ཁ༽ ནཱ་ལེནྡྲའི་ལྟ་གྲུབ་སྨྲ་བའི་པཎ་གྲུབ་གྲགས་ཅན།

ཁ༽ ནཱ་ལེནྡྲའི་ལྟ་གྲུབ་སྨྲ་བའི་པཎ་གྲུབ་གྲགས་ཅན།

 

དེ་ཡང་རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས[1]།

ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་མཛེས་པའི་རྒྱན། །

འཕགས་མཆོག་ཀླུ་སྒྲུབ་ཐོགས་མེད་ཞབས་དང་དབྱིག་གི་གཉེན། །

འཕགས་པ་ལྷ་དང་ཕྱོགས་གླང་ཡབ་སྲས་དཔལ་ལྡན་ཆོས་སྐྱོང་སོགས། །

འཕགས་ཡུལ་ཆོས་ཀྱི་འབྱོར་པས་ཕྱུག་མཛད་རྣམས་ལ་དང་བས་འདུད། །

ཅེས་བསྟོད་ཕྱག་མཛད་པ་ལྟར། འཕགས་ཡུལ་གྱི་ཉི་ཟླ་ལྟ་བུའི་པཎ་གྲུབ་སྙན་གྲགས་ཅན་དེ་དག་ནི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་དེ་ནས་བྱོན་པ་ཤ་སྟག་ཡིན་ལ། དཔལ་ནཱ་ལེནྡྲའི་ལྟ་གྲུབ་སྨྲ་བའི་མཁས་གྲུབ་པཎ་ཆེན་རྣམས་ལ་མཚོན་ནའང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་ (617-650) མཛད་པར་གྲགས་པའི་བཀའ་ཆེམས་ཀ་ཁོལ་མ་ལས[2]། དེ་ནས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ཉན་ཐོས་ཆེན་པོ་རྣམས་ནི་རང་རང་གི་ཐུགས་ཀ་ནས་མེ་ཕྱུང་ནས་ཕུང་པོ་ལྷག་མ་མེད་པར་གྱུར། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གདུལ་བྱའི་དོན་ལ་འཇིག་རྟེན་གྱི་ཁམས་གཞན་དུ་གཤེགས་སོ། །དེ་ནས་དེའི་ཕྱིར་སྦྱར་ཨ་སུ་ར་གསང་བའི་བྲག་ཕུག་ཏུ་སློབ་དཔོན་དགེ་སློང་ལྔ་བརྒྱས་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པའི་གསུང་རབ་སྡེ་སྣོད་གསུམ་བསྡུས་ནས། ལྷའི་བཟོ་བོ་བི་ཤོ་ཀརྨས་བརྗེད་ཐོར་ཡི་གེར་བཀོད་པས་སངས་རྒྱས་ཀྱི་བསྟན་པའི་མངའ་བདག་ནི་དགེ་སློང་ཡིན་ནོ། །དེ་མི་ནུབ་པའི་རྒྱལ་མཚན་དུ་ལོ་བརྒྱ་ན་གྲོང་ཁྱེར་ཡངས་པ་ཅན་དུ་དགེ་སློང་ལྔ་བརྒྱས་སྡེ་སྣོད་གསུམ་གྱི་དོན་བཀའ་འཁོར་ལོ་དང་པོའི་དགོངས་པ། བསྟན་བཅོས་ཀྱི་བྱེ་བྲག་ཏུ་བཤད་མཚོ་ཆེན་པོ་བམ་པོ་སུམ་བརྒྱ་པ་བརྩམས་སོ། །བསྟན་བཅོས་ལ་སྔ་བ་དེ་ཡིན་ནོ། །སངས་རྒྱས་ཤཱཀ་ཐུབ་འདས་ནས་མི་ལོ་བཞི་བརྒྱ་ན་སློབ་དཔོན་འཕགས་པ་ཀླུ་སྒྲུབ་བྱོན་ནས། བཀའི་འཁོར་ལོ་བར་པའི་དགོངས་པ་དབུ་མ་རིགས་པའི་ཚོགས་དྲུག་རྣམས་བརྩམས་སོ། །སངས་རྒྱས་ཤཱཀ་ཐུབ་འདས་ནས་མི་ལོ་དགུ་བརྒྱ་ན་འཕགས་པ་བྱམས་པ་བྱོན་ནས། བཀའི་འཁོར་ལོ་ཐ་མའི་དགོངས་པའི་དོན་ངེས་པར་འགྲེལ་པ་ལྔར་བཀྲོལ་ལོ། །དེ་དག་ཐམས་ཅད་ཀྱང་ལྟ་བ་དང་སྤྱོད་པ་རྣམ་པར་དག་པ་ཉམས་སུ་བླང་བར་བྱ་བ་ལ་སོགས་པ་རྒྱས་པར་གནང་ངོ༌། །ཞེས་གསུངས་པ་ལྟར། ཨ་ལགས་དམུ་དགེ་བསམ་གཏན་རྒྱ་མཚོ་ (1914-1993) མཆོག་གིས་མཛད་པའི་སྨོན་ཚིག་བདེ་སྐྱིད་པདྨོའི་འཛུམ་ཞལ་ལས[3]།

