༡༽ དགའ་ལྡན་གནས་ནས་འཕོ་བའི་མཛད་པ།
དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།
ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །
རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། དགའ་ལྡན་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཏེ་ལྷའི་གནས་དགའ་ལྡན་དུ་ལྷའི་འཁོར་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས། བྱང་སེམས་དམ་པ་ཏོག་དཀར་པོ་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་འབྱོན་པར་ཉེ་བ་ན། གང་དུ་སྐུ་བལྟམས་པའི་གནས་ལུམྦི་ནིའི་ཚལ་དུ་བཀྲ་ཤིས་དགེ་མཚན་གྱི་ལྟས་བཟང་བཅུ་བྱུང་ཞིང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[2]།
བདེ་གཤེགས་ཀྱིས་བསྐུལ་ཅོད་པན་མ་ཕམ་དབུར། །བཅིངས་ཏེ་གཟིགས་པ་ལྔ་ཡིས་འཛམ་གླིང་འགྲོ། །
ཡང་དག་ལམ་ལ་བཀྲི་ཕྱིར་དགའ་ལྡན་ནས། །འཕོ་མཛད་དམ་པ་ཏོག་དཀར་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་དེ་ཉིད་དགའ་ལྡན་ལྷའི་ཡུལ་དུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏེ་དགའ་ལྡན་པ་རྣམས་ལ་ཡང་དག་པའི་ཆོས་སྟོན་པར་མཛད། དེའི་ཚེ་སྔོན་གྱི་སྨོན་ལམ་གྱི་མཐུ་དང༌། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས་འཛམ་གླིང་གི་ཚེ་ལོ་བརྒྱ་པའི་སེམས་ཅན་རྣམས་འདུལ་བའི་དུས་ལ་བབས་པར་མཁྱེན་ནས་ཡུལ་སེར་སྐྱ་དང༌། རིགས་རྒྱལ་པོ། རུས་བུ་རམ་ཤིང་པ་ཤཱཀྱའི་རྒྱུད། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོ་བཅས་གཟིགས་པ་ལྔ་ལ་གཟིགས་ཏེ་དགའ་ལྡན་གྱི་གནས་ནས་འཕོ་བར་མཛད་དོ།།
དེ་ཡང་གཟིགས་པ་ལྔ་ལ་གཟིགས་པ་ནི། འདུལ་བ་གཞི་བམ་པོ་གྱ་གཅིག་པ་ལས[3]། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་འཇིག་རྟེན་ལ་གཟིགས་པ་ལྔས་གཟིགས་པར་མཛད་དེ། རིགས་ལ་གཟིགས་པ་དང་། ཡུལ་ལ་གཟིགས་པ་དང་། དུས་ལ་གཟིགས་པ་དང་། རྒྱུད་ལ་གཟིགས་པ་དང་། བུད་མེད་ལ་གཟིགས་པའོ།།
བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་རིགས་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རིགས་ཇི་ལྟ་བུ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། བྲམ་ཟེའི་རིགས་སམ། རྒྱལ་རིགས་ཀྱི་རིགས་སུ་ཡིན་ལ། དེ་ལ་རེས་འགའ་ནི་བྲམ་ཟེའི་རིགས་བཙུན་པར་བཀུར། རེས་འགའ་ནི་རྒྱལ་རིགས་ཏེ། ད་ལྟ་ནི་རྒྱལ་རིགས་བཙུན་པར་བཀུར་བར་གཟིགས་ནས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་རིགས་ངན་པར་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་རྒྱལ་རིགས་སུ་ཉིང་མཚམས་སྦྱོར་བ་བླང་བར་བྱའོ་སྙམ་མོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཐོག་མ་མེད་པའི་དུས་ནས། སྨད་པར་མི་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་རྣམས་རིགས་ལ་གཟིགས་པར་མཛད་དོ།།
བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་ཡུལ་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཡུལ་ཇི་ལྟ་བ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། འབྲས་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། སློང་མོ་བ་བརྒྱ་འདུ་བ། མཐའ་འཁོབ་ཀྱི་སྐྱེ་བོ་མེད་པ། དབུས་པའི་སྐྱེ་བོ་གནས་པའི་ཡུལ་ཡིན་གྱིས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་ཡུལ་མཐའ་འཁོབ་རྣམས་སུ་ཉིང་མཚམས་སྦྱོར་བ་བླངས་སོ། །ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་ཡུལ་དབུས་སུ་ཉིང་མཚམས་སྦྱོར་བ་བླང་བར་བྱའོ་སྙམ་མོ།།
བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་དུས་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དུས་ཇི་ལྟ་བ་ཞིག་ཏུ་འཛམ་བུའི་གླིང་དུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། སྐྱེ་དགུའི་ཚེ་ལོ་ཡར་སྐྱེ་བ་ན་བརྒྱད་ཁྲི་ཐུབ་པ་ཡན་ཆད་ཉིང་མཚམས་སྦྱོར་བ་མི་ལེན་ལ། མི་རྣམས་ཀྱི་ཚེ་ལོ་མར་འགྲིབ་པ་བརྒྱ་ཐུབ་པ་མན་ཆད་ཉིང་མཚམས་སྦྱོར་བ་མི་ལེན་ནོ། །བྱང་ཆུབ་སེམས་དཔའ་རྒྱུ་གང་གིས་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ཡན་ཆད་ཉིང་མཚམས་སྦྱོར་བ་ལེན་པར་མཛད་ཅེ་ན། མི་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། ཡིད་འབྱུང་བར་དཀའ་ཞིང་སྐྱོ་བར་བྱ་བ་དཀའ་ལ། བླུན་ཞིང་དབང་པོ་རྟུལ་བ་དང་། བག་མེད་ཅིང་བདེ་བ་མང་བས། བདེན་པ་རྣམས་ནི་སྣོད་དུ་མི་འགྱུར་བའི་ཕྱིར་རོ། །མར་འགྲིབ་པ་ལོ་བརྒྱ་མན་ཆད་དུ་ཡང་སྙིགས་མ་ལྔ་པོ་འདི་ལྟ་སྟེ། ཚེ་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་ཤས་ཆེ་བ་ཡིན་པས། བདག་ལ་གཞན་དག་བྱང་ཆུབ་སེམས་དཔའ་སྙིགས་མ་ལྔ་ཤས་ཆེ་བའི་དུས་སུ་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་རོ་སྙམ་མོ།།
བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་རྒྱུད་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ཅི་འདྲ་བ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། རིགས་གང་ཞིག་བཙུན་པར་བཀུར་ཞིང་། མ་མེས་དང་ཕ་མེས་ཟུང་བདུན་གྱི་བར་སྤྱོད་པ་ལ་སྐྱོན་མེད་པ་ཡིན་པར་གཟིགས་ནས་དེ་འདི་སྙམ་དུ་དགོངས་ཏེ། ཤཱཀྱའི་རིགས་རྒྱུད་འདི་ནི་བཙུན་པར་བཀུར་ཞིང་མང་པོས་བཀུར་བ་ནས་བཟུང་སྟེ། སྤྱོད་པ་སྐྱོན་མེད་པ་ཡིན་གྱིས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔའ་རྒྱུད་ངན་པ་ལས་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་རྒྱལ་པོ་ཟས་གཙང་གི་རྒྱུད་དུ་ཉིང་མཚམས་སྦྱོར་བ་བླང་ངོ་སྙམ་མོ།།
བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གང་གིས་བུད་མེད་ལ་གཟིགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནི་འདི་སྙམ་དུ་དགོངས་ཏེ། བྱང་ཆུབ་སེམས་དཔའ་བུད་མེད་ཅི་འདྲ་ཞིག་གི་རུམ་དུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། བུད་མེད་གང་ཞིག་གཟུགས་བཟང་པོ་དང་ལྡན་པ། ཚུལ་དང་ལྡན་པ། རིགས་དང་ལྡན་པ། རྒོད་བག་ཅན་མ་ཡིན་པ། རིགས་འཕེལ་བར་འགྱུར་ཞིང་སྔོན་གྱི་སངས་རྒྱས་རྣམས་ལ་ཀྱེ་མའོ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བྱང་ཆུབ་སེམས་དཔའ་ཟླ་བཅུར་རུམ་དུ་འཛིན་ནུས་པ་དང་། རང་གི་དོན་ཡང་ཉམས་པར་མི་བྱེད་པར་ཡིན་པར་གཟིགས་ནས་འདི་སྙམ་དུ་དགོངས་ཏེ། སྒྱུ་འཕྲུལ་ཆེན་མོ་འདི་ནི་མ་མེས་དང་ཕ་མེས་ཟུང་བདུན་གྱི་བར་སྤྱོད་པ་ལ་སྐྱོན་མེད་ཅིང་། གཟུགས་དང་ལྡན་པ་དང་། ཚུལ་དང་ལྡན་པ། རྒོད་བག་ཅན་མ་ཡིན་པ་དང་། རིགས་འཕེལ་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་རུམ་དུ་ཟླ་བ་བཅུར་འཛིན་ནུས་པ་དང་། རང་གི་དོན་ཡང་མི་ཉམས་པ་འདི་ལྟར་སྒྱུ་འཕྲུལ་ཆེན་མོས་སྔོན་སངས་རྒྱས་རྣམས་ལ་ཀྱེ་མ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡང་ཡིན་པས། བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་མཚན་ངན་པ་དང་ལྡན་པའི་བུད་མེད་ཀྱི་རུམ་དུ་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་རོ་སྙམ་མོ། །ཞེས་གཟིགས་པ་ལྔ་ལ་གཟིགས་ཚུལ་གསལ་བར་བྱུང་ངོ་།།
གཞན་ཡང་གཟིགས་པ་ལྔ་ལ་གཟིགས་པའི་ཚུལ་ནི། རྗེ་བཙུན་བྱམས་པ་མགོན་པོས་ (C.250-350) ཐེག་པ་ཆེན་པོའི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་དང་པོ་ལས[4]།
སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང༌། །
སྤོབས་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པ་མཆོག་དང་ནི། །
རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །
ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང༌། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །
ཞེས་གཟིགས་པ་ལྔ་ལ་གཟིགས་ནས་སྐུ་འཁྲུངས་པར་གསུངས་པ་ལྟར། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་པད་དཀར་འཛིན་པ་ངུར་སྨྲིག་གར་རོལ་ལྔ་པ་སྡོམ་བརྩོན་རྒྱལ་པོའི་ཚུལ་འཆང་བ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན་ཡིད་ཀྱི་ཀུན་དགའ་ལས་[5]ཀྱང་། འཕགས་ཆེན་དམ་པ་རྣམས་གདུལ་བྱ་རྣམས་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་མཐུ་མ་ཚང་བ་མེད་པ་ཡོངས་སུ་འགྲུབ་པར་བཞེད་ཅིང་། ལྷ་ལ་སོགས་པ་འགྲོ་བ་མཐའ་ཡས་པའི་སྐད་དང་སྤྱོད་ཚུལ་མ་ལུས་པར་མཁྱེན་པ་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་དང་ལྡན་པ། ཤེས་བྱ་ཇི་ལྟ་ཇི་སྙེད་ཐུགས་སུ་ཆུད་པའི་སྤོབས་པ་ཆུ་བོ་ལྟར་མི་ཟད་པ། དེ་དག་མངལ་དུ་འཇུག་པར་བྱེད་པའི་ཡུལ་མཆོག་ཏུ་གྱུར་པ་ནི་རིགས་དང་རུས་དང་ཆོ་འབྲང་འཁོར་ལ་སོགས་པའི་གཟིགས་པའི་རྣམ་པ་རྒྱ་ཆེ་རོལ་པ་ལས[6]། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་སུ་དམ་པ་ན་འདུག་པ་ནི། རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