༢༽ ལྷུམས་སུ་ཞུགས་པའི་མཛད་པ།
དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[1]།
ཡེ་ཤེས་གཟིགས་པ་ལྔ་ཡིས་བསམས་བཞིན་དུ། །སྤྲིན་དཀར་གཡོ་འདྲའི་ལག་ལྡན་རྣམ་རོལ་གྱིས། །
སྒྱུ་འཕྲུལ་ཆེན་མོའི་ལྷུམས་ཀྱི་གཞལ་མེད་ཁང་། །ཀུན་ནས་མཛེས་པར་མཛད་ལ་ཕྱག་འཚལ་ལོ། །
ཞེས་ཡུལ་དུས་དང་། རིགས་རུས། ཡུམ་བཅས་གཟིགས་པ་ལྔ་ལ་གཟིགས་ནས་ཡུམ་གྱི་ལྷུམས་སུ་ཞུགས་པར་གསུངས་ལ། དུས་ནམ་ཞིག་ཚུལ་ཇི་ལྟར་དུ་ཞུགས་པ་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[2]།
ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན། །སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། །
གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི། །རྣམ་པས་ལྷུམས་སུ་ཞུགས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། ཡུམ་སྒྱུ་འཕྲུལ་ལྷ་མོ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་གསོ་སྦྱོང་གི་སྡོམ་པ་ལ་ཡང་དག་པར་གནས་པའི་མཚན་མོར་གཟིམ་རྨིས་སུ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་དང་ལྡན་པ་ཞིག་ལུས་ལ་ཐིམ་པ་རྨིས་ཤིང༌། དེ་དང་དུས་མཉམ་པར་རྒྱལ་པོ་ཟས་གཙང་མའི་ཁྱིམ་དུ་ལྟས་བཟང་བརྒྱད་དེ། ༡༽ ས་གཞི་མཉམ་ཞིང་རྡུལ་གྱི་དྲི་མས་དབེན་ལ་ཆག་ཆག་བཏབ་པ་དང་། ༢༽ ཕྱེ་མ་ལེབ་དང་སྦྲང་བུ་དུག་སྦྲུལ་དང་བྲལ་ཞིང་མེ་ཏོག་སྣ་ཚོགས་བཀྲམ་པ། ༣༽ གངས་རིའི་བྱ་དང་ཁུ་བྱུག་སོགས་ཁྱིམ་གྱི་སྟེགས་བུ་སོགས་སུ་བབས་ནས་སྐད་སྙན་སྒྲོག་པ། ༤༽ ཀུན་དགའ་ར་བ་དང་སྐྱེད་ཚལ་གྱི་སྦྲང་རྩིའི་རྒྱལ་མཚན་རྒྱས་པ། ༥༽ རྫིང་བུ་རྣམས་པདྨ་འདབ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་མཛེས་པར་ཁེབས་པ། ༦༽ མར་དང་སྦྲང་རྩི་སོགས་ལོངས་སྤྱོད་ཀྱང་ཟད་པ་མེད་པར་གྱུར་ཅིང་རོལ་མོ་རྣམས་མ་ཁྲོལ་རང་སྒྲ་སྒྲོག་པ། ༧༽ རིན་ཆེན་སྣ་བདུན་གྱིས་སྣོད་རྣམས་གང་བ། ༨༽ ལུས་སེམས་བདེ་བར་བསྐྱེད་པའི་འོད་ཀྱི་སྣང་བ་བཅས་ངོ་མཚར་བ་མང་དུ་བྱུང༌ངོ་།།
ཡུམ་གང་དེ་ནས་བཟུང་སྟེ་བསམ་གཏན་ལ་སྙོམས་པར་ཞུགས་པ་ལྟ་བུའི་དགའ་བ་དང་བདེ་བ་བཅས་ཏེ་ཟླ་བ་བཅུ་རིང་སོང༌། ཡུམ་སྒྱུ་འཕྲུལ་ལྷ་མོ་ནི་བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ཞིང་། ཡོན་ཏན་མ་ལུས་པ་དང་ལྡན་པ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་སྐྱེས་ཐུབ་པའི་བསོད་ནམས་དང་ཡོན་ཏན་ལ་སོགས་པའི་ཁྱད་པར་མང་པོ་དང་ལྡན་ཞིང༌། སློབ་པའི་གནས་སྐབས་ནས་བཟུང་སྟེ་སངས་རྒྱས་ཀྱི་ཡུམ་བྱེད་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་ཡུལ་སེར་སྐྱ་དང༌། རིགས་རྒྱལ་པོ། རུས་བུ་རམ་ཤིང་པ་ཤཱཀྱའི་རྒྱུད། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོ་བཅས་གཟིགས་པ་ལྔ་ལས་ཡུམ་ལ་གཟིགས་པ་སྔོན་ལམ་བཏབ་པའི་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་བཞུགས་སོ།།
གཞན་ཡང་༸རྒྱལ་བ་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་དུས་ཆེན་ངོས་འཛིན་ལས[3]།
ས་ག་ཞེས་གྲགས་ཧོར་ཟླ་བཞི་པ་ཡི། །དཀར་པོའི་ཕྱོགས་ཀྱི་ཚེས་པ་བཅོ་ལྔ་ལ། །
ཐུབ་དབང་ལྷུམས་ཞུགས་མངོན་པར་བྱང་ཆུབ་དང་། །མྱ་ངན་འདས་པའི་དུས་ཆེན་ཡིན་པར་གསུངས། །
ཞེས་གསུངས་པ་ལྟར། ས་ག་ཟླ་བའི་ཚེས་བཅོ་ལྔར་སྟོན་པ་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། མངོན་པར་བྱང་ཆུབ་པ། སྐུ་མྱ་ངན་ལས་འདས་པའི་མཛད་པ་དུས་ཆེན་གསུམ་འཛོམས་ཡིན་པར་གསུངས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་ ༣༧ན༡
[2] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧
[3] ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༤༦ ནས་ ༤༨ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤ ནས་ ༡༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།