ཚ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།
དེ་ཡང་མཐའ་བྲལ་དབུ་མའི་དགོངས་དོན་གསལ་བར་མཛད་པའི་སྒོ་ནས་སློབ་དཔོན་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།
རྒྱལ་ཡུམ་དགོངས་དོན་མཐའ༌བྲལ་དེ་ཉིད་དོན། །རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ། །
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པའི་དོན་ནི། རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པའི་དགོངས་དོན་མཐའ་བརྒྱད་དང་བྲལ་བའི་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་ཀྱི་དོན་བསྟོད་ཚོགས་དང་། གཏམ་ཚོགས། རིགས་ཚོགས་ཏེ་ཚོགས་གསུམ་དང་། དེ་དག་ལས་ཀྱང་དབུ་མ་རིགས་ཚོགས་དྲུག་དང་། ཆོས་དབྱིངས་བསྟོད་པ། ལྷག་པར་དུ་རྩ་བ་ཤེས་རབ་ཀྱི་སྐབས་སུ་དངོས་ཤུགས་བརྒྱུད་འབྲེལ་གྱི་སྒོ་ནས་རིགས་པའི་རྒྱལ་པོ་རྟེན་འབྱུང་གི་རྟགས་ཀྱིས་མཚོན་པའི་མཐའ་བཞི་སྐྱེ་འགོག་དང་མུ་བཞི་སྐྱེ་འགོག་སོགས་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྒྲུབ་པའི་རིགས་ཚུལ་ཟབ་མོའི་རྣམ་གྲངས་མཐའ་ཡས་པས་ཆེས་ཤིན་ཏུ་གསལ་བར་མཛད་པའི་ངེས་དོན་གྱི་མཁས་པའི་དབང་པོ་སྟེ། དེ་ཡང་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས[2]།
མཁས་པའི་མཐར་སོན་ཤེར་ཕྱིན་སྤྱན་དྲངས་ཏེ། །དབུ་མའི་སྲོལ་ཕྱེ་ཆོས་སྒྲ་གསུམ་བསྒྲགས་པས། །
འཛམ་གླིང་འདི་ན་སངས་རྒྱས་གཉིས་པར་གྲགས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །
ཞེས་བསྔགས་པ་ལྟར་འཛམ་གླིང་འདིར་ཀུན་མཁྱེན་གཉིས་པའི་འཕགས་མཆོག་ཞབས་ཉིད་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་ཉིད་ཀྱིས་ཡང་ཡང་ལུང་དུ་བསྟན་པ་སྟེ། ལངྐར་གཤེགས་པའི་མདོ་དང་། འཇམ་དཔལ་རྩ་རྒྱུད། འཕགས་པ་སྤྲིན་ཆེན་པོ། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ། གསེར་འོད་དམ་པའི་མདོ། དུས་འཁོར་གྱི་རྒྱུད་ཕྱི་མ་བཅས་ལས་རྒྱལ་བའི་ལུང་གིས་ཡང་ཡང་བསྟན་པ་བཞིན། སྟོན་མཆོག་དོན་ཀུན་གྲུབ་པ་ཉིད་དགོངས་པ་མྱ་ངན་ལས་འདས་ཏེ་མི་ལོ་བཞི་བརྒྱ་སོང་རྗེས་ཉན་ཐོས་སྡེ་པ་དར་ཆེ་བའི་དབང་གིས་ཐེག་ཆེན་གྱི་སྡེ་སྣོད་ནུབ་པ་ལྟ་བུར་གྱུར་ཏེ་རིང་ཞིག་ལོན་པའི་སྐབས་སུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ (1884-1968) མཛད་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ་[3]ལས།
ཆོས་ཀུན་བདེན་པར་ཡོད་དང་ཐ་སྙད་དུ། །དུ་མ་དུ་བྲལ་གང་ཡང་མེད་པའི་ཕྱོགས། །
ཕྱོགས་བརྒྱར་འཇིག་བྱེད་ཡང་དག་ལྟ་བའི་སྲོལ། །སྲོལ་གྱི་མཆོག་ཏུ་འབྱེད་མཛད་ཀླུ་སྒྲུབ་ཞབས། །
ཞེས་བསྔགས་པ་བཞིན་ཐེག་ཆེན་གྱི་བསྟན་པ་སྤྱི་དང་། སྒོས་སུ་ཆོས་ཐམས་ཅད་དོན་དམ་པར་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་ཀྱང་། ཀུན་རྫོབ་ཐ་སྙད་སྒྱུ་མ་ཙམ་དུ་ཡོད་པའི་ཐེག་མཆོག་དབུ་མའི་གྲུབ་མཐའི་ལམ་སྲོལ་བཟང་པོ་ས་སྟེང་འདིར་ཐོག་མར་འབྱེད་པར་མཛད་པ་པོ་ཤིང་རྟ་ཆེན་པོ། རྒྱལ་བའི་བསྟན་པ་ལ་བཀའ་དྲིན་རྗེས་སུ་དྲན་སྒོ་ནས་ཀུན་མཁྱེན་གཉིས་པར་གྲགས་པའི་འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༧༡
[2] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ དཔེ་རིང་ཤོག་ ༣༡ན༢ ནས་ ༣༡བ༦ བར།
[3] ཤེས་རབ་རྒྱ་མཚོའི་གསུང་འབུམ། གསུང་ཐོར་བུ། ༼༡༽ དཔེ་རིང་། ཤོག་གྲངས་ ༦༡བ༤ ནས་ ༦༢བ༣ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༣ ནས་ ༣༩༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།