ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། ༼ཀ༽
དཀར་ཆག
༡༽ རྩོམ་པ་པོའི་སྔོན་གླེང་།
ལེའུ་དང་པོ། ནཱ་ལེནྡྲའི་གཙུག་ལག་ཁང་གི་མཚན་གྱི་སྐོར།
ཀ༽ དཔལ་ནཱ་ལེནྡྲའི་ཐ་སྙད་ཀྱི་ཐོག་མ།
ཁ༽ ནཱ་ལེནྡྲ་དང་སྟོན་པ་བཅོམ་ལྡན་འདས།
ག༽ དཔལ་ནཱ་ལེནྡྲའི་མཚན་གྱི་དག་སྡེབ།
ང༽ མཚན་ཐོགས་ཚུལ་དང་མཚན་གྱི་སྒྲ་བཤད།
ལེའུ་གཉིས་པ། ནཱ་ལེནྡྲ་གང་དུ་ཆགས་པའི་གནས།
ཀ༽ དཔལ་ནཱ་ལེནྡྲ་གང་དུ་ཆགས་པའི་གནས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 41
༡༽ ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 51
༢༽ ཤཱ་རིའི་བུའི་རྣམ་ཐར་སྙིང་བསྡུས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 63
༣༽ ཤཱ་རིའི་བུའི་ཡབ་ཡུམ་གཉིས་ཀྱི་ལོ་རྒྱུས།
༡) ཤཱ་རིའི་བུའི་ཡུམ་གྱི་ལོ་རྒྱུས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 79
༢) ཤཱ་རིའི་བུའི་ཡབ་ཀྱི་ལོ་རྒྱུས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 83
༣) ཤཱ་རིའི་བུའི་ཡབ་ཡུམ་གཉིས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 87
༤) མཇུག་ཞུ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 89
༤༽ མོངྒལ་བུའི་རྣམ་ཐར་སྙིང་བསྡུས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 91
ལེའུ་གསུམ་པ། ནཱ་ལེནྡྲ་སུས་ནམ་ཞིག་བཞེངས་པ།
ཀ༽ ནཱ་ལེནྡྲ་བཞེངས་དུས་དང་བཞེངས་པ་པོ།
༡༽ མྱ་ངན་མེད་ཀྱིས་ནཱ་ལེནྡྲ་ཐོག་མར་ཕྱག་བཏབ་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 97
༢༽ དུས་རབས་གསུམ་པར་བཞེངས་ཟིན་པའི་སྐོར།
༡) རྒྱ་གར་མཁས་པའི་གཞུང་ལས་ཇི་ལྟར་བྱུང་བ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 125
༢) རྒྱའི་བཙུན་པའི་ལམ་ཡིག་ལས་ཇི་ལྟར་བྱུང་བ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 127
༣) བོད་ཀྱི་མཁས་པའི་གཞུང་ལས་ཇི་ལྟར་བྱུང་བ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 133
༣༽ མཐོ་བཙུན་སོགས་ཀྱིས་ཆོས་གཞི་དར་བར་མཛད་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 133
༤༽ སྒྲ་གཅན་འཛིན་བཟང་པོས་རྒྱས་པར་མཛད་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 143
༥༽ ཀླུ་སྒྲུབ་ཀྱིས་ཤིན་ཏུ་རྒྱས་པར་མཛད་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 161
༡) ཀླུ་བོས་དང་འཕགས་པ་ལྷས་མཁན་པོ་མཛད་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 181
༢) སྒྲ་གཅན་འཛིན་བཟང་པོས་དྲི་གཙང་ཁང་བཅུ་བཞི་བཞེངས་ཚུལ། ༌༌༌ 185
༣) ཐོགས་མེད་སྐུ་མཆེད་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ། ༌༌༌༌༌༌ 193
༦༽ དུས་རབས་ལྔ་པར་བཞེངས་ཏེ་དྲུག་པར་རྒྱ་བསྐྱེད་པར་འདོད་ཚུལ།
༡) རྒྱལ་པོ་ཀུ་མ་རཱ་གུཔྟས་བཞེངས་པར་འདོད་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 197
༢) རྒྱལ་པོ་འཇིག་རྟེན་ཉི་མས་བཞེངས་པར་འདོད་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 209
༣) ཕྱི་ལོའི་དུས་རབས་ལྔ་པར་བཞེངས་པའི་སྒྲུབ་བྱེད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 215
༧༽ ཕྱི་ལོའི་དུས་རབས་བདུན་པར་བཞེངས་པར་འདོད་ཚུལ།
༡) རྒྱལ་པོ་གཽ་པཱ་ལས་གསར་བཞེངས་མཛད་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 233
༨༽ ནཱ་ལེནྡྲ་ཕྱག་བཏབ་པའི་དུས་ཚིགས་ལ་དཔྱད་པ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 245
ལེའུ་བཞི་པ། ནཱ་ལེནྡྲ་རྒྱ་སྐྱེད་དང་ཉམས་གསོ།
ཀ༽ ཆོས་རྒྱལ་དང་པཎ་གྲུབ་རྣམས་ཀྱིས་རྒྱ་སྐྱེད་མཛད་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 255
ཁ༽ བསྟན་པར་དགྲ་ལན་གསུམ་དང་བར་གྱི་ཉམས་གསོ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 265
ལེའུ་ལྔ་པ། ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་བཀོད།
ཀ༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 273
༡༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་བྲིས་རིས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 301
ཁ༽ ནཱ་ལེནྡྲའི་དགོན་པ་ཁག་གི་བཟོ་བཀོད།
༡༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་ངོ་སྤྲོད་སྙིང་བསྡུས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 305
༡) དགོན་པ་ཨང་དང་པོའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 309
༢) དགོན་པ་ཨང་གཉིས་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 310
༣) དགོན་པ་ཨང་གསུམ་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 310
༤) དགོན་པ་ཨང་བཞི་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 313
༥) དགོན་པ་ཨང་ལྔ་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 313
༦) དགོན་པ་ཨང་དྲུག་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 314
༧) དགོན་པ་ཨང་བདུན་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 315
༨) དགོན་པ་ཨང་བརྒྱད་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 316
༩) དགོན་པ་ཨང་དགུ་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 316
༡༠) དགོན་པ་ཨང་བཅུ་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 317
༡༡) དགོན་པ་ཨང་བཅུ་གཅིག་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 318
ག༽ ནཱ་ལེནྡྲའི་ལྷ་ཁང་ཁག་གི་བཟོ་བཀོད།
༡༽ ལྷ་ཁང་ཨང་དང་པོའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 319
༢༽ ལྷ་ཁང་ཨང་གཉིས་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 320
༣༽ ལྷ་ཁང་ཨང་གསུམ་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 321
༤༽ ལྷ་ཁང་ཨང་བཅུ་གཉིས་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 322
༥༽ ལྷ་ཁང་ཨང་བཅུ་གསུམ་པའི་བཟོ་བཀོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 323
༦༽ ནཱ་ལེནྡྲའི་འགྲེམས་སྟོན་ཁང་ངོ་སྤྲོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 324
ལེའུ་དྲུག་པ། ནཱ་ལེནྡྲའི་གཙུག་ལག་ཁང་གི་ནང་རྟེན།
ཀ༽ དཔལ་ནཱ་ལེནྡྲའི་ནང་རྟེན་བྱིན་ཅན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 327
༡༽ ཐུགས་རྗེ་ཆེན་པོ་མཛུབ་ཀེར་མ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 329
༢༽ འཇམ་དབྱངས་མཇིང་ཡོན་མ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 330
༣༽ སྒྲོལ་མ་རྒྱན་མེད་མ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 331
༤༽ སྲན་མའི་སྒྲོལ་མ་གསུང་བྱོན་མ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 333
༥༽ བསྟན་སྲུང་ཡེ་ཤེས་མགོན་པོ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 335
༡) ནཱ་ལེནྡྲའི་བསྟན་སྲུང་མགོན་པོ་བྱ་རོག་གདོང་ཅན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 339
༦༽ ནཱ་ལེནྡྲའི་ཉེ་འཁོར་གྱི་གནས་རྟེན་གཙོ་བོ་བརྒྱ་ཙམ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 352
༧༽ ནཱ་ལེནྡྲ་དང་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 354
ལེའུ་བདུན་པ། ནཱ་ལེནྡྲའི་བསླབ་གཞི་དང་སྒྲིག་ལམ།
ཀ༽ དཔལ་ནཱ་ལེནྡྲའི་བསླབ་གཞིའི་སློབ་ཚན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 363
ཁ༽ ནཱ་ལེནྡྲའི་གཙུག་ལག་སློབ་ཁང་གི་སྒྲིག་གཞི། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 373
ག༽ ནཱ་ལེནྡྲའི་གཙུག་ལག་ཁང་དང་གསང་སྔགས་ཀྱི་ཆོས་འཁོར། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 385
ང༽ ནཱ་ལེནྡྲའི་གདན་སའི་སྦྱིན་བདག་ཆོས་རྒྱལ་རིམ་བྱོན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 399
ལེའུ་བརྒྱད་པ། ནཱ་ལེནྡྲའི་དཔེ་མཛོད་དང་བསྒྱུར་གཞུང་།
ཀ༽ དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་དཔེ་མཛོད། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 409
ཁ༽ དཔལ་ནཱ་ལེནྡྲར་བསྒྱུར་བའི་གསུང་རབ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 423
ལེའུ་དགུ་པ། ནཱ་ལེནྡྲ་དང་བོད་ཀྱི་འབྲེལ་བ།
ཀ༽ རྒྱལ་སྤྱིའི་ནང་པའི་གཙུག་ལག་སློབ་གྲྭར་གྱུར་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 431
ཁ༽ དཔལ་ནཱ་ལེནྡྲ་དང་བོད་བར་གྱི་འབྲེལ་བ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 437
ག༽ དཔལ་ནཱ་ལེནྡྲ་དང་བོད་ཀྱི་ལོ་ཙཱ་བ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 453
ལེའུ་བཅུ་པ། ནཱ་ལེནྡྲའི་དགེ་འདུན་པའི་སྐོར།
ཀ༽ ནཱ་ལེནྡྲའི་དགེ་འདུན་པའི་གྲངས་དང་གྲུབ་ཆ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 479
ཁ༽ དཔལ་ནཱ་ལེནྡྲའི་དགེ་འདུན་པའི་ཕྱག་ལེན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 495
ག༽ ནཱ་ལེནྡྲའི་དགེ་འདུན་པའི་མཚན་འདོགས་ཚུལ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 499
ང༽ དཔལ་ནཱ་ལེནྡྲའི་དགེ་འདུན་པའི་འཚོ་བ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 501
ལེའུ་བཅུ་གཅིག་པ། དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས།
གླེང་སློང་བ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 509
ཚན་པ་དང་པོ། ཆེས་སྔ་བའི་རྒྱལ་སྤྱིའི་སློབ་གླིང་།
{༡} དཔལ་ནཱ་ལནྡཱ་དབུ་བརྙེས་པ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 513
{༢} “རིན་ཆེན་བུམ་པའི་” ཆག་འཇིག ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 521
{༣} ལོ་རྒྱུས་ཀྱིས་མི་བརྗེད་པའི་ནཱ་ལནྡཱ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 527
ཚན་པ་གཉིས་པ། ཁྱད་ཆོས་ལྡན་པའི་སློབ་གསོའི་ཐབས་ལམ།
{༡} ནཱ་ལནྡཱའི་སྲོལ་རྒྱུན། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 529
{༢} “རྟོན་པ་བཞི་” དང་བསམ་བློའི་རང་ཚུགས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 538
ཚན་པ་གསུམ་པ། ནཱ་ལནྡཱའི་གྲུབ་འབྲས།
{༡} མི་ཡུལ་ལ་བྲོ་བ་སྦྱིན་པའི་ “མི་སྣ།” ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 557
{༢} ཤེས་རབ་ཀྱི་ཁྱིམ་གཞིས་ཆུང་ཆུང་། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 561
{༣} བྱམས་བརྩེ་དང་མི་གཞིའི་མཛེས་སྡུག ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 578
{༤} ལྷ་ཡི་བཀོད་འདོམས་ལ་མགོ་མི་སྒུར་བའི་ཆོས་ལུགས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 584
{༥} ལྟ་བའི་རང་དབང་དང་འདུལ་ཁྲིམས། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 606
མཇུག་གི་གཏམ། ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 608
པར་བྱང་སྨོན་ཚིག ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ 615
རྩོམ་པ་པོའི་སྔོན་གླེང་།
སྟོན་པས་ཞབས་བཅགས་ས་གཞི་བྱིན་བརླབས་དང་། །
མཆོག་ཟུང་རྣམ་གཉིས་འཁྲུངས་འདས་ཡུལ་མཆོག་ཏུ། །
ཉེར་བར་བལྟམས་པའི་པཎ་གྲུབ་གདན་ས་ཆེ། །
བསྟན་པའི་འབྱུང་ཁུངས་ནཱ་ལེནྡྲ་ལ་བསྟོད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཉམ་མེད་ཤཱཀྱ་སེངྒེ་གང་ཉིད་དངོས་སུ་བྱོན་ནས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་འཁོར་རིམ་པ་གསུམ་གྱིས་མཚོན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལེགས་པར་གསུངས་ཤིང་། དེ་འཛིན་གྱི་སྐྱེས་བུ་སྟོན་པའི་གཏད་རབས་ཆེ་བདུན་དང་། དེ་བཞིན་པཎ་གྲུབ་བཅུ་བདུན་དང་། གཞན་ཡང་སློབ་དཔོན་ཆེན་པོ་བཞི་དང་། རྨད་བྱུང་གི་སློབ་དཔོན་གཉིས། གྲུབ་ཆེན་བརྒྱད་ཅུ་སོགས་མཁས་གྲུབ་སྐྱེས་བུ་དམ་པ་རིམ་པར་བྱོན་ཏེ། རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་བོད་རྒྱ་བལ་གསུམ་དང་། ཉི་ཧོང་། ཀོ་རི་ཡ། ལི་ཡུལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུའང་ཉི་མ་ཤར་བ་ལྟར་དར་འཕེལ་བྱུང་བར་མ་ཟད། དུས་རབས་ཉེར་གཅིག་པའི་སྐབས་འདིར་རྒྱལ་བསྟན་གོ་ལའི་ཁྱོན་ཀུན་ལ་དར་འཕེལ་འགྲོ་བཞིན་པའི་ཐོག་མའི་འབྱུང་ཁུངས་ཀྱང་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲ་སྟེ་སྦྱིན་པས་མི་ངོམ་པའི་གཙུག་ལག་ཁང་དང་། བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་གྱི་གཙུག་ལག་ཁང་། ཨོ་ཏནྟ་པུ་རི་སྟེ་འཕུར་བྱེད་ཀྱི་གཙུག་ལག་ཁང་། ཏཀྵ་ཤི་ལཱ་སྟེ་རྡོ་འཇོག་གི་གཙུག་ལག་ཁང་བཞི་པོ་འདི་དག་གཙོ་བོ་ཡིན། དེ་ཡང་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་འཛམ་གླིང་སྤྱི་བཤད་ངོ་མཚར་གཏམ་སྙན་ལས། འཕགས་ཡུལ་དུ་དགོན་སྡེ་མང་དུ་ཡོད་པ་ལས་བོད་དུ་གྲགས་པ་ནི། དབུས་མ་ག་དྷའི་ཆར་གཏོགས་སུ་རྡོ་རྗེ་གདན། ནཱ་ལེནྡ་དང་། གཞན་ཨོ་ཏནྟ་པུ་རི་སོགས་དགོན་ཆེན་རྣམས་དང་། ཤར་ཉེ་འོག་ཏུ་བྱ་གག་གི་ཀུན་དགའ་ར་བ། བྱང་དུ་གར་མཁན་མཆོག །ཤཪ་དུ་ནཱ་ལེནྡ། བྲི་ཀ་མ་ལ་ཤཱི་ལ། ཨོ་ཏནྟ་པུ་རི། ལྷོར་ཀོངྐུའི་བྱེ་བྲག་གཉྩིར་རྒྱལ་དབང་གཙུག་ནོར་ཆོས་གྲགས་ཀྱི་བཞུགས་གནས་དང་། ནུབ་ཀྱི་ནཱ་རོ་པའི་ཕུ་ལ་ཧ་རི། བཅོམ་བརླག་ཏུ་འདམ་བུ་ཅན་གྱི་ལྷ་ཁང་ཡོད། ཆོས་གྲགས་ཀྱི་གནས་གཅིག་ནི་ཏམྦུ་ལ་ཡིན། སངས་རྒྱས་བསྐྱངས་ཀྱི་གནས་ལྷོའི་སཽརཥྚ་སོགས་ཡོད་དོ། །ཞེས་གསུངས་པ་ལྟར་རྒྱ་གར་འཕགས་ཡུལ་གྱི་ཕྱོགས་མཚམས་རྣམས་སུ་ནང་བསྟན་གྱི་རྟེན་གཞི་གཙུག་ལག་ཁང་མང་དུ་བྱུང་ཡོད།
དེ་བཞིན་རྒྱ་གར་འཕགས་ཡུལ་དུ་སྙན་གྲགས་ཅན་གྱི་གཙུག་ལག་ཁང་གང་དག་ཡོད་པ་ནི། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ (1922-2001) མཆོག་གིས་མཛད་པའི་བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་གི་དཀར་ཆག་ལས། སྟོན་པའི་མཛད་ཆེན་རེ་རེའི་སྐབས་སུ་བཞེངས་པ་ཡོངས་གྲགས་ཀྱི་མཆོད་རྟེན་བརྒྱད་སོགས་ཐུགས་རྟེན་དཔག་ཏུ་མེད་པས་ནོར་འཛིན་ཁྱོན་མཛེས་པར་བྱས་པ་དང་། ཁྱད་པར་འདིར་སྐབས་དང་འབྲེལ་འཕགས་བོད་ཀྱི་ཡུལ་དུ་གཙུག་ལག་ཁང་གྲགས་ཆེ་བ་ཇི་ལྟར་བཞེངས་པའི་ཕྱོགས་ཙམ་མཚོན་ན། དེ་ལ་རྒྱ་གར་དུ་སྟོན་པ་ཐུགས་རྗེ་ཅན་འཚོ་ཞིང་གཞེས་པའི་སྐབས་ཉིད་ན། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཝཱ་རཱ་ཎ་སཱིའི་ཁྱིམ་བདག་དགེ་བཟང་གིས་དགེ་བཟང་གི་གཙུག་ལག་ཁང་དང་། འོད་མའི་ཚལ་དུ་རྒྱལ་པོ་གཟུགས་ཅན་སྙིང་པོས་འོད་མའི་ཚལ་གྱི་ཀུན་དགའ་ར་བ་དང་། མཉན་ཡོད་རྒྱལ་བྱེད་ཚལ་དུ་ཁྱིམ་བདག་ཟས་སྦྱིན་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་དང་། སེར་སྐྱའི་སྐྱེ་ཡོད་དང་། ནྱ་གྲོ་དྷ་དང་། ཚངས་པའི་གནས་ཀྱི་སྐྱེད་ཚལ་གསུམ་དུ་རྒྱལ་པོ་ཟས་གཙང་གིས་དེ་གསུམ་གྱི་ཀུན་དགའ་ར་བ་དང་། མཱ་ལ་བའི་ཡུལ་གྲོང་ཁྱེར་འཕགས་རྒྱལ་དུ་རྒྱལ་པོ་གཏུམ་པོ་རབ་སྣང་གིས་རབ་སྣང་ཀུན་དགའ་ར་བ་དང་། ཡངས་པ་ཅན་གྱི་སྤྲེའུའི་རྫིང་གི་འགྲམ་ཤིང་སཱ་ལའི་ཚལ་ཆེན་པོར་དམག་དཔོན་སེངྒེ་དང་ལི་ཙཱ་བྱི་རྣམས་ཀྱིས་སྤྲེའུའི་རྫིང་གི་འགྲམ་ཆེན་པོའི་ཁང་པ་བརྩེགས་པའི་གཙུག་ལག་ཁང་དང་། འབྲོག་གནས་སུ་ལག་བརྒྱུད་འབྲོག་གནས་ཀྱིས་འབྲོག་གནས་མཆོག་གི་གཙུག་ལག་ཁང་བཞེངས་པ་སོགས་རྒྱལ་པོ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་གཙུག་ལག་ཁང་དཔག་ཏུ་མེད་པ་བཞེངས་པར་མདོ་རྣམས་ལས་རྒྱ་ཆེར་འབྱུང་བ་ལྟར་རོ།།
སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་མ་ག་དྷའི་བྲམ་ཟེ་མོ་ཛ་སའི་བུ་གསུམ་གྱི་ཆེ་བ་རྒྱལ་བས་ཝཱ་རཱ་ཎ་སཱིར་སྟོན་པའི་སྐུ་གཟུགས་ཀྱི་ལྷ་ཁང་བཞེངས་པ་དང་། འབྲིང་པོ་ལེགས་རྒྱལ་གྱིས་རྒྱལ་པོའི་ཁབ་འོད་མའི་ཚལ་དུ་སྟོན་པའི་སྐུ་གཟུགས་བྱང་ཆུབ་ཆེན་པོ་གནྡྷོ་ལ་དང་བཅས་པ་བཞེངས་པ་དང་། གྲོང་ཁྱེར་བཅོམ་བརླག་གི་ཚོང་པ་ཌ་དང་བྷ་ཌྜ་གཉིས་ཀྱིས་གར་མཁན་དཔའ་བོའི་གཙུག་ལག་ཁང་དང་། ཡུལ་བཅོམ་བརླག་ཏུ་བྲམ་ཟེ་གྲགས་ལྡན་གྱིས་འདམ་བུ་ཅན་གྱི་གཙུག་ལག་ཁང་དང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་གྲོང་ནཱ་ལ་དའི་ཤུལ་དུ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། མཐོ་བཙུན་གྲུབ་རྗེ་དང་དང་པོའི་སློབ་དཔོན་ལྔ་བརྒྱས་ནཱ་ལེནྡྲར་གཙུག་ལག་ཁང་བརྒྱད་དང་། བྲམ་ཟེ་ཆོས་ལྡན་གྱིས་ཀུ་རུའི་ཡུལ་དུ་སངས་རྒྱས་པའི་ལྷ་ཁང་བརྒྱ་རྩ་བརྒྱད་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ལྷ་མོ་ཙཎྜ་ཀའི་དངོས་གྲུབ་ལ་བརྟེན་ནས་ནཱ་ལེནྡྲར་ལྷ་ཁང་བརྒྱ་རྩ་བརྒྱད་དང་། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་ལྷ་ཁང་བརྒྱ་རྩ་བརྒྱད་དང་། མ་ག་དྷའི་བྲམ་ཟེ་ལུ་བིཥྞས་ནཱ་ལེནྡྲར་ལྷ་ཁང་བརྒྱ་རྩ་བརྒྱད་དང་། སློབ་དཔོན་འཕགས་པ་ལྷས་རིའི་ལྷ་དང་ཤིང་གི་ལྷ་ལས་ཡོ་བྱད་བླངས་ཏེ་ཡུལ་དབུས་སུ་ལྷ་ཁང་ཉེར་བཞི་དང་། སྒྲ་གཅན་འཛིན་བཟང་པོས་ནཱ་ལེནྡྲར་དྲི་གཙང་ཁང་བཅུ་བཞི་དང་། རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་ཨོ་ཌི་བི་ཤའི་ཡུལ་རྒྱ་མཚོ་དང་ཉེ་བར་རིན་ཆེན་རི་བོའི་གཙུག་ལག་ཁང་དང་། བྷཾ་ག་ལ་དང་ཉེ་བ་རྒྱ་མཚོའི་འགྲམ་དུ་ལྷའི་རི་བོའི་གཙུག་ལག་ཁང་དང་། བྲམ་ཟེ་ཤང་ཀུས་པུཎྜི་ཝརྡྷ་ན་ར་ཨཥྚ་དྷ་ཏུ་ལས་སྒྲོལ་མའི་ལྷ་ཁང་དང་། འཕགས་པ་ཐོགས་མེད་ཀྱིས་བེ་ལུ་བ་ནའི་ནགས་སུ་ཆོས་ཀྱི་མྱུ་གུའི་གཙུག་ལག་ཁང་དང་། མ་ག་དྷ། ཀྲིཥྞ་རཱ་ཛ། ཨུ་རྒྱན་གསུམ་དུ་ལྷ་ཁང་ཉེར་ལྔ་རེ་དང་། རྒྱལ་པོ་ཟབ་མོ་ཕྱོགས་ཀྱིས་གྲོང་ཁྱེར་ས་ག་རིར་ཨུཥྸ་པུ་རིའི་གཙུག་ལག་ཁང་དང་། མཁས་མཆོག་དབྱིག་གཉེན་གྱིས་ཡུལ་མ་ག་དྷར་གཙུག་ལག་ཁང་དྲུག་བརྒྱ་དང་། སློབ་དཔོན་ཙནྡྲ་གོ་མིས་དྷ་ན་ཤྲཱིའི་གླིང་དུ་སྤྱན་རས་གཟིགས་དང་སྒྲོལ་མའི་ལྷ་ཁང་བརྒྱ་ཕྲག་རེ་དང་། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་ཁ་ཆེར་སྒྲོལ་མའི་ལྷ་ཁང་དང་། དགེ་བསྙེན་ཨུཌྜས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དང་། རྒྱལ་པོ་དེ་ཝ་པཱ་ལས་སོ་མ་པུ་རིའི་གཙུག་ལག་ཁང་དང་། ཆོས་རྒྱལ་དྷརྨ་པཱ་ལས་གངྒཱའི་འགྲམ་རི་དེའུ་ཞིག་གི་ཁར་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དང་། རབ་ཞི་བཤེས་གཉེན་གྱིས་ཡུལ་དབུས་སུ་བདུད་བརྩི་འབྱུང་གནས་ཀྱི་གཙུག་ལག་ཁང་དང་། ཇོ་བོ་ཨ་ཏི་ཤས་བལ་ཡུལ་དུ་ཐང་བི་ཧ་རའི་གཙུག་ལག་ཁང་བཞེངས་པ་སོགས་པཎ་གྲུབ་རྒྱལ་བློན་བསྟན་ལ་སྲི་ཞུ་བྱེད་པ་རིམ་པར་བྱོན་པ་ཐམས་ཅད་ཀྱི་ནང་ན་གཙུག་ལག་ཁང་རེ་མ་བཞེངས་པ་མེད་པ་ལྟ་བུར་ཡོད་དོ། །ཞེས་བྱུང་བ་ལྟར་རོ།།
གཙུག་ལག་ཁང་དེ་དག་གི་ནང་ནས་ཀྱང་རབ་དང་ཕུལ་དང་མཆོག་ཏུ་གྱུར་ཅིང་། སྙན་གྲགས་ཀྱི་འོད་དཀར་ཕྱོགས་མཐར་ཁྱབ་པའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་བའི་རྒྱལ་ཁབ་དང་། ཡུལ་གྲུ་རང་རང་གི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་། བཅུ་ཕྲག་རིག་གནས་ལ་ནང་བྱན་ཆུད་པའི་པཎྜི་ཏ་དང་། མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་གྲུབ་ཆེན་རྣམས་ཀྱིས་ཐོག་མར་ཐོས་བསམ་སློབ་གཉེར་མཛད་ཡུལ་གྱི་གདན་ས་གཙོ་བོ་ཡིན་ལ། ཐམས་ཅད་ཀྱི་བགོ་སྐལ་དུ་སྨིན་པའི་འཆད་ཉན་སྒོམ་སྒྲུབ་ཀྱི་གཞི་རྩའི་འབྱུང་ཁུངས་ཀྱང་གཙུག་ལག་ཁང་འདི་ཉིད་ཡིན་པར་མ་ཟད། ལྷག་པར་རྣམ་དཔྱོད་ཀྱི་མིག་སྦྱིན་པར་བྱེད་པའི་པཎ་གྲུབ་བཅུ་བདུན་གྱི་གདན་ས་དང་། རྒྱ་དཀར་ནག་བོད་དང་བཅས་པའི་པཎ་གྲུབ་སྙན་གྲགས་ཅན་ ༥༨ ལྷག་གི་མཁན་པོའི་མཛད་འཕྲིན་སྐྱོང་ཡུལ། གཞན་ཡང་པཎ་གྲུབ་སྙན་གྲགས་ཅན་བཅུ་ཕྲག་གཉིས་ལྷག་བྱོན་པའི་གདན་ས་ཆེན་པོ་ཞིག་དང་། འཛམ་གླིང་ཐོག་འགྲན་ཟླ་དང་བྲལ་བའི་སངས་རྒྱས་བསྟན་པའི་ལྟེ་གནས་ཀྱི་ཆེས་མཐོའི་གཙུག་ལག་ཁང་ཞིག་ཀྱང་ཡིན།
ཡང་སྒོས་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་གྲ་གྲུ་མ་ཉམས་ཤིང་། ཆ་ལག་ཚང་བའི་རང་རེའི་བོད་བརྒྱུད་ནང་བསྟན་གསེར་སྦྱང་བཙོ་མ་ལྟ་བུ་འདི་ཡང་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟར་ཕྱག་རྗེས་རྨད་དུ་བྱུང་བ་འཇོག་པར་མཛད་མཁན་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་རྣམ་གཉིས་ཀྱིས་དབུས་ཟབ་རྒྱས་ཀྱི་ཆོས་ཚུལ་ལ་རྨད་དུ་བྱུང་བའི་མཛད་རྗེས་ཅན་པཎ་གྲུབ་བཅུ་བདུན་སོགས་ཀྱི་སྐུ་དྲིན་ལས་བྱུང་བས། པཎ་གྲུབ་འདི་དག་གི་མཛད་པ་རྣམ་ཐར་ཤེས་རྟོགས་བྱ་གལ་ཆེ་ཞིང་། པཎ་གྲུབ་དེ་དག་གི་རྣམ་ཐར་ཤེས་པ་ལ་ཐོག་མར་མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ཉིད་ཀྱི་བྱུང་རབས་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ།།
དེ་ཡང་བོད་བརྒྱུད་ནང་བསྟན་ནི། ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། དེ་ནས་བྱོན་པའི་པཎ་གྲུབ་རྣམས་དང་འབྲེལ་བ་ཤིན་ཏུ་ཟབ་ཅིང་། ནང་བསྟན་ཆོས་ལུགས་འདི་ཉིད་ནི། བོད་ཀྱི་རིག་གཞུང་གི་ཁྱད་ཆོས་གཙོ་བོ་ཞིག་སྟེ། བོད་གངས་ཅན་ལྗོངས་ཀྱི་གཅེས་ནོར་དང་། ཡངས་པའི་འཛམ་བུ་གླིང་གི་སྤྱི་ནོར་ཞིག་ཀྱང་ཡིན་པའི་ཆ་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། དེ་ནས་བྱོན་པའི་པཎ་གྲུབ་བཅུ་བདུན་སོགས་ཀྱི་བྱུང་རབས་ནི། ང་ཚོ་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་དག་གིས་ངེས་པར་དུ་ཤེས་དགོས་པ་ཞིག་དང་། དེ་དག་ལ་ཞིབ་འཇུག་བྱས་ཏེ་འཁྱོག་པོ་ཡོ་སྲང་དང་ཆད་པ་ཁ་སྐོང་། མི་གསལ་བ་ཇེ་གསལ་དུ་གཏོང་བ་དང་། མདོར་བསྡུས་ཇེ་རྒྱས་སུ་གཏོང་དགོས་པ་སོགས་ནི་རང་རེའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཆགས་ཡོད། དེ་ཡང་བོད་གངས་ཅན་ལྗོངས་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་དེབ་ཐེར་དུ་མར་རྒྱ་གར་འཕགས་ཡུལ་གྱི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ། མདོར་ན་བཅུ་ཕྲག་རིག་པའི་འབྱུང་ཁུངས་དང་། མདོ་སྔགས་རིག་གནས་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་སུ་ངོས་འཛིན་པའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ཉིད་དང་། སྙན་གྲགས་ཅན་གྱི་གཙུག་ལག་ཁང་འདི་ནས་བྱོན་པའི་མཁས་གྲུབ་ལོ་པཎ་དུ་མའི་བྱུང་རབས་ལོ་རྒྱུས་རྣམས་ནི། དུས་ཡུན་རིང་ལ། གཞི་རྒྱ་ཆེ་བ་དང་། ངོ་མཚར་ཞིང་གཏིང་རིང་བར་མ་ཟད། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདིར་ཐེག་པ་ཆེ་ཆུང་དང་། མདོ་སྔགས། ཕྱི་ནང་གི་གྲུབ་མཐའ། བཅུ་ཕྲག་རིག་གནས་སོགས་ལ་ཐོས་བསམ་སློབ་གཉེར་བྱེད་པའི་ཁོར་ཡུག་ཤིན་ཏུ་ལེགས་པས། ནང་པའི་མཁས་གྲུབ་ལོ་པཎ་དུ་མ་སྔ་ཕྱིར་བྱོན་པ་དེ་དག་གིས། བོད་རྒྱ་ལི་གསུམ་སོགས་སུ་ནང་བསྟན་གྱི་ཤུགས་རྐྱེན་མང་དུ་ཐེབས་ཤིང་། དུས་ཕྱིས་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་། མཁས་གྲུབ་སྐྱེས་ཆེན་དམ་པ་དུ་མ་ཞིག་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་འདིར་དངོས་སུ་ཞབས་ཀྱིས་བཅགས་ཏེ་ཐོས་བསམ་སློབ་གཉེར་མཛད་ཅིང་། འཕགས་ཡུལ་གྱི་པཎ་གྲུབ་བརྒྱ་ཕྲག་བརྒལ་བའང་བོད་གངས་ཅན་གྱི་ལྗོངས་སུ་གདན་དྲངས་པ་སོགས་འབྲེལ་བ་ཤིན་ཏུ་ཆེ་ཡང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྐོར་གྱི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་དཀོན་པ་དང་། ཡིག་ཆ་ཡོད་རིགས་དག་ཀྱང་དུས་ཀྱི་རྒུད་པའི་དབང་གིས་ས་ཆུ་མེ་རླུང་སོགས་སེམས་མེད་འབྱུང་བཞིའི་གནོད་པས་འཇིག་པ་དང་། རྒྱ་གར་རང་དུ་ཕྱི་ནང་གི་དམག་འཁྲུག་ཐེངས་མང་བྱུང་བའི་དབང་གིས་རྒྱལ་རབས་སྔ་ཕྱིའི་ལོ་རྒྱུས་དང་། གསུང་རབ་ཁག་མང་བཅས་རྩ་འཐོར་ཁུངས་མེད་དུ་སོང་ཞིང་། ལྷག་པར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གཏོར་བཤིག་དང་ཆབས་ཅིག་མེར་བསྲེགས་པ་སྟེ། མདོར་ན། སེམས་ལྡན་མི་དང་མི་མིན་གྱི་གནོད་པས་ཉམས་ཉེས་ཚབས་ཆེན་བྱུང་བ་ནི་འཕགས་བོད་གཉིས་སུ་ཡོངས་གྲགས་ལྟར་ལགས་ཤིང་། དཔལ་ནཱ་ལེནྡྲའི་དཔེ་མཛོད་ཁང་གི་དཔེ་ཆ་མེར་བསྲེགས་པས་ཟླ་བ་གསུམ་མམ་དྲུག་ཙམ་གྱི་རིང་ལ་མེ་རྒྱུན་འབར་བར་གསུངས་པའང་ཡོད།
སྤྱིར་བྱུང་རབས་ལོ་རྒྱུས་ཞེས་པ་ནི། བྱུང་བ་རིག་པའི་དེབ་ཐེར་དུ་འཁོད་ཟིན་པ་དག་ལ་གཤིབ་བསྡུར་ཞིབ་འཇུག་གི་ལམ་ནས་རྒྱུས་ལོན་བྱས་ཏེ་བརྗོད་དགོས་པ་ཞིག་ལས། རང་གིས་བསམ་བཏང་དྲན་སྐྱེས་ཀྱིས་གསར་བཟོ་བྱ་རྒྱུ་ཞིག་མེད་ལ། ལྷག་པར་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་གྱི་བྱུང་རབས་བརྗོད་དགོས་ཚེ། རང་ཉིད་ཀྱི་ཞེ་འདོད་དང་བསམ་ཚུལ་འདི་ལྟར་ཡིན་ཞེས་ཁ་ཚོན་བཅད་ནས་བརྗོད་ཐུབ་པ་ཞིག་ཀྱང་མིན། སྤྱིར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་རྣམ་ཐར་དག་ནི་རྒྱ་གར་འཕགས་ཡུལ་གྱི་ལོ་རྒྱུས་འབྲི་ཐབས་ལ་དཔེ་བླངས་ཏེ་བྲིས་པ་གཙོ་ཆེ་བས་ན། སྐབས་མང་པོར་དངོས་ཡོད་ལོ་རྒྱུས་ཀྱི་ཐོག་ནས་བདེན་དཔང་བྱེད་མི་ཐུབ་པ་ལྟ་བུའི་གནས་ཚུལ་ཡང་མི་ཉུང་བ་ཞིག་ཡོད། བྱུང་རབས་ལོ་རྒྱུས་དེ་དག་ཁ་གསལ་གོ་བདེ་དང་། ཁུངས་བཙན་ཞིབ་ཕྲ་ཞིག་ཤེས་དགོས་ཚེ། ལོ་རྒྱུས་ཀྱི་དོན་དངོས་ཐོག་མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་། ཡོད་པ་ལ་མེད་པར་སྐུར་བ་འདེབས་པ་ལྟ་བུ་མིན་པར་དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་བརྗོད་དགོས་པ་ཞིག་སྟབས། ནཱ་ལེནྡྲ་དང་པཎ་གྲུབ་རྣམས་ཀྱི་བྱུང་རབས་རྣམ་ཐར་ཡང་། རྒྱ་གར་རང་ཉིད་ཀྱི་གནའ་རབས་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ལ་ཁུངས་གཏུག་དགོས་པ་སྨོས་མེད་ཀྱང་། རྒྱ་གར་འཕགས་ཡུལ་གྱི་གནའ་བོའི་ལོ་རྒྱུས་དག་ལ་མཚོན་ན། ལྷ་སྒྲུང་གི་རིགས་འདྲེས་ཤུགས་ཆེ་ཞིང་། དེ་ཡང་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ངོ་མཚར་ཆེ་ལ་རྣམ་གྲངས་དུ་མའི་སྒོ་ནས་བརྗོད་པའི་ཞར་ཞོར་དུ་དངོས་བྱུང་གི་ལོ་རྒྱུས་དེ་ཉིད་ཆེས་ཉུང་ལ་མདོར་བསྡུས་ལས་མི་གསལ་བ་ནི། རྒྱ་གར་བའི་ལོ་རྒྱུས་འབྲི་ཚུལ་གྱི་ཞན་ཆ་ཞིག་ཏུ་སྣང་ལ། ལྷག་པར་རྒྱ་གར་འཕགས་ཡུལ་ལ་མཚོན་ན། ནང་བསྟན་ཆོས་ལུགས་འདི་ཉིད་དུས་རབས་ཀྱི་འཁོར་བསྐྱོད་དང་། ལོ་རྒྱུས་ཀྱི་དར་རྒུད་ཀྱི་ཁྲོད་ནས་མིང་གི་ལྷག་མ་ལྟ་བུར་གྱུར་པའི་དབང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་ལོ་རྒྱུས་དང་། པཎ་གྲུབ་རྣམས་ཀྱི་རྣམ་ཐར་ཞིབ་རྒྱས་ཤིག་འཚོལ་ཞིབ་དགོས་ཚེ། རྒྱ་གར་རང་ཉིད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ནས་ཤིན་ཏུ་རྙེད་དཀའ་བའི་གནས་སུ་གྱུར་པར་མ་ཟད། སྔོན་བྱོན་བོད་ཀྱི་མེས་པོ་རྣམས་ཀྱིས་ཀྱང་བྱུང་རབས་ལོ་རྒྱུས་ཐོག་ཐུགས་སྣང་ཆུང་སྐྱོན་དང་། འཐུས་ཤོར་གྱི་རིགས་ཀྱང་མི་ཉུང་བ་ཞིག་བྱུང་ཡོད།
དེ་ལྟའི་དབང་ལས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། པཎ་གྲུབ་སོགས་ཀྱི་བྱུང་རབས་རྣམ་ཐར་ཅུང་ཟད་རེ་ཡོད་པ་དེ་དག་ནི་བོད་ཀྱི་ཡིག་ཆ་འགའ་རེ་དང་། རྒྱ་ནག་གི་སློབ་དཔོན་ཐང་སན་ཙང་གི་ལམ་ཡིག་སོགས་ཡིན་ཅིང་། དེ་ཡང་འཕགས་བོད་དུ་བྱོན་མཁན་ལོ་པཎ་རྣམས་ཀྱི་རྣམ་ཐར་དུ་ཐར་ཐོར་རེ་གསལ་ཞིང་། ལོ་པཎ་དེ་དག་གིས་མཛད་པའི་ལམ་ཡིག་ལ་མཚོན་ན། ནག་ཚོའི་ལམ་ཡིག་དང་། ཨོ་རྒྱན་པའི་ལམ་ཡིག །ཆག་ལོ་ཆོས་རྗེ་དཔལ་གྱི་རྣམ་ཐར་དང་། དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱི་འཛམ་གླིང་རྒྱས་བཤད། མཁས་དབང་དགེ་ཆོས་ཀྱི་ལམ་ཡིག་དང་། གཏམ་རྒྱུད་གསེར་གྱི་ཐང་མ། རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱིས་མཛད་པའི་ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ། རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས། གཞན་ཡང་རྒྱའི་བཙུན་པ་ཧྥ་ཤཱན་གྱིས་མཛད་པའི་ཧྥ་ཤཱན་ལམ་ཡིག་དང་། ཐང་སན་ཙང་གིས་མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག །སྡེ་སྣོད་འཛིན་པ་ཡཱི་ཅེན་ཏེ་བཙུན་པ་ཆོས་སྣང་གིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་སོགས་ཀྱི་དེབ་ཐེར་ཁག་ཏུ་མདོར་བསྡུས་རེ་གསལ་བ་རྣམས་ལ་ཞིབ་ཏུ་དཔྱད་ཅིང་། རག་ར་ངག་དབང་བསྟན་པའི་རྒྱལ་མཚན་ (1822-?) གྱིས་མཛད་པའི་རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་ལས། གཏད་རབས་བདུན། རྒྱན་དྲུག་མཆོག་གཉིས། པཎ་གྲུབ་དུས་སྐབས་སོ་སོ་དང་འབྲེལ་བའི་ཕྱིས་ལ་ཝཾ་སེའི་དུས་ཀླ་ཀློའི་སྟོད་ཧོར་པཱ་ཆས་མ་བཅོམ་བར་གྱི་རྒྱ་གར་དབུས་ཤར་གཙོར་གྱུར་པའི་རྒྱལ་རབས་རྣམས་ནི། རྗེ་བཙུན་ཏཱ་ར་ནཱ་ཐའི་འཕགས་ཡུལ་ཆོས་འབྱུང་དུ་ཆེས་གསལ་ཞིང་། ཞེས་གསུངས་པ་ལྟར། རྒྱ་གར་འཕགས་ཡུལ་གྱི་རྒྱལ་རབས་དང་། པཎ་གྲུབ་རྣམས་ཀྱི་རྣམ་ཐར་ཞལ་གསལ་ལ་ཞིབ་ཚགས་ཤོས་ནི་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ཡིན།