སྟོན་དེའི་སྲས་ཀྱི་ཐུ་བོ་བྱམས་འཇམ་དབྱངས། །

གསང་བའི་མཛོད་འཛིན་ཕྱག་ན་རྡོ་རྗེ་དང་། །

འོད་སྲུང་ཀུན་དགའ་བོ་དང་ཉེ་བར་འཁོར། །

འཁོར་ཚོགས་དགྲ་བཅོམ་རྣམས་ལ་གུས་ཕྱག་འཚལ། །

ས་ར་ཧ་སོགས་རྒྱུད་སྡེའི་མཛོད་འཛིན་དང་། །

ཀླུ་སྒྲུབ་ལ་སོགས་དབུ་མའི་སྲོལ་འབྱེད་དང་། །

ཐོགས་མེད་སྐུ་མཆེད་ལ་སོགས་སྦས་དོན་གྱི། །

མངོན་རྟོགས་གསལ་མཛད་རྣམས་ལ་ཕྱག་བགྱིད་དོ། །

ཞེས་གསུངས་པ་ལྟར། སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་དང་། སྟོན་པའི་གཏད་རབས་བདུན། རྒྱན་དྲུག་མཆོག་གཉིས། པཎ་གྲུབ་བཅུ་བདུན། གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་རིམ་པར་བྱོན་ལ། ལྷག་པར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རིགས་ཚོགས་དང་། བསྟོད་ཚོགས། གཏམ་ཚོགས་སོགས་མཛད་དེ་ཤེར་ཕྱིན་གྱི་དངོས་བསྟན་དབུ་མའི་ལུགས་ཟབ་མོ་ལྟ་བའི་སྲོལ་རྒྱ་ཆེར་ཕྱེས། དེའི་སློབ་མ་ནཱ་ག་ཧཱ་སྟེ་ཀླུ་བོས་དང་། ནཱ་ག་བོ་དྷི་སྟེ་ཀླུའི་བྱང་ཆུབ། ཨརྱ་དེ་ཝ་སྟེ་འཕགས་པ་ལྷ་བཅས་བྱོན་ཞིང་། འདིས་དབུ་མ་བཞི་བརྒྱ་པ་མཛད། ཨརྱ་དེ་ཝའི་སློབ་མ་དམངས་རིགས་སྒྲ་གཅན་འཛིན་བཟང་པོ་དང་། སློབ་དཔོན་དཔའ་བོའི་ཞབས་སོགས་བྱོན། གཞན་ཡང་ཀླུ་སྒྲུབ་ཀྱི་སློབ་མ་དགེ་སྲུང་དང་། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་སོགས་རིམ་པར་བྱོན་ཏེ་སོ་སོས་བསྟན་བཅོས་མཛད་ནས་དབུ་མ་ཐལ་རང་གི་སྲོལ་གཉིས་སུ་གྱེས། ཡང་སྒོས་ཟླ་བ་གྲགས་པས་ཚིག་གསལ་དང་དབུ་མ་འཇུག་པ་གཉིས་བརྩམས་ཏེ་ཐལ་འགྱུར་ཤིང་རྟའི་སྲོལ་དངོས་སུ་ཕྱེས།

གཞན་ཡང་སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་བྱོན་པ་ལས། གཅེན་ཐོགས་མེད་དགའ་ལྡན་དུ་བྱོན་ནས་རྗེ་བཙུན་བྱམས་མགོན་ལས་བྱམས་ཆོས་སྡེ་ལྔ་གསན་ཏེ་མི་ཡུལ་དུ་གདན་དྲངས་ཤིང་། རྒྱ་ཆེན་སྤྱོད་པའི་སྲོལ་གྱི་ཤིང་རྟའི་བཀའ་སྲོལ་ཐོག་མར་ཕྱེས། དེའི་སློབ་མ་གཅུང་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་སོགས་བསྟན་བཅོས་མཛད་དེ་ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་གསལ་བར་མཛད། དེ་ལ་རང་མཁས་ཀྱི་སློབ་མ་བཞི་སྟེ་སློབ་དཔོན་ཕྱོགས་གླང་དང༌། འདུལ་འཛིན་ཡོན་ཏན་འོད། སློབ་དཔོན་བློ་གྲོས་བརྟན་པ། འཕགས་པ་རྣམ་གྲོལ་སྡེ་བཅས་བྱོན། དེ་དག་ལས་སློབ་དཔོན་བློ་བརྟན་གྱི་སློབ་མ་དགེ་བསྙེན་ཙནྡྲ་གོ་མི་བྱོན་ཞིང་། དེས་ཐོགས་མེད་ཀྱི་གཞུང་བཟུང་ནས་ཟླ་གྲགས་དང་ཆོས་ཀྱི་བརྒལ་བརྟག་མཛད། སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཀྱི་སློབ་མ་ནཱ་ལེནྡྲའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་བྱོན་ནས་དབུ་མ་བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བ་སོགས་བསྟན་བཅོས་མང་དུ་མཛད་ཅིང་། ཕྱིས་གྲུབ་པ་ཐོབ་སྟེ་གྲུབ་ཆེན་བི་རཱུ་པ་ཞེས་གྲགས། ནཱ་ལེནྡྲའི་མཁན་པོ་རྒྱལ་བའི་ལྷའི་སློབ་མ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང་། གཞན་ཡང་དཔལ་ཆོས་ཀྱི་གྲགས་པས་ཕྱོགས་ཀྱི་གླང་པོའི་སློབ་མ་དབང་ཕྱུག་སྡེ་ལས་ཚད་མ་གསན་ཏེ་ཚད་མ་སྡེ་བདུན་སོགས་མཛད། དེ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་གསུམ་དང༌། སློབ་དཔོན་ཨརྱ་དེ་ཝ་དང་། མཁས་མཆོག་དབྱིག་གཉེན། དཔལ་ལྡན་ཆོས་གྲགས་གསུམ་ནི་འགྲེལ་པ་བྱེད་པ་པོ་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། འདུལ་འཛིན་ཡོན་ཤཱཀ་སྟེ་མཆོག་གཉིས་དང་། དེ་བཞིན་རྨད་བྱུང་གི་སློབ་དཔོན་ཆེན་པོ་བཞི་དང་། མཁས་པ་སྒོ་དྲུག །གྲུབ་ཆེན་བརྒྱད་ཅུ་སོགས་རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་ལ་རང་དབང་འབྱོར་བའི་པཎ་གྲུབ་མང་དུ་བྱོན་པ་རྣམས་ཀྱིས་རྒྱལ་བསྟན་ལ་འཇུག་འདོད་ཀྱི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་འཆད་པས་རྗེས་སུ་བཟུང་ཞིང༌། རྒོལ་ངན་ལུང་རིགས་ཀྱིས་རྩོད་པས་ཚར་བཅད། རྒྱལ་བསྟན་ཡུན་རིང་གནས་ཕྱིར་བཀའ་ཡི་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་དེ་རྒྱལ་བསྟན་དར་ཕྱོགས་མཐར་དར་སྤེལ་མཛད་དོ།།

དེ་བཞིན་ནཱ་ལནྡཱ་ཞིབ་འཇུག་ལས[4]། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའི་དགོངས་པ་འགྲེལ་བའི་པཎ་གྲུབ་དཔོན་སློབ་ཇི་སྙེད་ཅིག་བྱོན་པ་ལས། ཁག་གཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ། རང་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་གང་གི་མཚན་ཉིད་རིག་པའི་མཐར་ཐུག་གི་དགོངས་པ་གསལ་འདོན་དང་། འཐུས་ཚང་ཅན་དུ་བྱས་པའི་རིག་པའི་གཞུང་ལུགས་གསར་གཏོད་མཛད་ཡོད་སྟབས། ཁོང་རྣམས་རྒྱ་གར་གྱི་པཎ་གྲུབ་བརྒྱ་ཕྲག་མང་པོའི་ཡང་རྩེ་དང་། སངས་རྒྱས་ཆོས་ལུགས་ལ་ཟབ་བརླིང་བརྟན་གསུམ་གྱི་རང་བཞིན་ལྡན་པའི་མཛད་རྗེས་འཇོག་མཁན་ཞིག་ཡིན་པས། ཁོང་རྣམས་ཀྱི་མཛད་རྗེས་དེ་དག་ང་ཚོས་དམིགས་བསལ་གྱིས་ཤེས་དགོས་ངེས་ཤིག་ཡིན། དེས་ན་ནཱལཱནྡཱའི་ལྟ་གྲུབ་སྨྲ་བ་དང་། རིགས་ལམ་པ་རྣམས་སྤྱིར་སངས་རྒྱས་ཀྱི་བཀའ་གཞིར་བཞག་ཐོག་བྱེ་བྲག་གིས་དགོངས་པ་འགྲེལ་ཕྱོགས་ཐད་ནས་ཁག་གཉིས་སུ་གྱེས་ཡོད།

དེ་ཡང་ཕྱི་ལོའི་དུས་རབས་དང་པོའི་ནང་བྱོན་ཅིང་། སངས་རྒྱས་རང་ཉིད་ཀྱིས་ལུང་བསྟན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ཕྱི་ལོའི་དུས་རབས་ལྔ་པའི་ནང་བྱོན་པའི་འཕགས་པ་ཐོགས་མེད་གཉིས་ཀྱི་རྗེས་འབྲང་ཡིན་ཅིང་། ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལས་ཀླུ་སྒྲུབ་ནི། སངས་རྒྱས་ཤཱཀྱ་མུ་ནེས་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་ནང་གི་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་པ་འགྲེལ་མཁན་གཙོ་བོ་ཡིན་ལ། ཁོང་གིས་སངས་རྒྱས་ཤཱཀྱ་མུ་ནེའི་བཀའ་མདོ་རྒྱུད་མང་པོར་སློབ་སྦྱོང་གཏིང་ཟབ་བྱས་རྗེས་དབུ་མ་པའི་གྲུབ་མཐའི་སྲོལ་བཏོད་པ་སྟེ་གསར་གཏོད་མཛད་པ་ཡིན་ཅིང་། ཁོང་གི་དབུ་མའི་ལྟ་གྲུབ་སྐོར་གྱི་གཞུང་ལུགས་རིགས་ཚོགས་དྲུག་དང་། བྱང་ཆུབ་སེམས་འགྲེལ་སོགས་གཞུང་རྩོམ་མང་དུ་མཛད་སྟབས་དུས་ཕྱིས་ཀྱི་མཁས་པ་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱི་སྒོ་ནས་ཤིང་རྟའི་སྲོལ་འབྱེད་གཉིས་སུ་བགྲང་པའི་ནང་གི་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་མཁན་དུ་ངོས་འཛིན་དང་གུས་བཀུར་ཞུས་པ་རེད།

དེ་མཚུངས་འཕགས་པ་ཐོགས་མེད་ནི། སངས་རྒྱས་ཤཱཀྱ་མུ་ནེས་གསུངས་པའི་བཀའ་ཐ་མའི་དགོངས་པ་འགྲེལ་མཁན་གཙོ་བོ་ཡིན་ལ། ཁོང་གིས་བཀའ་ཐ་མའི་དགོངས་དོན་གྱིས་གཙོས་པའི་སངས་རྒྱས་ཤཱཀྱ་མུ་ནེའི་བཀའ་དང་མདོ་སྡེ་མང་པོར་སློབ་སྦྱོང་བྱས་པ་བརྒྱུད་སེམས་ཙམ་པའི་གྲུབ་མཐའི་སྲོལ་གསར་གཏོད་མཛད་པ་རེད། ཁོང་གིས་ལྟ་གྲུབ་མཚོན་བྱེད་ཀྱི་གཞུང་ལུགས་ལ་ས་སྡེ་ལྔ་དང་། ཐེག་བསྡུས། རྒྱུད་བླའི་འགྲེལ་པ་བཅས་མཛད་ཡོད་པས། དུས་ཕྱིས་ཀྱི་མཁས་པ་ཕལ་མོ་ཆེས་ཁོང་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ནང་ནས་སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་པར་ངོས་འཛིན་དང་གུས་བཀུར་ཞུ་བ་ཡིན་སྟབས། དེ་སྔའི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་ཞེས་གསལ་པོར་བྲིས་ཡོད། ཤིང་རྟའི་སྲོལ་འབྱེད་ཟེར་བའི་ཚིག་དེ་ཉིད་དེ་སྔོན་སྤྱི་ཚོགས་རྙིང་པར་རླངས་འཁོར་དང་གནམ་གྲུ་ལ་སོགས་པའི་འགྲིམ་འགྲུལ་མཐུན་རྐྱེན་མེད་པར་གླང་པོ་ཆེ་དང་། རྟ་དང་བ་གླང་སོགས་ཀྱིས་འདྲུད་འཐེན་དགོས་པའི་ཤིང་རྟ་རྣམས་སུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་སྟབས། སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མཐུན་པར་མིང་བཏགས་པ་ཞིག་རེད། སྲོལ་འབྱེད་ཟེར་བ་དེ་དཔེ་ཤིང་རྟ་ནི་གནས་གཅིག་ནས་གཅིག་ཏུ་བགྲོད་བྱེད་ཡིན་པ་ཇི་བཞིན་མཚན་ཉིད་རིག་པའི་བསམ་བློའི་ཡོན་ཏན་དེའང་རང་གི་བསམ་བློ་གོང་འཕེལ་དུ་འགྲོ་བྱེད་ཀྱི་རིག་པའི་གཞུང་ལུགས་དེ་ཚོ་དཔེ་ཤིང་རྟའི་སྲོལ་ཕྱེས་པ་དང་མཚུངས་པར་དཔེ་ཅན་རིག་པའི་གཞུང་ལུགས་ལ་སྦྱར་ནས་དེ་ལྟར་གྲགས་པ་ཞིག་རེད། དེའང་ལྟ་གྲུབ་གསར་གཏོད་བྱས་པར་སྦྱར་བ་ཞིག་ལས་སྤྱོད་པའི་ཕྱོགས་ལ་སྦྱར་བ་ཞིག་མ་རེད། གང་ལྟར་དེ་ལྟའི་པཎ་གྲུབ་གྲགས་ཆེན་ཁོང་གཉིས་ཀྱི་རྗེས་འཇུག་གམ། གང་གི་ལྟ་གྲུབ་ཀྱི་རིམ་པ་འཕེལ་རྒྱས་སུ་གཏོང་མཁན་གྱི་སྐྱེས་བུ་རླབས་ཆེན་གང་མང་ཞིག་དཔལ་ནཱལཱནྡཱར་བྱུང་བ་ནི་གཤམ་གསལ་ལྟར་རོ།།

དེ་ཡང་ལེགས་ལྡན་འབྱེད་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་ལུགས་མང་པོར་སློབ་སྦྱོང་གཏིང་ཟབ་བྱས་རྗེས་སློབ་དཔོན་གྱི་དགོངས་པའི་མཐར་ཐུག་ཏུ་བཞེད་པའི་དབུ་མ་རང་རྒྱུད་ཅེས་པའི་ལྟ་བ་དབུ་མ་ཡིན་པ་གང་ཞིག་ལ། ཐ་སྙད་ཀྱི་རྣམ་གཞག་མདོ་སྡེ་པ་ལྟར་དུ་བཀྲལ་བའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་པའི་ལྟ་གྲུབ་གསར་གཏོད་མཛད། དེ་རྗེས་དཔལ་ལྡན་ཟླ་བ་གྲགས་པས་གོང་གསལ་མགོན་པོ་ཀླུ་སྒྲུབ་ཀྱིས་སྲོལ་ཕྱེས་པའི་དབུ་མའི་ལྟ་གྲུབ་ཀྱི་ནང་དོན་མཐར་ཐུག་པ་དེ་ཉིད་གང་ཡིན་ཞིབ་པར་བརྟགས་རྗེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པར་བཞེད་པའི་རང་རྒྱུད་པའི་གྲུབ་མཐའ་དེ་ཉིད། སློབ་དཔོན་གྱི་དགོངས་པ་མཐར་ཐུག་དེ་མིན་པར་མ་ཟད། ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཐལ་འགྱུར་དུ་བཀྲལ་བར་སྐྱོན་འདོན་བྱས་པ་རྣམས་ཀྱང་དོན་ལ་མི་གནས་ཚུལ་གསལ་འདོན་མཛད་དེ། མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བའི་ཡང་སྙིང་མཐར་ཐུག་ཏུ་བཞེད་པའི་དབུ་མ་ཐལ་འགྱུར་བ་ཟེར་བའི་ལྟ་གྲུབ་གསར་གཏོད་མཛད་པ་ཞིག་ཡིན།

དེ་རྗེས་སློབ་དཔོན་ཞི་བ་འཚོས་གཞིའི་རྣམ་གཞག་སེམས་ཙམ་པ་ལ་ལྟ་བ་དབུ་མ་བར་བཞེད་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་པ་གསར་གཏོད་མཛད། དེ་རྗེས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ནང་དུའང་། སེམས་ཙམ་རྣམ་བདེན་པ་དང་མཐུན་པའི་དབུ་མ་པ་དང་། སེམས་ཙམ་རྣམ་རྫུན་པ་དང་མཐུན་པའི་དབུ་མ་པ་གཉིས་བྱུང་བ་ལས། ཞི་འཚོ་དང་ཀ་མ་ལ་ཤཱི་ལ་སེམས་ཙམ་རྣམ་བདེན་པ་དང་མཐུན་པ་དང་། སློབ་དཔོན་སེང་བཟང་དང་། ཛེ་ཏཱ་རི། ལྭ་བ་པ་སོགས་སེམས་ཙམ་རྣམ་རྫུན་པ་དང་མཐུན་པའི་དབུ་མ་པའི་ལུགས་སུ་གྱུར་པར་མ་ཟད། རྣམ་རྫུན་པའི་ནང་གསེས་སུ་ཡང་ཛེ་ཏཱ་རི་རྣམ་རྫུན་དྲི་བཅས་པ་དང་། ལྭ་བ་པ་རྣམ་རྫུན་དྲི་མེད་པ་དང་མཐུན་པར་གྱུར་ཞེས་ཀྱང་བཤད།

དཔལ་ནཱ་ལེནྡྲ་ནས་སྤྱིར་སངས་རྒྱས་ཆོས་ལུགས་དང་། བྱེ་བྲག་ཐེག་པ་ཆེན་པོ་དང་། ཟབ་གསང་སྔགས་ཀྱི་གདམས་པ་ཉམས་སུ་ལེན་པའི་པཎ་གྲུབ་ཇི་སྙེད་ཅིག་བྱུང་བར་མ་ཟད། སངས་རྒྱས་ཆོས་ལུགས་ཀྱི་རིམ་པ་མཐོ་ས་དང་། གཏིང་ཟབ་སའི་ལྟ་གྲུབ་ཀྱི་རྣམ་གཞག་གསར་བཏོད་བྱེད་མཁན་གྱི་མཁས་གྲུབ་མང་དུ་བྱུང་སྟབས། དུས་ཕྱིས་སུ་ཀླུ་སྒྲུབ་རྗེས་འཇུག་པར་ཟབ་མོ་ལྟ་བརྒྱུད་པ་དང་། ཐོགས་མེད་རྗེས་འཇུག་པར་རྒྱ་ཆེན་སྤྱོད་བརྒྱུད་པ་ཞེས་བརྒྱུད་པའི་སྡེ་ཚན་མི་འདྲ་བ་གཉིས་སུ་གྱེས་སོ།།

གཞན་ཡང་སློབ་དཔོན་ཕྱོགས་གླང་གིས་ཚད་མའི་བསྟན་བཅོས་ཀུན་བཏུས་བརྩམས་ནས་སངས་རྒྱས་ཆོས་ལུགས་པའི་ཚད་མའི་གཞུང་ལུགས་གསར་གཏོད་མཛད་པ་དང་། དེ་རྗེས་དཔལ་ཆོས་ཀྱི་གྲགས་པ་བྱོན་ནས་ཕྱོགས་གླང་གི་ཚད་མའི་བསྟན་བཅོས་ཀྱི་རྒྱས་འགྲེལ་ལྟ་བུའི་ཚད་མ་རྣམ་འགྲེལ་མཛད་ནས་སངས་རྒྱས་ཆོས་ལུགས་པའི་ཚད་མའི་འཕེལ་རྒྱས་ལ་ཚེ་སྲོག་གསར་པ་སྦྱིན་པར་མཛད་པ་སོགས་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཚད་མའི་བསྟན་བཅོས་གསར་གཏོད་གནང་མཁན་གྱི་མཁས་པ་དེ་དག་ཁར། ད་དུང་སྒྲ་རིག་པར་ཆེས་ཕུལ་དུ་བྱུང་བའི་མཁས་པ་སློབ་དཔོན་ཙནྡྲ་གོ་མི་སོགས་ཤིན་ཏུ་མང་པོ་བྱུང་བར་བརྟེན། ནཱ་ལེནྡྲ་ཞེས་པའི་མིང་གི་ཐོག་མར་སྐྱེས་བུ་གཟུར་གནས་ཀུན་གྱིས་དཔལ་ཞེས་པ་སྦྱར་ནས་མཚན་གྱི་སྙན་པ་མངོན་པར་བསྟོད་པ་དེ་ནི་མིང་དོན་གཉིས་ལྡན་ཞིག་ཡིན།།[5]

དེས་ན་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་ངེས་འཇུག་ངོགས་ཀྱི་མཆོད་བརྗོད་ལས[6]།

ཀླུ་སྒྲུབ་སྲོལ་ལ་དབང་བསྒྱུར་འཕགས་པ་ལྷ། །

དཔལ་ལྡན་དཔའ་བོ་གྲུབ་བརྙེས་སངས་རྒྱས་བསྐྱངས། །

ལེགས་ལྡན་ཞི་བ་འཚོ་སོགས་མུ་ཏིག་གི །

དོ་ཤལ་ས་ལ་གྲོལ་བའི་མཆེད་པོར་དད། །

ཅེས་དང་། ཡང་དེ་ཉིད་ལས[7]།

ཐོགས་མེད་ལམ་སྲོལ་ཨུ་དུམྦ་རའི་འཛུམ། །

སྐྱོང་མཁས་དབྱིག་གཉེན་བློ་གྲོས་བརྟན་པའི་ཞབས། །

ཕྱོགས་གླང་ཆོས་གྲགས་ལ་སོགས་འཕགས་ཡུལ་ན། །

རིགས་པ་སྐྱོང་བའི་པཎ་ཆེན་རིམ་བྱོན་བསྔགས། །

ཞེས་བསྟོད་ཕྱག་མཛད་པ་ལྟར། རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་མང་དུ་བྱོན་པ་ལས་ཉི་ཟླ་སྐར་གསུམ་ལྟ་བུ་ནི། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་ལ་སོགས་པ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་ཝ་ཡབ་སྲས་གཉིས་ཀྱི་གཙོ་བོར་དབུ་མའི་གཞུང་དང་། ལྷག་པར་གསང་སྔགས་ཀྱི་གཞུང་ལ་རིགས་གཅིག་རྐང་འཛིན་གནང་བར་མ་ཟད། ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་རང་རྒྱུད་པའི་ལྟ་བ་གསར་གཏོད་མཛད་པ་དང་། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་ཐལ་འགྱུར་བའི་ལྟ་གྲུབ་གསར་གཏོད་མཛད། གཞན་ཡང་མཁན་ཆེན་ཞི་བ་འཚོས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གསར་གཏོད་མཛད། དེ་བཞིན་དབུ་མའི་ལྟ་བ་རྒྱུད་འཛིན་པར་མཚོན་ནའང་སློབ་དཔོན་སངས་རྒྱས་བསྐྱངས་དང་། རྒྱལ་སྲས་ཞི་བ་ལྷ། སློབ་དཔོན་པདྨའི་ངང་ཚུལ་སོགས་དབུ་མའི་ལྟ་གྲུབ་རྒྱུན་འཛིན་པ་མང་དུ་བྱོན་པར་མ་ཟད། ཀླུ་སྒྲུབ་ཡབ་སྲས་ཀྱིས་ནང་ཆོས་ཀྱི་ལྟ་གྲུབ་ཚད་མཐོ་ཤོས་མཐའ་བྲལ་དབུ་མའི་ལྟ་གྲུབ་དང་། སྔགས་ཕྱོགས་ནས་གཞི་ལམ་འབྲས་གསུམ་གྱི་ཟབ་གནད་དག་ཀྱང་གཏན་ལ་ཕབ་པས་ན། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་ལ་ཁུངས་གཏུགས་བཞིན་ཡོད།

དེ་བཞིན་འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་པའི་ལྟ་གྲུབ་གསར་གཏོད་མཛད་ཅིང་། གཅུང་མཁས་མཆོག་དབྱིག་གཉེན་གྱི་རྒྱུན་འཛིན་མཛད་པར་མ་ཟད། རང་མཁས་སློབ་མ་བཞི་པོ་རྣམས་ཀྱང་རིགས་གཅིག་རྐང་འཛིན་པ་ཤ་སྟག་བྱུང་བ་ནི། འདུལ་འཛིན་སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་རྣམ་གཉིས་དམ་ཆོས་འདུལ་བའི་རིགས་གཅིག་རྐང་འཛིན་པ་དང་། རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་ནས་ནང་པའི་ཚད་གཞུང་གསར་གཏོད་དང་རྒྱུན་འཛིན་གྱིས་ཚད་མའི་གཞུང་ལ་རིགས་གཅིག་རྐང་འཛིན་མཛད་པ་དང་། སློབ་དཔོན་བློ་གྲོས་བརྟན་པས་མངོན་པ་མཛོད་ལ་རིགས་གཅིག་རྐང་འཛིན། འཕགས་པ་གྲོལ་སྡེ་དང་སློབ་དཔོན་སེངྒེ་བཟང་པོ་རྣམ་གཉིས་ནས་ཕར་ཕྱིན་ལ་རིགས་གཅིག་རྐང་འཛིན་གནང་སྟེ་རྒྱལ་བའི་བསྟན་པར་གཟེངས་སུ་ཐོན་པའི་ཕྱག་རྗེས་རྨད་དུ་བྱུང་བ་འཇོག་པ་གནང་ཡོད། དེས་ན་སློབ་དཔོན་དབྱིག་གཉེན་གྱི་རང་མཁས་སློབ་མ་བཞི་པོ་དེ་དག་ལ་རང་མཁས་ཀྱི་སློབ་མ་ཞེས་པའི་མཚན་བསྟོད་ཀྱང་རིགས་གཅིག་རྐང་འཛིན་གྱི་ཕྱག་རྗེས་ཁོ་ན་ལས་གྲུབ་པ་ཞིག་ཡིན་ནོ།།

ཇོ་བོ་རྗེའི་རྣམ་ཐར་དུའང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཀུ་སུ་ལུ་རིན་ཆེན་རྡོ་རྗེའི་དྲུང་དུ་བྱོན་ནས་ལུང་བསྟན་ཞུས་པ་དང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་རིགས་པའི་ཁུ་བྱུག་གི་དྲུང་དུ་བྱོན་པ། ཡང་ཇོ་བོ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གཤེགས་པ་སོགས་ནཱ་ལེནྡྲ་དང་འབྲེལ་བའི་རྣམ་ཐར་མང་དུ་བྱུང་ལ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་[8]དོན། ཇོ་བོ་རྗེ་དཱི་པཾ་ཀ་ར་རྒྱ་གར་གྱི་ཐོག་མ་ནང་པའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཡུལ་ཕལ་ཆེར་ཏཀ་ཤི་ལ་ (Taxila) ཟེར་བ་དེ་རེད་འདུག །

མཁས་མཆོག་དབྱིག་གཉེན་ཕལ་ཆེར་ཏཀ་ཤི་ལར་བཞུགས་པ་དེ་འདྲ་གསུང་མཁན་འདུག །དེ་ནས་རིམ་པས་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་ཁང་དེ་ཧ་ཅང་ཡར་རྒྱས་ཕྱིན་པ་རེད། རྩ་བའི་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ནས་དཔལ་ནཱ་ལེནྡྲར་ཤེས་ཡོན་གྱི་བསྟི་གནས་ཆུང་ངུ་ཞིག་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དེ་རིགས་སློབ་སྦྱོང་བྱེད་སའི་ལྟེ་གནས་ཡིན་པའི་སྐད་ཆ་འདུག །དེ་ནས་རིམ་བཞིན་ནང་པའི་མཁས་པ་དེ་འདྲ་མང་པོ་བྱུང་ནས་ནཱ་ལེནྡྲར་རིག་གནས་རྟེན་གཞི་ཡོད་པ་དེ་དག་རིམ་པས་ཚད་མ་རིག་པ་དང་། སྒྲ་རིག་པ་སོགས་རིག་གནས་ཆེ་བ་ལྔ་དང་། རིག་གནས་ཆུང་བ་ལྔ་དེ་རིགས་དགེ་འདུན་པ་གཅིག་པུ་ཡིན་པའི་སྐད་ཆ་མི་འདུག །གང་ལྟར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་རང་ཡིན་འདུག །དེར་བསྟན་པ་ཧ་ཅང་དར་བ་རེད། ངོས་ཀྱིས་པཎ་གྲུབ་བཅུ་བདུན་ཞེས་ཞུ་བཞིན་པ་དེ་དག་དཔལ་ནཱ་ལེནྡྲའི་མཁས་པ་རེད།

མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་རྒྱ་སྐད་ནང་ཡོད་པ་དེ་དང་། སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལེགས་སྦྱར་སྐད་ཐོག་ད་ལྟ་འདུག །ལེགས་སྦྱར་གྱི་རྩོམ་གཞིའི་གནས་ཚད་དེ་ཧ་ཅང་མཐོ་པོ་དང་སྤུས་དག་རེད་འདུག །ནཱ་ལེནྡྲའི་མཁས་པ་ཚོས་ལེགས་སྦྱར་སྐད་ཐོག་རིག་གནས་ཆེ་བ་ལྔ་དེ་རིགས་ཧ་ཅང་སྦྱོང་བཞིན་ཡོད་འདུག །

ངོས་ཀྱིས་རྒྱ་གར་ནང་སྔར་རྒྱ་གར་གྱི་རིག་གནས་སླར་གསོ་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། སྔར་རྒྱ་གར་གྱི་རིག་གཞུང་བསྐྱར་གསོ་བྱ་རྒྱུའི་ནང་རིམ་པས་འགྲེལ་བཤད་རྒྱག་རྒྱུ་དེ་བོད་ཡིག་ནང་ཡོད་པའི་འགྲེལ་བཤད་དེ་དག་གསལ་ཤོས་ཆགས་ཡོད་ལ། བོད་ཡིག་ནང་ཡོད་པའི་དོན་དག་དེ་གོ་བ་བཟང་བ་ཡོད།

འགྲེལ་བཤད་རྒྱག་སྐབས་ལེགས་སྦྱར་གྱི་རྩ་གཞུང་ཁོ་རང་གི་ཐོག་ནས་མར་ཁྲིད་ཐུབ་པ་ཞིག་བྱུང་ན་ཞེས་འབད་བརྩོན་བྱེད་བཞིན་ཡོད། ཇོ་བོ་རྗེ་ནཱ་ལེནྡྲ་ནས་སློབ་སྦྱོང་གང་ཙམ་གནང་ཡོད་པའི་སྐད་ཆ་གོ་རྒྱུ་འདུག །དེ་ནས་རྗོ་བོ་རྗེ་བི་ཀྲ་མ་ཤཱི་ལའི་མཁས་པ་ཡིན་པར་མ་ཟད། ཐུགས་འགན་བཞེས་ནས་བཞུགས་མཁན་ཞིག་ཡིན་པ་རེད། ཇོ་བོ་རྗེ་བི་ཀྲ་མ་ཤཱི་ལ་ནས་མངའ་རིས་ཆོས་རྒྱལ་གྱིས་གདན་ཞུ་གནང་སྟེ་བོད་ལ་ཕེབས་ནས་བྱང་ཆུབ་ལམ་སྒྲོན་མཛད་པ་རེད། ཇི་ལྟར་བསྐུལ་མ་མཛད་པ་བཞིན་སློབ་མ་བཟང་པོ་གསུང་རྒྱུ་དེ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བོད་སྤྱི་ལ་ཕན་པའི་ལེགས་བཤད་གསུང་རོགས་གནང་ཞེས་ཞུས་པར་ལམ་སྒྲོན་མཛད་པ་རེད། ཅེས་བཀའ་སྩལ་ཏོ།།

དེ་བཞིན་པཎ་གྲུབ་བཅུ་བདུན་སྲོལ་བཟང་བཏོད་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ལྗགས་རྩོམ་མཛད་པའི་དགོས་དམིགས་ལའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[9]། གཞུང་ཆེན་མོ་འཆད་མཁན་གྱི་དགོན་པ་དེ་དག་གི་འཆད་ཉན་བྱ་རྒྱུ་དང་། ཆུང་ངུའི་སྐབས་ནས་བློ་འཛིན་བྱ་རྒྱུའི་གཞུང་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་མཁས་གྲུབ་རྣམས་ཀྱིས་བརྩམས་པ་ཤ་སྟག་རེད། བསྐང་གསོ་གཏོང་རྒྱུ་དེ་དག་གནས་ཚུལ་ཐ་དད་ལས། དེ་མིན་གཞུང་ཆེན་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ་སོགས་ཀྱི་གཞུང་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་མཁས་པས་བརྩམས་པའི་གཞུང་ཤ་སྟག་རེད། དེས་ན་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་ལ་ཐུག་པར་བརྟེན། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་དེ་དག་ལ་གསོལ་འདེབས་ཤིག་འབྲི་ཐུབ་ན་ཡག་པོ་ཡོང་ངེས་སྙམ་ནས་བྲིས་པ་ཡིན།

འདི་དག་གིས་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་དང་གཅིག །གཉིས་ནས་ང་ཚོའི་ཆོས་འདི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པར་བརྟེན། ནཱ་ལེནྡྲའི་མཁས་པ་འདི་དག་གིས་གཞུང་གང་དང་གང་མཛད་པ་དངོས་སུ་གསལ་ཁ་མེད་ཀྱང་། ང་རང་ཚོས་སློབ་སྦྱོང་བྱེད་རྒྱུའི་གཞུང་ལུགས་འདི་དག་གི་མཛད་པ་པོ་གཙོ་བོ་པཎ་གྲུབ་བཅུ་བདུན་གྱི་མཚན་ནས་སྨོས་པའི་གསོལ་འདེབས་དད་གསུམ་གསལ་བྱེད་དང་། དེ་མིན་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ས་དགེ་བཀའ་རྙིང་དེ་དག་ཚང་མ་བསྟན་པ་སྤྱིའི་དགོངས་པ་དང་། བསྟན་པ་གཅིག་གྱུར་ཡོད་པ་འདི་དག་གི་བསྟན་པ་རྒྱས་པའི་སྨོན་ལམ་བཅས་བྲིས་པ་ཡིན། ཞེས་གསུངས་སོ།།

གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[10]། མདོར་ན། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་རྒྱལ་བསྟན་ཡོངས་རྫོགས་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ལ་ཁུངས་གཏུགས་པ་ཞིག་ཆགས་ཡོད་པས། ངོས་ཀྱིས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་དྲི་མ་མེད་པ་ཡིན་ཞེས་བརྗོད་པ་དེ་དོན་ལ་གནས་ཡོད། དེ་མིན་ང་ཚོ་བོད་ཀྱི་ཆོས་འདི་གསང་སྔགས་ཀྱི་ཆོས་དང་། ཐེག་ཆེན་གྱི་ཆོས་ཡིན་ཞེས་བརྗོད་ན་འཚམ་རེ་འཁྲུག་པ་དང་། ཡང་ན་འགྲེལ་བརྗོད་མང་དུ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད།

གཞན་ཡང་ང་ཚོ་ཐེག་པ་ཆེན་པོ་ཡིན་ཞེས་བརྗོད་ན་ཐེག་དམན་ལ་ཁྱད་གསོད་བྱེད་ཀྱི་ཡོད་པ་ལྟ་བུ་ཆགས་པ་དང་། སྐབས་རེ་ཐེག་ཆེན་གྱི་སྡེ་སྣོད་ཅེས་བརྗོད་མི་བདེ་བ་ལྟ་བུ་ཆགས་སྐབས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བརྗོད་དགོས་པ་ཡོང་གི་ཡོད། ཐེག་ཆེན་ཞེས་པའི་མིང་ཚིག་འདི་མདོ་སྡེ་རྒྱན་སོགས་སུ་གསལ་བ་ལྟར། རྒྱ་གར་འཕགས་པའི་ཡུལ་དུ་གཏན་ལ་ཕབ་པའི་ཚིག་གཅིག་ཆགས་ཡོད། འོན་ཀྱང་ཚིག་འདི་བརྗོད་སྐབས་ནང་འཁྲུག་རྒྱག་རྒྱུའི་ཉེན་ཁ་ཞིག་ཡོང་གྲབས་བྱེད་ཀྱི་ཡོད། དེ་ལས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཞེས་བརྗོད་ཚེ། ཤྲཱི་ནཱ་ལེནྡྲ་ནི་ཡོངས་གྲགས་སུ་སྐབས་དེར་རྒྱ་གར་ནང་མུ་སྟེགས་པས་ཀྱང་བརྩི་བཀུར་བྱེད་ཡུལ་ཞིག་ཆགས་ཡོད།

གཉིས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་གཞུང་ལུགས་ཞེས་བརྗོད་ན་དད་པ་ལྟ་བུ་བྱེད་ཡུལ་ཞིག་ནས་མར་ཡོང་བ་ཞིག་མིན་པར། རྒྱ་གར་ནང་སངས་རྒྱས་ཀྱི་ཆོས་ལ་མཁས་གྲུབ་གཉིས་ལྡན་གྱི་མཁས་པ་འཕེལ་ས་ཞིག་ནས་བརྒྱུད་པ་ཞིག་ཡིན་སྟབས། མཁས་གྲུབ་གཉིས་ལྡན་ཡིན་པ་ཞིག་གོ་ཐུབ་ཀྱི་ཡོད། དེ་ལྟ་བུའི་དགོས་པ་དང་རྒྱུ་མཚན་གྱི་ཐོག་ནས་ངོས་ཀྱིས་རྟག་ཏུ་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་ཆོས་བརྒྱུད་ཡིན་ཞེས་བརྗོད་ཀྱི་ཡོད་ལ། ནང་ཚགས་ཀྱིས་ཞུས་ན་ང་ཚོའི་ཆོས་འདི་ལས་སླ་པོ་མིན་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་གཅིག་ལས་གཅིག་ལྷག་པ་གཅིག་རྗེས་གཉིས་མཐུད་ནས་མར་བརྒྱུད་པའི་ཆོས་བརྒྱུད་ཅིག་ཡིན་ཞེས་བརྗོད་ཀྱི་ཡོད། ཅེས་སོགས་གལ་ཆེའི་ལམ་སྟོན་གྱི་བཀའ་བཟང་དག་ལས་གསལ་བར་མཁྱེན་པར་འགྱུར་བས་འགྲེལ་བརྗོད་ཟུར་དུ་མི་དགོས་སོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། པོད། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡

[2] བཀའ་ཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༣༢

[3] བསམ་གཏན་རྒྱ་མཚོའི་གསུང་འབུམ། པོད། ༼༦༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་ ༧༨༢

[4] ནཱལཱནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༨༩

[5] ནཱལཱནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༨༩

[6] དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད། ༢༠༠༤ ལོ། ཤོག་གྲངས་ ༡༦

[7] དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད། ༢༠༠༤ ལོ། ཤོག་གྲངས་ ༡༧

[8] ཕྱི་ལོ་ ༢༠༡༧ ཟླ་བ་ ༧ ཚེས་ ༡༣ ཉིན་༸གོང་ས་མཆོག་གིས་ལ་དྭགས་ནུབ་རར་སྩལ་པའི་བཀའ་སློབ།

[9] པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་གྲངས་ ༥༡

[10] པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་གྲངས་ ༥

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༡ ནས་ ༢༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *