༡༧༽ སློབ་དཔོན་རྣམ་རྒྱལ་སྲུང་བའི་རྣམ་ཐར།

༡༧༽ སློབ་དཔོན་རྣམ་རྒྱལ་སྲུང་བ།

 

དེ་ཡང་སློབ་དཔོན་རྣམ་རྒྱལ་སྲུང་བ་ནི། སློབ་དཔོན་གྲགས་པ་བཟང་པོའམ་གུཧྱ་པའི་སློབ་མ་ཞིག་སྟེ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ (1699/1700-1774) ཀྱིས་མཛད་པའི་ཀརྨ་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར་རབ་འབྱམས་ནོར་བུའི་ཆུ་ཤེལ་གྱི་ཕྲེང་བའི་ཁ་སྐོང་ལས[1]། དེའི་སློབ་མ་ཨནྟར་པའམ། རྣམ་རྒྱལ་སྲུང་བ་སྟེ། རྣམ་རྒྱལ་ཞབས་ཟེར། ནཱ་ལནྡྲར་རིག་གནས་དང་།

མདོ་སྔགས་ཐམས་ཅད་ལ་མཁས་པར་མཛད། སླབ་དཔོན་གུཧྱ་པ་ལས་དབང་དང་གདམས་པ་ཞུས་ནས་བསྒོམས། མཁའ་འགྲོ་མ་ཞིག་གིས་ལུང་བསྟན་ཏེ་ཆང་ཚོང་མ་ནག་མོ་ཞེས་པའི་ཁྱིམ་ནས་མི་གཡོ་བླ་མེད་ཀྱི་རྒྱུད་སྤྱན་དྲངས་ནས་མ་ག་དྷར་བྱོན། ལོ་བདུན་ནས་རྡོ་རྗེ་མཁའ་འགྲོ་མས་མངོན་སུམ་དུ་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་སྟེ་ནུས་པ་ཐོབ་པའི་རྣལ་འབྱོར་པར་གྱུར། སྐུ་ལུས་ཀྱི་བཀོད་པ་གཉིས་བསྟན། སིནྡྷུར་ཀླ་ཀློའི་དམག་བྱུང་བ་རྣམས་ཚར་བཅད་རྒྱལ་པོ་དེ་བསྒྲལ། དེའི་སློབ་མ་ནི་དཔལ་ཏེ་ལོ་པ་ཆེན་པོ་ཡིན་ནོ། །ཞེས་བྱུང་བ་ལྟར་ཏཻ་ལོ་པ་ཆེན་པོའི་བླ་མ་སློབ་དཔོན་རྣམ་རྒྱལ་སྲུང་བ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་མདོ་སྔགས་རིག་གནས་དང་བཅས་པར་བསླབས་ཏེ་མཁས་པར་གྱུར་པ་ཞིག་གོ །སློབ་དཔོན་འདིའི་རྣམ་ཐར་རྒྱས་པ་ནི་མ་རྙེད་དོ།།

 

[1] སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་འབུམ། པོད། ༼ད༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༡ན༣

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༠ ནས་ ༤༣༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *