གསུངས་སོ།།

རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ (1884-1968) མཛད་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ་[7]ལས།

ཀླུ་སྒྲུབ་དགོངས་དོན་མཐའ་བྲལ་དབུ་མའི་ལམ། །ལམ་གྱི་སྙིང་པོར་གཟིགས་པའི་ལེགས་བཤད་གཏམ། །

གཏམ་དུ་སྨྲ་ལ་པདྨའི་སྦུབས་ནས་སྐྱེས། །སྐྱེས་མཆོག་རྒྱལ་བས་ལུང་བསྟན་འཕགས་པ་ལྷ། །

ཞེས་གསུངས་པ་ལྟར་པདྨ་ལས་འཁྲུངས་པར་བཞེད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  མཆིམས་མཛོད་མངོན་པའི་རྒྱན། པོད། ༼ཀ༽ དཔེ་རིང་། ཤོག་གྲངས་ ༢༡༠ན༥

[2]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༥

[3]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༤ན༤

[4]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་གྲངས་ ༡ན༡

[5]  བསྟན་འཛིན་རྒྱ་མཚོའི་ཞལ་ལུང་། བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་། ༢༠༠༨ ལོ། ཤོག་གྲངས་ ༦༠

[6]  པདྨ་བཀའ་ཐང་། ཧྲཱི། སྐུ་འབུམ་བྱམས་པ་གླིང་། ཤིང་པར། དཔེ་རིང་ཤོག་གྲངས་ ༡༢༡ན༦

[7]  ཤེས་རབ་རྒྱ་མཚོའི་གསུང་འབུམ། གསུང་ཐོར་བུ། ༼༡༽ དཔེ་རིང་། ཤོག་གྲངས་ ༦༡བ༤ ནས་ ༦༢བ༣ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡ ནས་ ༣༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *