གངས་ཅན་ལྗོངས་སུ་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་མཛད་པར་གྲགས། རྒྱ་ནག་ཏུ་ཐོགས་མེད་ཀྱིས་མཛད་པར་གྲགས་པ་ «འཕགས་པའི་བསྟན་པ་བསྟན་པའི་བསྟན་བཅོས་» ཞེས་པ་ཞིག་ཤྱན་ཙང་གིས་བསྒྱུར་བ་རྒྱ་ནག་སྐད་དུ་ 顯揚聖教論 (Xiǎnyáng shèngjiào lùn; T1602) ཞེས་གྲགས་པ་ཞིག་ཡོད་པར་བཤད།
«འཕགས་པའི་བསྟན་པ་བསྟན་པའི་བསྟན་བཅོས་» ཞེས་པ་ནི་ཁོ་བོས་བཏགས། མཁས་པས་བརྟག་པར་འོས། བསྟན་བཅོས་ཀྱི་མཚན་ལེགས་སྦྱར་དུ་བསྐྱར་གསོ་བྱས་པ་འགའ་ཞིག་སྣང་། བསྟན་བཅོས་འདི་ཡི་རྒྱ་དཔེ་དང་བོད་འགྱུར་གཉིས་ཀ་མེད་པར་བཤད། འདི་བོད་སྐད་དུ་བསྒྱུར་ཐུབ་ན་ཅོལ་ཆུང་བདག་ལྟ་བུ་ལ་ཕན་པར་སྣང་། རྒན་ཁང་དཀར་ལགས་ཀྱིས་ «འཕགས་པའི་བསྟན་པའི་རབ་དབྱེ་» ཞེས་སུ་བསྒྱུར་ཡོད་པ་འདྲ། ཁོ་བོའི་རྒན་ལགས་ལྟར་ན་འདི་དང་། རྣལ་འབྱོར་སྤྱོད་པའི་ས་དང་། ཆོས་མངོན་པ་ཀུན་བཏུས་གསུམ་ནི་རྣལ་འབྱོར་སྤྱོད་པའི་ཆོས་མངོན་པ་བསྟན་པའི་གཞུང་དུ་ངོས་འཛིན་མཛད། ལྟོས་པའི་དུས་རིམ་ནི་ཐོག་མར་རྣལ་ས་དང་། བར་དུ་ «འཕགས་པའི་བསྟན་པ་བསྟན་པའི་བསྟན་བཅོས་» དང་། མཐའ་མར་ཆོས་མངོན་པ་ཀུན་བཏུས་བསྒྲིགས་ཡོད་པར་སྣང་། «འཕགས་པའི་བསྟན་པ་བསྟན་པའི་བསྟན་བཅོས་» ནི་རྣལ་ས་ལ་གཏུགས་པ་ནི་བསྙོན་དུ་འདོར་མི་ནུས་པར་འདྲའོ། །
ཡོང་ཁུངས། རྡོ་རྗེ་དབང་ཕྱུག་གི་ངོ་དེབ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།