གཞན་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་སྐོར་ནང་དོན་རིག་པའི་གཞུང་ལུགས་དང་། རྒྱལ་རབས་ཆོས་འབྱུང་། རྣམ་ཐར་དང་རྟོགས་བརྗོད་སོགས་ཀྱི་དེབ་ཐེར་དུ་མར་ཐར་ཐོར་རེ་གསལ་ནའང་། གོ་རིམ་ལྡན་ཞིང་ཆ་ལག་ཚང་བ་དང་། དཔྱད་ཞིབ་ཀྱི་ལམ་ནས་ཞིབ་རྒྱས་བཀོད་པ་ཧ་ལམ་མེད་པ་ལྟ་བུར་མངོན་པས། ད་ལན་དཔྱད་གཞིའི་ཡིག་ཆ་བཞི་བརྒྱ་ལྷག་མཇལ་སྐལ་བྱུང་བ་རྣམས་གཞི་རྩར་བཟུང་སྟེ་འགའ་ཞིག་རྩ་བ་དང་འགའ་ཞིག་འགྲེལ་པ། ལ་ལ་མདོར་བསྟན་དང་ལ་ལ་རྒྱས་བཤད་ཀྱི་ཚུལ་དུ་ཕྱོགས་བསྒྲིགས་ཞུས་ཡོད། མདོར་ན། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་འདིར་རྒྱལ་བའི་བཀའ་འགྱུར་པོད་ ༡༨ དང་། དགོངས་འགྲེལ་བསྟན་འགྱུར་པོད་ ༤༤ ཡང་འགྲེལ་གསུང་འབུམ་པོད་ ༣༣༠ ཚིག་མཛོད་དང་དུས་དེབ་དྲ་རྒྱ་གསུམ་ནས་དཔྱད་གཞི་ ༣༧ བཅས་ཁྱོན་བསྡོམས་དཔྱད་གཞིའི་ཡིག་རིགས་རྣམ་གྲངས་ ༤༢༩ དཔྱད་གཞིར་བཟུང་ནས་ལུང་འདྲེན་གྱིས་ཕྱོགས་བསྒྲིགས་ཞུས་ཡོད།
དེ་ཡང་། ལེའུ་དང་པོར་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཚན་གྱི་སྐོར་དང་། ལེའུ་གཉིས་པར་ནཱ་ལེནྡྲ་གང་དུ་ཆགས་པའི་གནས། ལེའུ་གསུམ་པར་ནཱ་ལེནྡྲ་སུས་ནམ་ཞིག་བཞེངས་མིན། ལེའུ་བཞི་པར་ནཱ་ལེནྡྲ་རྒྱ་སྐྱེད་དང་ཉམས་གསོ། ལེའུ་ལྔ་པར་ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་བཀོད། ལེའུ་དྲུག་པར་ནཱ་ལེནྡྲའི་གཙུག་ལག་ཁང་གི་ནང་རྟེན། ལེའུ་བདུན་པར་ནཱ་ལེནྡྲའི་བསླབ་གཞི་དང་སྒྲིག་ལམ། ལེའུ་བརྒྱད་པར་ནཱ་ལེནྡྲའི་དཔེ་མཛོད་དང་བསྒྱུར་གཞུང་། ལེའུ་དགུ་པར་ནཱ་ལེནྡྲ་དང་བོད་ཀྱི་འབྲེལ་བ། ལེའུ་བཅུ་པར་ནཱ་ལེནྡྲའི་དགེ་འདུན་པའི་སྐོར་དང་། ལེའུ་བཅུ་གཅིག་པར་དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་བཅས་གླེགས་བམ་སྟོད་ཆར་ལེའུ་བཅུ་གཅིག་དང་། གླེགས་བམ་གྱི་སྨད་ཆའི་ནང་། ལེའུ་བཅུ་གཉིས་པར་ནཱ་ལེནྡྲའི་པཎ་གྲུབ་གྲགས་ཅན་དང་། ལེའུ་བཅུ་གསུམ་པར་ནཱ་ལེནྡྲའི་མཁན་པོ་བསྐོ་སྲོལ་དང་མཁན་རབས། ལེའུ་བཅུ་བཞི་པར་དཔལ་ནཱ་ལེནྡྲའི་པཎ་གྲུབ་གཞན་གྱི་རྣམ་ཐར། ལེའུ་བཅོ་ལྔ་པར་དཔལ་ནཱ་ལེནྡྲ་གཏོར་བཤིག་ཉམས་གུད་ཕྱིན་ཚུལ། ལེའུ་བཅུ་དྲུག་པར་ནཱ་ལེནྡྲའི་གནའ་ཤུལ་གསར་རྙེད་དང་མཐོ་སློབ་གསར་བཙུགས་བཅས་ལེའུ་བཅུ་དྲུག་ཡོད་པ་རྣམས་གླེགས་བམ་སྟོད་སྨད་གཉིས་སུ་ཕྱེ་ནས་ཞིབ་འཇུག་གི་ལམ་ནས་ཕྱོགས་བསྒྲིགས་ཞུས་ཡོད།
གཞན་ཡང་༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1862) མཛད་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས།
ལོ་རྒྱུས་གཞུ་ལ་དྲང་པོའི་རྒྱུད་དྲངས་ནས། །ལེགས་བཤད་འདབ་ལྡན་གཡོ་བའི་ཉག་ཕྲན་ཅན། །
མི་ཤེས་རྨོངས་པའི་སྙིང་ལ་འཕོག་སྲིད་ཀྱང་། །གཟུར་གནས་མཁས་པས་མཐོང་ཚེ་སྤྲོ་བ་འཕེལ། །
ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་ལོ་རྒྱུས་དང་། པཎ་གྲུབ་རྣམས་ཀྱི་རྣམ་ཐར་སོགས་ལོ་རྒྱུས་ཀྱི་གཞུ་མོར་རང་གི་ཞེ་འདོད་ཀྱི་དབང་དུ་མ་སོང་བར་དངོས་ཡོད་ལོ་རྒྱུས་ཀྱི་དྲང་པོའི་རྒྱུད་ལས་དྲངས་ཐོག །བོད་ཀྱི་གནའ་གཏམ་ཚད་མ་ལས། བཀའ་ནི་སྔ་མ་སྔ་མ་བཙན། བསྟན་བཅོས་ནི་ཕྱི་མ་ཕྱི་མ་མཛེས། ཞེས་གྲགས་པའི་ལེགས་བཤད་ལྟར་དཔྱད་གཞིའི་ཡིག་རྙིང་ཁག་ལ་ཁུངས་བཅོལ་དགོས་པ་གལ་གནད་ཆེ་ལ། དེ་ཡང་ཡིག་ཆ་རྣམས་དུས་ཡུན་ཪིང་ཐུང་དང་། བརྗོད་བྱའི་འཕེལ་འགྱུར་གྱི་ཆ་ནས་ཡིག་རྙིང་རྣམས་ལོ་རྒྱུས་ཀྱི་དོན་དངོས་དང་བར་ཐག་ཉེ་བས། ཡིག་ཆ་སྔ་མ་སྔ་མ་རྣམས་ཁུངས་བཙན་པར་ངོས་འཛིན་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་དང་བཅས་པར་དཔྱད་གཞིའི་ཡིག་ཆ་ཇི་ཙམ་སྔ་བ་ལག་ཏུ་སོན་ཐབས་ལ་འབད་པ་དང་གཅིག །གཉིས་ནས་དཔྱད་གཞིའི་ཡིག་ཆ་གང་མང་ལ་ཁུངས་གཏུག་ཐུབ་ཐབས་ལ་འབད་པ་དང་གཉིས། དེ་ཡང་རྒྱ་དཀར་ནག་བོད་དང་བཅས་པའི་ཡིག་ཆ་དང་། ལྷག་པར་བོད་ཡིག་གི་དཔྱད་གཞིའི་ཡིག་ཆར་མཚོན་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ནས་པཎ་གྲུབ་བཅུ་བདུན་སྲོལ་བཟང་བཏོད་པའི་དགོས་དམིགས་ཆེན་པོ་གཉིས་ལས། དང་པོ་ནི། ཆོས་ལུགས་མཐུན་སྒྲིལ་ལ་དམིགས་ནས་པཎ་གྲུབ་བཅུ་བདུན་སྲོལ་བཟང་བཏོད་པ་ལྟར། དཔྱད་གཞི་ཡིག་ཆ་ཡང་ཆོས་ལུགས་ཆོས་བརྒྱུད་དང་བཅས་པ་རིས་སུ་མ་ཆད་པར་ས་དགེ་བཀའ་རྙིང་ཇོ་ནང་གཡུ་དྲུང་བོན་དང་བཅས་པའི་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་མཛད་པའི་ཡིག་ཆར་ཁུངས་གཏུགས་ནས་ཞིབ་འཇུག་གི་ལམ་ནས་འབྲི་རྩོམ་ཕྱོགས་བསྒྲིགས་ཞུས་ཡོད། དེ་ཡང་བཀའ་བསྟན་གསུང་འབུམ་དང་བཅས་པའི་ལུང་ཁུངས་རྣམས་ཀྱང་མགྱོགས་ཁྱད་དང་། ཁྲལ་མངོན་སླ་ཆོས་ལྟ་བུ་མིན་པར་རུ་ང་ཞིབ་ཚགས་ཡོང་ཐབས་ལ་དམིགས་ཏེ་དཔྱད་གཞི་དངོས་ལག་སོན་མ་བྱུང་བ་རེ་ཟུང་ལས། དེ་མིན་བརྒྱུད་འགོད་ལྟ་བུ་མིན་པར་འབྱུང་ཁུངས་དངོས་ནས་ལུང་འདྲེན་དང་། དཔྱད་གཞི་དངོས་ལས་བྱུང་བའི་ཚིག་རིས་ལྟར་དུ་འགོད་ཐབས་ལ་འབད་བརྩོན་ཞུས་ཤིང་། དེ་ལྟའི་ལུང་འདྲེན་གྱི་སྐབས་སུའང་མཛད་པ་པོའི་མཚན་གྱི་མཚམས་སུ་འཁྲུངས་འདས་ཀྱི་ལོ་ཚིགས་དང་། བྱོན་པའི་དུས་རབས་བཅས་ཀྱང་ཤད་གུག་ནང་བཀོད་དེ་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་བྱོན་སྔ་ཕྱི་དང་། དཔྱད་གཞིའི་ཡིག་ཆ་རྣམས་གསར་རྙིང་གང་ཡིན་དང་། མཛད་པ་པོ་དེ་དག་དུས་རབས་གང་དག་ཏུ་བྱོན་མིན་སོགས་ཐད་ཀར་མཁྱེན་རྟོགས་ཐུབ་པར་མ་ཟད། ཕན་ཚུན་གཤིབ་བསྡུར་དཔྱད་ཞིབ་གནང་བདེ་ཡོང་ཐབས་ལ་དམིགས་ནས་ངལ་བ་དང་ཡིག་ཚོགས་ལ་མ་འཛེམས་པར་བཀོད་ཡོད།
གཞན་ཡང་བོད་བརྒྱུད་ནང་བསྟན་གྱི་རིས་མེད་ཆོས་སྡེ་ཁག་ཀྱང་གནའ་བོའི་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ལྟར་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་ལམ་སྟོན་དང་། བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ཞིག་ཡིན་ཚུལ་ཡང་ཡང་བཀའ་སྩལ་པ་ལྟར། མགོན་པོ་གང་གི་རྗེས་འཇུག་གདུལ་བྱ་རྣམས་ནས་དེ་ལྟར་ཡིན་ལུགས་མཁྱེན་རྟོགས་དགོས་གལ་ཤིན་ཏུ་ཆེ་ཞིང་།
དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ཉིད་པཎ་གྲུབ་བཅུ་བདུན་གྱི་གདན་ས་ཡིན་པར་མ་ཟད། བོད་དུ་རྒྱལ་བསྟན་ཡང་འདི་ནས་དར་འཕེལ་བྱུང་བ་དང་། པཎ་གྲུབ་ཉི་ཟླ་དང་མཚུངས་པ་རྣམས་ཀྱང་འདི་ནས་གདན་ཞུ་གནང་བ། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱང་གཙུག་ལག་སློབ་གཉེར་ཁང་འདིར་ཕེབས་ནས་ཐོས་བསམ་འཆད་ཉན་མཛད་པ་ཞིག་ཡིན་པས་ན། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནས་བྱོན་པའི་མཁས་གྲུབ་ལོ་པཎ་རྣམས་དང་། དེ་དག་གི་བཞེད་གཞུང་རྣམས་ལ་རྒྱུས་མངའ་བྱུང་ཚེ་ཆོས་ལུགས་མཐུན་སྒྲིལ་གྱི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་རྣམ་བཞིའི་དགོངས་གཞིའི་ཞབས་ཞུར་སྨན་ངེས་སུ་མཐོང་སྟེ། བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ཡིན་ཚུལ་རྣམས་ཆ་ལག་ཚང་ཞིང་། རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་མཁྱེན་རྟོགས་ཡོང་སླད་དང་། ཆོས་ལུགས་མཐུན་ལམ་ལའང་སྨན་སླད་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་ལོ་རྒྱུས་ཞིབ་ཕྲ་དང་། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་རྒྱས་པ། གཞན་ཡང་པཎ་གྲུབ་བཅུ་བདུན་གྱི་བླ་སློབ་ཏུ་གྱུར་པའི་དཔལ་ནཱ་ལེནྡྲའི་མཁན་རབས་རྣམས་དང་། པཎ་གྲུབ་གྲགས་ཅན་གཞན་དག་ཇི་ཙམ་བྱོན་པའི་རྣམ་ཐར་སྙིང་བསྡུས་རེ་ཡང་ཤེས་གལ་ཤིན་ཏུ་ཆེན་པོར་མཐོང་སྟེ་ཆབས་ཅིག་ཞིབ་འཇུག་གིས་ཕྱོགས་བསྒྲིགས་ཞུས་ཡོད།
དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་ཡུལ་དང་འབྲེལ་ནས་ཉན་ཐོས་ཤཱ་རིའི་བུ་དང་། མོངྒལ་གྱི་བུ་སྟེ་སྟོན་པའི་མཆོག་ཟུང་རྣམ་གཉིས་ཀྱི་རྣམ་ཐར་དང་། ཐོག་མར་གསར་བཞེངས་མཛད་པ་པོ་ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས། བར་དུ་རྒྱ་སྐྱེད་མཛད་པ་པོ་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་གཉིས་ཀྱི་རྣམ་ཐར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་རབས་རིམ་བྱོན་གྱི་པཎ་གྲུབ་ཞལ་གྲངས་ ༥༩ དང་། པཎ་གྲུབ་བཅུ་བདུན་དང་མཁན་རབས་ཀྱི་གྲས་སུ་མ་ཚུད་པའི་ནཱ་ལེནྡྲའི་པཎ་གྲུབ་གྲགས་ཅན་གཞན་ཞལ་གྲངས་ ༢༩ ། པཎ་གྲུབ་བཅུ་བདུན་དང་མཁན་རབས་ཀྱི་བླ་སློབ་ཏུ་གྱུར་པའི་པཎ་གྲུབ་གཞན་གྱི་རྣམ་ཐར་བཅས་ཁྱོན་པཎ་གྲུབ་ ༡༠༠ ལྷག་གི་རྣམ་ཐར་ཡང་མཉམ་དུ་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས། ཉམས་ཞིབ་རྩོམ་འབྲི་བ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢ དགེ་བར།།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཤོག་གྲངས་ A-G དང་། I ནས་ XVI བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།