དུས་ལ་རྣམ་པར་ལྟ་བ་དང༌། གླིང་ལ་རྣམ་པར་ལྟ་བ་དང༌། རིགས་ལ་རྣམ་པར་ལྟ་བའོ། །ཞེས་གཟིགས་པ་རྣམ་པ་བཞི་སོགས་གྲངས་མི་འདྲ་བ་གསུངས་ཀྱང༌། འདུལ་བ་གཞི་ལས[7]། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་འཇིག་རྟེན་ན་གཟིགས་པ་ལྔས་གཟིགས་པར་མཛད་དེ་རིགས་ལ་གཟིགས་པ་དང༌། ཡུལ་ལ་གཟིགས་པ་དང༌། དུས་ལ་གཟིགས་པ་དང༌། རྒྱུད་ལ་གཟིགས་པ་དང༌། བུད་མེད་ལ་གཟིགས་པའོ། །ཞེས་དང༌། མངོན་པར་བྱུང་བའི་མདོ་ལས[8]། རིགས་དང༌། ཡུལ་དང༌། དུས་དང༌། རྒྱུད་དང༌། བུད་མེད་དེ་གཟིགས་པ་ལྔར་གསུངས་པས་འདུལ་བ་དང༌། མངོན་འབྱུང་གི་དགོངས་པ་བོད་ཡུལ་དུ་གྲགས་ཆེ་ཞིང༌། རྒྱ་ཆེ་རོལ་པ་ལས[9]། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ལུས་འཕགས་པོར་མི་སྐྱེ། ནུབ་བ་ལང་སྤྱོད་དུ་མི་སྐྱེ། བྱང་སྒྲ་མི་སྙན་དུ་མི་སྐྱེ། ལྷོ་འཛམ་བུ་གླིང་ཁོ་ན་ལ་སྐྱེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐའ་འཁོབ་ཏུ་མི་སྐྱེ། ཅིའི་ཕྱིར་ན་མཐའ་འཁོབ་ཀྱི་ཡུལ་གང་ན་མི་རྣམས་དབང་པོ་བརྟུལ་ཞིང་བླུན་ལ་ལུག་ལྟར་ལྐུག་པའི་རང་བཞིན་ཅན་ལེགས་པར་བསྟན་པ་དང་ཉེས་པར་བསྟན་པ་ཤེས་པར་བྱ་བའི་སྐལ་བ་མེད་པ་དག་ཏུ་མི་སྐྱེ། བྱང་ཆུབ་སེམས་དཔའ་ནི་ཡུལ་གྱི་དབུས་ཉིད་དུ་སྐྱེའོ། །ཞེས་གསུངས་ལ། མདོར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[10]།
ཆོས་དབྱིངས་ངང་ལས་མ་གཡོས་དགའ་ལྡན་དུ། །དམ་པ་ཀུན་གྱི་ཏོག་མཛེས་རྣམ་དཀར་གྱིས། །
ལྷ་བཅས་འགྲོ་ལ་ཕན་བདེའི་ཆོག་སྩོལ་བ། །ས་བཅུའི་དབང་ཕྱུག་ཚུལ་ལ་ཕྱག་འཚལ་ལོ། །
ཞེས་ཀྱང་གསུངས་སོ།།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥
[2] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧
[3] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ག༽ དེབ་ཨང་ ༣ པ། ༢༠༠༨ ལོ། ཤོག་གྲངས་ ༦༦༡
[4] བསྟན་འགྱུར་དཔེ་བསྡུར་མ། ཤེས་ཕྱིན། ༼ཀ༽ དེབ་ཨང་ ༤༩ པ། ༢༠༠༨ ལོ། ཤོག་གྲངས་ ༩
[5] ལྔ་པ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན། ཤིང་དཔར། དཔེ་གཟུགས། ཤོག་གྲངས་ ༨༧ན༡
[6] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཁ༽ དེབ་ཨང་ ༤༦ པ། ༢༠༠༨ ལོ། ཤོག་གྲངས་ ༣༠
[7] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ག༽ དེབ་ཨང་ ༣ པ། ༢༠༠༨ ལོ། ཤོག་གྲངས་ ༦༦༢
[8] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ས༽ དེབ་ཨང་ ༧༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༩༣
[9] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཁ༽ དེབ་ཨང་ ༤༦ པ། ༢༠༠༨ ལོ། ཤོག་གྲངས་ ༣༡
[10] པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་ ༣༧ན༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧ ནས་ ༡༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།