༢༥༽ བཻ་རོ་ཙ་ན་རཀྵི་ཏའི་རྣམ་ཐར།

༢༥༽ བཻ་རོ་ཙ་ན་རཀྵི་ཏ།

 

དེ་ཡང་བཻ་རོ་ཙ་ན་རཀྵི་ཏ་སྟེ་རྣམ་པར་སྣང་མཛད་སྲུང་བ་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[1]། བཻ་རོ་ཙ་ན་རཀྵི་ཏ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཀོ་པ་ལའི་གྲོང་ཁྱེར་སོམ་མ་པཱུ་རིར། རྒྱལ་པོ་ཙ་ནའི་རིགས་སུ་འཁྲུངས། ཡུམ་ནི་སྐལ་བ་བཟང་མོ་ཞེས་བྱ།

ལོ་བཅུ་གཉིས་པ་ལ་ཞང་པོ་མུ་སྟེགས་ཀྱི་པཎྜི་ཏ་ཞིག་ཡོད་པ་དེའི་ཕྱིར་འབྲངས་ཏེ་སློབ་གཉེར་མཛད་ཅིང༌། རྒྱ་གར་ནུབ་ཕྱོགས་སུ་བྱོན་ནས་ལོ་གཅིག་ཙམ་བཞུགས། དེ་ནས་ཡུལ་མ་ག་དྷར་བྱོན་པས་རྣལ་འབྱོར་པ་ཞིག་དང་མཇལ་ཏེ་འཇམ་དཔལ་དཔའ་བོ་གཅིག་པ་གསན། དེ་ནས་རྣལ་འབྱོར་པ་དེ་ཕྱིར་ཝཱ་རཱ་ཎ་སཱིར་བྱོན། རྣལ་འབྱོར་པ་དེ་དེར་ཆུང་མ་བླངས་ནས་བཞུགས། ཁོང་གིས་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་ནཱ་ལེནྡྲ་ན་བཞུགས་པའི་དུས་སུ། སུ་ར་པཱ་ལ་ཞེས་བྱ་བ་ཡིག་མཁན་གྱི་རིགས་ཀྱི་ཡུལ་བྷ་རེནྟྲའི་རྣལ་འབྱོར་པ་དེས་གཞན་གྱི་སྤྱི་བོར་ཕྱག་བཞག་ནས་མ་བཏེག་གི་བར་དུ། མི་རྟོག་པ་རྒྱུད་ལ་སྐྱེ་བའི་མཁས་པ་ཆེན་པོ་ཞིག་འདུག་པ་དང་མཇལ། དེས་རྗེས་སུ་བཟུང་ནས་ལོ་བརྒྱད་ཕྱག་ཕྱིར་འབྲངས་ཏེ་ཨ་མ་ན་ས་དང༌། དོ་ཧ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་སྐོར་མཻ་ཏྲི་པའི་ཆོས་སྐོར་དང༌། དགྱེས་པ་རྡོ་རྗེའི་གདམས་ངག་དང་བཅུད་ལེན་གྱི་མན་ངག་ལ་སོགས་པ་མང་དུ་གསན་ནས། ནུབ་ཕྱོགས་ཛཱ་ལནྡྷ་རར་ལོ་དྲུག་དཀའ་ཐུབ་མཛད། རྣལ་འབྱོར་པ་མ་ད་ན་ལ་སོགས་པ་དང་ཚོགས་འཁོར་ལྷན་ཅིག་ཏུ་མཛད། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་གུ་རཀྞི་ཏ་ལ་ཕ་རོལ་ཏུ་ཕྱིན་པ་དང༌། དབུ་མ་རིགས་ཚོགས་དང༌། ཕ་རྒྱུད་གསང་འདུས་ལ་སོགས་པ་དང༌། མ་རྒྱུད་དང་ཀྲི་ཡའི་ཆོས་མང་དུ་གསན།

དེ་ནས་དྷ་ན་རཀྞི་ཏ་ལ་སྤྱོད་ཕྱོགས་དང༌། སྒྲུབ་ཐབས་བསྡུས་པ་དང༌། སེངྒེ་སྒྲའི་སྒྲུབ་ཐབས་རྟོགས་པ་དང་བཅས་པ་དང༌། སྒྲོལ་མ་ཀུ་རུ་ཀུལླེའི་རྟོགས་པ་དང༌། སེང་ལྡེང་ནགས་སྒྲོལ་དང་གཏུམ་པོའི་སྒྲུབ་ཐབས་ལ་སོགས་པ་མང་དུ་གསན། དྷརྨ་ཀཱིརྟིའི་ཚད་མའི་གཏན་ཚིགས་གསན། དེ་ནས་ཤར་ཕྱོགས་བྷ་རེནྟའི་པཎྜི་ཏ་ཛ་ཡ་ཀ་ར་ལ་བདེ་མཆོག་བཅུ་གསུམ་མ་གསན། ཕག་མོ་ལྷ་ལྔ་དང༌། ཇོ་མོ་ཨུ་རྒྱན་མ་ལ་སོགས་པ་གསན། ཤར་ཕྱོགས་སུ་གྲོང་ཁྱེར་སོ་མ་པུ་རིའི་རྣལ་འབྱོར་པའི་ཚོགས་དཔོན་པཎྜི་ཏ་ར་ན་ལ། སྒྲུབ་ཐབས་དང་གདམས་ངག་འགའ་ཞིག་ཞུས། པཎྜི་ཏ་སུ་དྷ་ན་གུཀྭ་ལ་འཇམ་དཔལ་དཔའ་བོ་གཅིག་པའི་རྒྱུད་གསན། ཨ་བྷ་ཡ་ཀ་ར་གུཔྟ་ལ་བདེ་མཆོག་མངོན་བྱུང་དང༌། རྡོ་རྗེ་མཁའ་འགྲོའི་སྟོད་འགྲེལ་སྒྲུབ་སྐོར་རང་བྱིན་གྱིས་བརླབས་པའི་སྒྲུབ་ཐབས་སོགས་གསན། དེ་ལྟར་མང་དུ་མཁྱེན་ཀྱང་གསང་ཞིང་ཁེངས་སྐྱུང་མང་དུ་མཛད། ཡུལ་ཉི་ཤུ་རྩ་བཞི་ལས་མ་བྱོན་པ་ཨུ་རྒྱན་[2]ལས་མེད། དེར་བཞུད་སྙམ་ནས་ལྷོ་ཕྱོགས་སུ་བྱོན་ཏེ་སྤྱོད་པ་མཛད་པས། རྒྱལ་པོ་གཅིག་གིས་བཟུང་ནས་མེ་ལ་བསྲེགས་པས་མ་འཚིག །དེ་ནས་བོད་དུ་བྱོན་ཏེ་རི་བོ་རྩེ་ལྔ་ལ་བཞུད་བརྩིས་བྱས་པས་རྒྱལ་པོའི་མཆོད་གནས་བཅོལ་ཏེ་མ་ཐོན། ཤིང་ཀུན་མཁར་གྱི་མུ་ཐང་བུ་དང་འབྲས་པའི་དུས་སུ་རྫུ་འཕྲུལ་མང་དུ་མཛད་པས་ཀྱང་གསང་བར་གདའ། དེ་ནས་རྒྱ་ནག་ཏུ་བྱོན་པས་རྒྱལ་པོས་གྲི་དང་མདས་རུག་བཅུག་ཀྱང་ཤས་ཤུས་ཙམ་ཡང་མ་བྱུང༌། དངུལ་ཆུ་དཀར་ཡོལ་གང་གསོལ་བས་སྐུ་ལ་གནོད་པར་མ་ནུས། འཛམ་བུའི་གླིང་གི་གསུམ་གཉིས་བསྐོར། བོད་དུ་ལན་ལྔ་བྱོན་ཏེ་དབུས་གཙང་གི་ས་ཆ་སྟོད་སྨད་མང་པོར་བྱོན་པས་ཐམས་ཅད་བགྲང་མི་ནུས། འཕན་ཡུལ་གྱི་རྒྱལ་དུ་ཡུན་རིང་བར་བཞུགས། དོ་ཧ་ལ་སོགས་པའི་འགྱུར་ཡང་མཛད། དོ་ཧ་སྐོར་གསུམ་ག་འདིའི་ཆོས་ཡིན་པས། རྒྱལ་པོ་དང་བཙུན་མོ་གཉིས་ཨ་སུས་མཛད་པར་སྨྲ་བ་ཡང་མི་བདེན་པར་སྣང་ངོ༌།།

འདིའི་སློབ་མ་ཡང་ལ་སྟོད་དུ་སྤྲུལ་སྐུ་ཟླ་བ་འོད་ཟེར། གཙང་དུ་རིན་པོ་ཆེ་རྒྱལ་ཚ། དབུས་སུ་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་དང་ཞང་རིན་པོ་ཆེ་སྟེ། བོད་དུ་ཡུན་རིང་བཞུགས་པས་སློབ་མ་མང་པོ་ཡོང་བར་ངེས་ཀྱང་ཡི་གེ་མ་མཐོང་བས་དེ་ཙམ་ལས་བགྲང་བར་མི་དཔྱོད་དོ། །འདི་ལ་གྲོང་འཇུག་མ་བྱས་པའི་སྐོར་དེས་སྙེ་ཐང་དུ་གདམས་པ་ཞུས་པའི་སྐོར་ནི། རུ་པ་ལས་བོད་དུ་འབྱོན་པ་འདི་སྔ་བ་ཡིན་ནོ། །དེ་ལྟ་བུའི་གྲུབ་ཐོབ་ཆེན་པོ་འདི་ནི་མཐར་འོན་གྱི་སྒང་ཁར་མྱ་ངན་ལས་འདའ་ཚུལ་བསྟན་ཏོ། །བརྒྱ་ཕྲག་བཅུ་གཉིས་པའི་ནང་བོད་དུ་འདས་པར་མངོན་ནོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༨༤༢

[2] ནཱ་རོ་པཎ་ཆེན་གྱི་ཞལ་སྔ་ནས་གསུངས་ཤིང་། མར་པས་བསྒྱུར་བའི་དཔལ་འཁོར་ལོ་བདེ་མཆོག་གི་རྣམ་པར་སྤྲུལ་པ་དང་། ཡུལ་ཉི་ཤུ་རྩ་བཞིའི་རྒྱུ་མཚན་བཞུགས་སོ་ལས། ཨུ་རྒྱན་ཞེས་ཐོད་པ་འཛིན་པ་སྟེ། ནུབ་ཕྱོགས་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཏེ། སའི་དབྱིབས་ཆོས་འབྱུང་ལྟར་གནས་ཤིང་། དེ་ན་གནས་པའི་མི་རྣམས་ཀྱང་ཤེད་ཆེ་བའོ། །ནང་ལྟར་ན་རྣ་བ་གཡས་པ་སྟེ། དེས་ཐོས་པ་འཛིན་པའོ།།ཞེས་ (བྲིས་མ་དཔེ་ཐུང་། ཤོག་གྲངས་ ༤ན༦) བྱུང་ངོ་།།

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༢ ནས་ ༤༥༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *