༥༽ བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ།

༥༽ བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ།

 

དེ་ཡང་སངས་རྒྱས་གཉིས་པ་སློབ་དཔོན་ཀླུ་སྒྲུབ་ཞབས་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།

འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང༌། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །

འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །

ཞེས་འཇིག་རྟེན་མི་ཆོས་དང་མཐུན་པར་བཙུན་མོ་ཁབ་ཏུ་བཞེས་ནས་དགུང་ལོ་ཉེར་དགུའི་བར་རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་སྟེ། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[2]།

རང་ལོ་ཉེར་དགུའི་བར་དུ་རྒྱལ་པོའི་སྲིད། །བསྐྱངས་ཚེ་འཇིག་རྟེན་མཐུན་དང་ལོག་རྟོག་རྣམས། །

སེལ་ཕྱིར་ས་འཚོ་གྲགས་འཛིན་གྱིས་མཚོན་པའི། །བཙུན་མོ་ཁབ་ཏུ་བཞེས་ལ་ཕྱག་འཚལ་ལོ། །

ཞེས་པ་ལྟར། བྱང་ཆུབ་སེམས་དཔའ་དགུང་ལོ་བཅུ་དྲུག་ཏུ་ཕེབས་པ་ན་ཡབ་ཀྱིས་བཀས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་ལ་རྒྱལ་རྟགས་སུ་བཞག་སྟེ། འཇིག་རྟེན་དུ་ཡོན་ཏན་གྱི་ཁྱད་པར་མངོན་སུམ་དུ་བསྟན་ཏེ་ཁབ་ཏུ་བཞེས། བུད་མེད་ཀྱི་རྒྱན་ཐམས་ཅད་ཀྱིས་མཛེས་པ་གྲགས་འཛིན་མ་དང༌། རི་དྭགས་སྐྱེས་མ་བཅས་གྲོགས་སུ་བསུས། བཙུན་མོའི་འཁོར་ཕུན་སུམ་ཚོགས་པའི་དབུས་སུ་འདོད་པའི་ཡོན་ཏན་གྱི་དཔལ་ལ་འཇིག་རྟེན་དང་མཐུན་པར་ཡོངས་སུ་རོལ་བའི་མཛད་པ་བསྟན། ཁྱད་པར་དུ་བསོད་ནམས་དང་ཐུགས་བསྐྱེད་ལས་སྨིན་པའི་བཙུན་མོ་གྲགས་འཛིན་མ་ལ་རིགས་འཁྲུལ་བ་མེད་པའི་སྲས་སྒྲ་གཅན་འཛིན་བསྐྲུན་པར་མཛད། མདོར་ན། འཇིག་རྟེན་གྱི་སྤྱོད་པ་དང་ཡོངས་སུ་མཐུན་པར་བྱ་ཕྱིར། ས་མཚོ་མ་དང༌། གྲགས་འཛིན་མ་དང༌། རི་དྭགས་སྐྱེས་མ་ལ་སོགས་པའི་བཙུན་མོ་དང་བློན་པོའི་འཁོར་དུ་མ་དང་བཅས་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་ནས་རྩེ་དགས་རོལ་ཞིང་རྒྱལ་སྲིད་ཀྱི་བྱ་བ་མཛད་དོ།།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥

[2]  ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤ ནས་ ༢༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *