༄༅། །ཕྱི་ལོ་ ༢༠༡༧ ཟླ་བ་ ༦ ཚེས་ ༢༤ ཉིན་ཨ་རིའི་མི་ནེ་སོ་ཊར་གནས་སྡོད་བོད་རིགས་རྣམས་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་ཇི་ལྟར་དར་ཚུལ་དང་། དེར་ཉམས་ལེན་བྱེད་རྒྱུ་གལ་ཆེ་བའི་སྐོར་སྩལ་པའི་བཀའ་སློབ [1]ལས་བཏུས།
བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་ཆོས་དང་། ལྷག་པར་སངས་རྒྱས་པའི་ལྟ་གྲུབ་ནི་སྔར་རྒྱ་གར་དུ་ཐོག་མར་ཏག་ཤཱ་ཤི་ལ་དང་། དཔལ་ནཱ་ལེནྡྲ། བྲི་ཀྲ་མ་ཤཱི་ལ་བཅས་སུ་དུས་རབས་སོ་སོར་གཙུག་ལག་ཁང་དེ་དག་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ཡུལ་གྱི་གནས་གཞི་ཆེན་པོ་ཞིག་ཆགས་པའི་ནང་ནས་ཤུགས་ཆེ་ཤོས་ནི་དཔལ་ནཱ་ལེནྡྲ་རེད་འདུག །
ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་། ཐོགས་མེད་སྐུ་མཆེད་ལ་སོགས་པ་དེ་དག་ནཱ་ལེནྡྲ་ནས་ཕེབས་པ་ཤ་སྟག་རེད་འདུག བོད་གངས་ཅན་ལྗོངས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སངས་རྒྱས་པའི་བསྟན་པ་ཐོག་མར་སྲོལ་བཏོད་ཅིང་། དེ་དུས་ནས་རྒྱ་གར་ལ་ཧ་ཅང་ཐུགས་སྣང་ཆེན་པོ་གནང་འདུག །དེ་མིན་ཆོས་རྒྱལ་རང་ཉིད་རྒྱ་ནག་ཐང་རྒྱལ་པོའི་སྲས་མོ་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་ནས་རྒྱ་ནག་དང་འབྲེལ་བ་ཧ་ཅང་ཉེ་པོ་ཆགས་ཡོད། འོན་ཀྱང་བོད་ཡིག་འདི་ཉིད་རྒྱ་གར་གྱི་ཡི་གེར་དཔེ་བལྟས་འདུག །
དེ་ནས་དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ནང་ཆོས་ཤུགས་ཆེན་པོ་དར་ཁྱབ་གཏོང་རྒྱུའི་དགོངས་པ་བཞེས་སྐབས་རྒྱ་ནག་བརྒྱུད་ནང་ཆོས་བཞེས་ན་ལས་སླ་བ་ཡོད་ཀྱང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བོད་ཡིག་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས་བཟོས་པ་གནང་ཡོད། དེར་བརྟེན་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་རྒྱ་གར་ནས་གདན་ཞུ་གནང་། འདིར་མཁན་སློབ་ཆོས་གསུམ་གྱི་སྐུ་ཐང་ཡོད་པ་འདི་ང་རང་ཚོ་ཚང་མའི་ཁ་རྒྱུན་ལའང་མཁན་སློབ་ཆོས་གསུམ་ཞེས་བརྗོད་ཀྱི་ཡོད། དེའི་ནང་ནས་མཁན་སློབ་ཆོས་གསུམ་གྱི་ནང་ནས་མཁན་པོ་ཞེས་པ་ནི་མཁན་ཆེན་འདུལ་བ་འཛིན་པ་ཞི་བ་འཚོ་ཆགས་ཡོད། མཁན་ཆེན་ཞི་བ་འཚོ་ནི་དུས་རབས་བརྒྱད་པའི་ནང་དཔལ་ནཱ་ལེནྡྲའི་མཁས་པ་མང་པོའི་ནང་ནས་མཁས་པའི་གཙུག་རྒྱན་ལྟ་བུ་ཆགས་འདུག །དེ་ལྟར་ཡིན་པའི་རྟགས་ནི་ཚད་མའི་གཞུང་ཚད་ཆེན་མཛད་ཡོད།
སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་སྐབས་སུ་ཚད་མའི་གཞུང་མང་དུ་མཛད་ཅིང་། སྐབས་དེར་མུ་སྟེགས་པའི་གྲུབ་མཐའ་དང་ཚད་མའི་སྐོར་ལ་བགྲོ་གླེང་གནང་བ་དེ་རིགས་དཔལ་ལྡན་ཆོས་གྲགས་དགོངས་པ་རྫོགས་རྗེས་མུ་སྟེགས་པའི་མཁས་དབང་བྱུང་བ་དེ་དག་དང་ལྷན་དུ་རྩོད་པའི་འཕྲོ་སྐྱོང་མཛད་རྒྱུའི་རིགས་མཁན་ཆེན་ཞི་བ་འཚོའི་ཚད་ཆེན་ནང་མཛད་འདུག །ལྟ་བའི་སྐོར་ཆ་བཞག་ན། ཁོ་རང་དབུ་མ་པའི་ལྟ་བ་འཛིན་པ་གནང་མཁན་དང་། ནང་གསེས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་རང་རྐང་ཚུགས་པའི་གྲུབ་མཐའ་ཞིག་སྲོལ་བཏོད་གནང་ཡོད།
སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་སྟེ། དཔལ་ས་སྐྱ་པའི་མཁས་དབང་ཚོས་རང་རྒྱུད་ལ་རང་རྒྱུད་གོང་མ་དང་འོག་མ་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ནི། སྤྱིར་སེམས་ཙམ་པ་གྲུབ་མཐའ་གོང་མ་ཡིན་སྟབས་རང་རྒྱུད་གོང་མ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་མདོ་སྡེ་པ་གྲུབ་མཐའ་འོག་མ་ཡིན་སྟབས། རང་རྒྱུད་འོག་མ་ཞེས་གསུངས་ཡོད།
མདོར་ན། མཁན་ཆེན་ཞི་བ་འཚོ་དངོས་འབྲེལ་སྙན་གྲགས་ཡོད་པའི་མཁས་དབང་ཆེན་པོ་ཞིག་རེད་འདུག །མཁས་དབང་འདི་བོད་ལ་གདན་ཞུ་གནང་ནས་ཁོང་གིས་བོད་ལ་སངས་རྒྱས་ཀྱི་བསྟན་པ་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དྲི་མ་མེད་པ་དེ་བཙུགས་པ་རེད། དེར་བརྟེན་དེང་སྐབས་བོད་ཀྱི་ནང་པ་སངས་རྒྱས་པའི་ལྟ་གྲུབ་སློབ་སྦྱོང་བྱས་པ་དེ་རིགས་འཛམ་གླིང་འདིའི་སྟེང་ནང་པ་ཧ་ལམ་དུང་ཕྱུར་ཁ་ཤས་ཡོད་པའི་ནང་ཕལ་ཆེར་བོད་པ་གཅིག་པུ་རེད་འདུག །གཞུང་དེ་དག་ལོ་ཉི་ཤུ་སུམ་ཅུའི་རིང་སློབ་གཉེར་བྱས་པའི་གྲུབ་དོན་རང་ཉིད་ཀྱིས་ཉམས་ལེན་བྱས་ནས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་འགྲོ་རྒྱུ་ཡོད་པ་དེ་ཕལ་ཆེར་བོད་པ་གཅིག་པུ་རེད་འདུག
རྩ་བའི་ནང་པའི་ལུང་པ་མང་དུ་ཡོད་ལ། ཉམས་ལེན་རིགས་གནང་གི་ཡོད་ཀྱང་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་སློབ་གཉེར་ཤུགས་རྒྱག་མཁན་ཕལ་ཆེར་དཀོན་པོ་རེད་འདུག །དེར་བརྟེན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འཛིན་མཁན་ཆགས་འདུག །དེང་སྐབས་འཛམ་གླིང་འདིའི་སྟེང་བོད་གངས་ཅན་གྱི་ལྗོངས་སུ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་བཞེད་གཞུང་ང་ཚོས་སློབ་གཉེར་བྱས་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་བདག་པོ་བརྒྱབ་པ་འདི་འཛམ་གླིང་སྤྱི་ལ་གང་འཚམ་ཕན་ཐོགས་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ངོས་ཀྱིས་མཐོང་གི་འདུག
སྔ་མོ་ང་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་བའི་སྐབས་སུ་ང་རང་ཚོའི་ཆོས་དང་རིག་གཞུང་ཡོད་པ་དེ་དག་མི་ཉམས་པ་བདག་པོ་རྒྱག་རྒྱུའི་བསམ་བློ་དེ་ཙམ་མ་གཏོགས་མེད། ང་ཚོའི་སློབ་གྲྭ་འཛུགས་རྒྱུ་དང་བདག་པོ་རྒྱག་རྒྱུ་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་ང་རང་ཚོའི་ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུའི་བསམ་བློ་དེ་ལྟར་བཏང་ནས་ཐོག་མར་ང་ཚོའི་སློབ་གྲྭ་དེ་དག་འཛུགས་རྒྱུ་གལ་ཆེན་པོ་བརྩིས་པ་རེད། དེ་བཞིན་སྦག་ས་ཆོས་སྒར་འཛུགས་རྒྱུ་གལ་ཆེན་པོ་བརྩིས་པ་རེད། དེ་ནས་རིམ་པས་གཞིས་ཆགས་ཁག་དེ་དག་སྤུས་དག་པོ་དང་བརྟན་པོ་ཆགས་ཡོང་དུས་ཆོས་སྒར་གཙོ་ཆེ་བ་དེ་དག་གཞིས་ཆགས་ཁག་གི་ནང་ཚུགས་ཏེ་གང་ལྟར་ང་རང་ཚོས་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་ན་བསམ་པའི་བསམ་ཚུལ་འདི་རེད། དེ་ནས་ཕྱི་ལོ་ ༡༩༧༠།༡༩༨༠ སྐབས་ཀྱི་དུས་ཚོད་སླེབས་ཡོང་དུས་ང་ཚོས་བདག་པོ་བརྒྱབ་པ་འདི་བོད་པ་རང་གི་གཅེས་ནོར་བྱས་ནས་བདག་པོ་བརྒྱབ་པ་གཅིག་པུ་མིན་པར་འཛམ་གླིང་གི་ཁྲོམ་རའི་སྟེང་གདོན་ཆོག་པ་ཞིག་མཐོང་གི་འདུག །
འདི་ལྟར་བྱས་ཏེ་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ཚན་རིག་པ་དང་འབྲེལ་བ་བྱེད་འགོ་ཚུགས་ཤིང་། ཐོག་མར་ཚན་རིག་པ་དང་འབྲེལ་བ་བྱེད་སྐབས་ང་རང་ཚོའི་གདན་སའི་ནང་གི་མཁན་པོ་སོགས་འགའ་ཞིག་གི་དགོངས་པར་ཚན་རིག་དང་མཉམ་དུ་འབྲེལ་བ་བྱས་ན། སངས་རྒྱས་ཀྱི་བསྟན་པར་གནོད་སྐྱོན་ཡོང་སྲིད་སྙམ་པའི་ཐུགས་བསུན་གནང་གི་འདུག །དེ་ལྟར་དངོས་ཡོད་གནས་ཡུལ་ལ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱེད་སྐབས་གཞི་ནས་ང་ཚོའི་སྤོབས་པ་ཆེ་རུ་འགྲོ་བ་ལྟ་བུ་དང་། ལྷག་པར་སེམས་ཁམས་རིག་པའི་རྣམ་གཞག་དང་། ཚད་མ་རིག་པའི་སྐོར་བརྗོད་སྐབས་ང་ཚོ་བོད་པ་རྣམས་ཁ་བྱང་ལག་བྱང་ཡོད་པ་ཞིག་ཆགས་ཡོད། ནུབ་ཕྱོགས་རིག་གསར་གྱི་ཚན་རིག་པ་རྣམས་དེ་དག་ཐོག་དེ་ཙམ་མཁྱེན་གྱི་མི་འདུག །དེ་ལྟའི་མིག་ལྟོས་གཏན་ནས་མེད་པ་ཆགས་ཡོད། རྒྱ་གར་འཕགས་ཡུལ་ལ་ཕྱི་ནང་གི་ཆོས་ལུགས་ཚང་མས་ཞི་གནས་དང་ལྷག་མཐོང་སྒོམ་རྒྱུ་གསུང་གི་ཡོད། དེས་ན་ཞི་གནས་དང་ལྷག་མཐོང་སྒོམ་མཁན་དེ་དག་གིས་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་བྱ་རྒྱུ་མེད་ན་ཡོང་ཐབས་མེད། དེར་བརྟེན་རྒྱ་གར་གྱི་མུ་སྟེགས་པའི་གཞུང་ལུགས་ནང་ཞི་ལྷག་སྐོར་གསུངས་ཡོད། བདག་མེད་ཀྱི་ལྟ་བ་མེད་པས་ན། འཇིག་རྟེན་པའི་ལྷག་མཐོང་གསུང་གི་ཡོད། མདོར་ན་ཞི་ལྷག་གི་ཉམས་ལེན་བྱ་རྒྱུའི་རིགས་ཡོད་པས་ན། སེམས་ཁམས་རིག་པའི་སྐོར་རང་ཤུགས་སུ་ཐོན་ཡོང་གི་ཡོད། རྒྱ་གར་ལ་ཆ་མཚོན་ན། ཐོག་མའི་ང་ཚོའི་ཤེས་ཡོན་ཕལ་མོ་ཆེ་བྱུང་ས་རྒྱ་གར་ནས་བྱུང་བ་ཞིག་ཡིན་ནའང་། དེང་སྐབས་རྒྱ་གར་ནང་མཁས་དབང་རེ་ཟུང་ཙམ་ཡོད་ན་ལས། དེ་མིན་ཕལ་མོ་ཆེ་ཆོ་ག་ཕྱག་ལེན་ལྟ་བུ་ཞིག་ལས། ལྟ་གྲུབ་ཀྱི་རྣམ་གཞག་སོགས་མཁྱེན་མཁན་ཉུང་ཤས་ལས་མེད། དེས་ན་མཁས་དབང་དུ་མས་དཔལ་ནཱ་ལེནྡྲ་ཞེས་བརྗོད་ན། སློབ་གཉེར་ཁང་ཆེ་ཤོས་ཤིག་ཡིན་པ་ཚང་མས་ངོས་འཛིན་གནང་གི་ཡོད། ནཱ་ལེནྡྲའི་ཤེས་ཡོན་རྣམས་བོད་པས་བདག་པོ་བརྒྱབ་པ་དེ་ཧ་ཅང་གསལ་པོ་ཆགས་ཡོང་གི་འདུག །དེས་ན་བོད་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་ནི། མཁན་སློབ་ཆོས་གསུམ་ལས། གཙོ་བོ་མཁན་ཆེན་ཞི་བ་འཚོས་འཆད་ཉན་གནང་ཞིང་། རྒྱ་གར་འཕགས་ཡུལ་གྱི་བཀའ་བསྟན་གསུང་རབ་ཀྱི་གཞུང་ལུགས་བསྒྱུར་འགོ་བཙུགས་ཤིང་། སྐབས་དེར་ཁྱེད་རང་ཚོ་བོད་ཡིག་ཡོད་སྟབས། བོད་ཡིག་ཐོག་བསྒྱུར་དགོས་ཞེས་བཀའ་སློབ་གནང་ཡོད། འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ལ་སྦྱངས་པ་ཅུང་ཟད་གནང་བ་རེད་ཅེས་བརྗོད་ཀྱི་འདུག །བདེན་པ་ཡིན་མིན་མི་ཤེས། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་དག་གིས་བརྗོད་པ་ལྟར་ན། དགུང་ལོ་དོན་ལྔ་ཙམ་ཞིག་ཡིན་པ་དང། དགུང་ལོ་བརྒྱ་ཕྲག་འགའ་ཞིག་བཞུགས་མིན་ཇི་ལྟར་ཡང་། ཉུང་མཐར་དགུང་ལོ་དོན་ཅུ་དོན་གྲངས་ལ་ཕེབས་ཡོད། དེ་ལྟ་བུའི་བགྲེས་སོང་ཞིག་གིས་བོད་ཀྱི་སྐད་ཡིག་སྦྱངས་པ་གནང་མིན་ཇི་ལྟར་ཡང་ཐུགས་སྣང་ཆེན་པོ་གནང་བ་དངོས་ཡོད་ཆགས་ཡོད།
སློབ་དཔོན་རིན་པོ་ཆེ་ནི་ཆོས་རྒྱལ་གྱི་ཐུགས་རེ་ལྟར་དུ་མཁན་ཆེན་ཞི་བ་འཚོས་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཇི་བཞིན་བོད་དུ་འཆད་ཉན་དར་སྤེལ་མཛད་སྐབས་ཕྱི་ནང་གི་འགལ་རྐྱེན་མང་དུ་བྱུང་བས་ན། དེ་ཡང་ཐུགས་བསྐྱེད་སྨོན་ལམ་དང་འབྲེལ་བའི་སློབ་དཔོན་ཐུགས་རྗེ་ཅན་གྱིས་འགལ་རྐྱེན་དེ་དག་སེལ་གནང་མཛད་པ་བྱུང་ཡོད། དུས་དེ་ནས་བཟུང་སྟེ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་སྤུས་དག་ཅིག་ད་བར་གནས་པ་འདི་ལྟར་རེད།
དཔེར་ན། ལོ་ཤས་སྔོན་ཐའེ་ལན་ཌིའི་མཁས་དབང་དང་། འདུལ་བ་འཛིན་པ་བཅས་ཀྱི་བར་འབྲེལ་བ་ཇེ་མང་དུ་ཕྱིན་པ་ལྟར། སྐབས་ཤིག་ཐའེ་ལན་ཌིའི་སྦེན་ཀོག་ནང་པའི་སློབ་གྲྭ་ཆེན་མོའི་གནས་བརྟན་དགེ་སློང་འདུལ་བ་འཛིན་པ་དང་། མཁས་དབང་གང་འཚམ་ཞིག་དང་ལྡི་ལིར་ངོས་རང་ཐུག་འཕྲད་ཀྱིས་གོ་བསྡུར་བཀའ་མོལ་བྱུང་བར། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་གྱི་རྣམ་གཞག་རྣམས་ང་ཚོ་དང་གཅིག་མཚུངས་ཡིན་པ་དངོས་ར་གསལ་པོར་འཕྲོད་ཅིང་། ཁྱེད་རང་ཚོས་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་འགྲེལ་བཤད་བསྐྱོན་སྐབས་ལུང་ཙམ་ལ་བརྟེན་པ་གནང་གི་ཡོད་དམ། རིགས་པས་སྒྲུབ་ཀྱི་ཡོད་དམ་ཞེས་བཀའ་དྲི་ཞུས་པར། ལུང་ལ་བརྟེན་པ་ལས་རིགས་པས་སྒྲུབ་རྒྱུ་གང་ཡང་མེད་ཅེས་གསུང་གི་འདུག །ངོས་ཀྱི་སེམས་ནང་དེ་མ་ཐག་ཏུ་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་ནང་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྣམས་རིགས་པས་ཤུགས་ཆེ་བསྒྲུབས་པ་གནང་ཡོད། དངོས་གནས་དཔལ་ཆོས་ཀྱི་གྲགས་པ་བཀའ་དྲིན་ཆེན་པོ་རེད་སྙམ་ནས་དམིགས་བསལ་དད་པ་ཞིག་སྐྱེས་བྱུང་། དེས་ན་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་ཀྱི་རྗེས་འབྲང་གཅིག་པ་ཡིན་ནའང་། པཱ་ལིའི་གཞུང་རྣམས་སུ་ཚད་མ་རིག་པ་དེ་ཙམ་མི་འདུག་ཅིང་། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་མཛད་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་ནང་ཡོད་པ་རྣམས་གོང་ཞུས་ལྟར་ཚད་མའི་གཞུང་ཟུར་དུ་ཡོད་པས་ན། ཧ་ཅང་རླབས་ཆེན་རེད་འདུག །དེ་ལྟར་ཡོང་དགོས་པ་དེ་ཡང་། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །
ཞེས་སངས་རྒྱས་བཅོམ་འདས་ཀྱིས། ངའི་ཆོས་འདིར་ཁྱེད་རང་ཚོས་དད་པ་མོས་གུས་ཀྱི་ཐོག་ནས་ཡིད་ཆེས་བྱེད་མི་དགོས་པར། ངས་བཤད་པ་རྣམས་ལ་ཁྱེད་རང་ཚོས་རིགས་པའི་ལམ་ནས་བརྟག་དཔྱད་དང་། ཚོད་ལྟ་བྱེད་དགོས་ཞེས་གསུངས་ཡོད། འདི་ནི་འཛམ་གླིང་འདིའི་ཐོག་སྟོན་པ་མང་དུ་བྱོན་ཡོད་ཀྱང་། འདི་ལྟར་གསུང་མཁན་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ལས་གཞན་མེད། སྟོན་པ་རང་རང་གིས། ངས་ཆོས་བསྟན་པ་རྣམས་ལ་ཁྱེད་རང་ཡིད་ཆེས་བྱེད་དགོས་ཞེས་གསུངས་པ་ལས། བརྟག་དཔྱད་བྱེད་དགོས་ཞེས་གསུང་མཁན་བཅོམ་ལྡན་འདས་ཁོ་ན་ཡིན།
དེས་ན་ནཱ་ལེནྡྲའི་མཁས་པའི་དབང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་དཔེར་ན། མདོ་སྡེ་དགོངས་འགྲེལ་ལྟ་བུ་སྒྲ་ཇི་བཞིན་པར་ཁས་བླངས་ན་མི་འགྲིག་ཅེས་གསུངས་ཡོད། དེ་དག་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་། སྒྲ་ཇི་བཞིན་པ་སྟེ། གང་ཞིག་གསུངས་པ་ལྟར་ཁས་བླངས་ན་རིགས་པས་གནོད་ཀྱིས་འདུག །བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་རིགས་པའི་གནོད་པ་བབས་པར་བརྟེན་སྒྲ་ཇི་བཞིན་པར་ཁས་བླངས་མི་རུང་ཞེས་གསུངས་ཡོད། དེ་ནི་ཧ་ཅང་རླབས་ཆེན་ཞིག་རེད་འདུག །
སྤྱིར་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་ཚང་མ་གོང་ཞུས་ལྟར་མི་ལ་ཕན་ཐོགས་ཡོད་པ་དང་། བྱམས་བརྩེའི་བསླབ་བྱ་གསུང་མཁན་ཤ་སྟག་རེད། ལྟ་གྲུབ་ཀྱི་རྣམ་གཞག་གསུང་སྐབས་ཆོས་ལུགས་ཕལ་མོ་ཆེས་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་འདོད་པའི་ཐོག་ནས་བྱམས་བརྩེ་སྤེལ་བཞིན་ཡོད། དེ་ཡང་ཧ་ཅང་ཤུགས་ཆེན་པོ་ཡོད། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་དེ་ཉིད་མཁྱེན་བརྩེའི་བདག་ཉིད་ཡིན་པས་ཚེ་འདི་ཉིད་འཇིག་རྟེན་བཀོད་པ་པོས་ཐད་ཀར་བཀོད་པ་ཞིག་བརྗོད་པས་ན། འགའ་ཞིག་ལ་ཕ་ལྟ་བུའི་འདུ་ཤེས་སླེབས་པ་ཞིག་ཡོང་གི་ཡོད། ཕའི་ངོ་བོ་དང་རང་བཞིན་གང་འདྲ་ཞིག་ཡོད་དམ་ཞེ་ན། བྱམས་བརྩེའི་བདག་ཉིད་ཅན་ཞིག་ཡིན་པར་འདོད་ཅིང་། དེ་ལྟར་ན་འཇིག་རྟེན་ཁམས་ཀྱི་མི་རྣམས་འཇིག་རྟེན་བཀོད་པ་པོས་བརྩེ་བའི་བདག་ཉིད་དེས་བཀོད་པའི་ཕ་གཅིག་གི་བུ་ལྟར་ཡིན་ཞེས་བརྗོད་སྐབས། མི་ཚང་མ་སྤུན་ཟླ་ལྟ་བུའི་བསམ་བློ་ཤུགས་ཆེན་པོ་འཁོར་བ་ཞིག་ཡོད། ང་རང་ཚོའི་འཇིག་རྟེན་བཀོད་པ་པོ་ཕ་ལྟ་བུ་དེ་ཉིད་བྱམས་བརྩེའི་བདག་ཉིད་ཡིན་པས་ན། ང་ཚོ་ཚང་མ་ཕ་དེ་ཉིད་ཀྱི་ཡིན་སྟབས་བྱམས་བརྩེའི་བློ་ཞིག་རང་བཞིན་གྱིས་ཡོད་པ་དང་། ཇི་ཙམ་བྱམས་བརྩེའི་ཉམས་ལེན་བྱས་པ་དེས་ཕ་ཡི་དགོངས་པ་སྒྲུབ་ཐུབ་ཀྱི་ཡོད་པ་མཐོང་ཐུབ་ཀྱི་ཡོད། ངོས་ནས་ཡེ་ཤུའི་ཆོས་པ་རྣམས་ལ་རྟག་ཏུ་འདི་ལྟར་བརྗོད་བཞིན་ཡོད།
དེ་མིན་གྲངས་ཅན་ལྷ་བཅས་པ་དང་ལྷ་མེད་པ་གཉིས་ལས་ལྷ་མེད་པ་དང་། གཞན་ཡང་གཅེར་བུ་པ། ནང་པ་སངས་རྒྱས་པ་བཅས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་ཅིང་། ལྷག་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན། །ཞེས་རང་ཉིད་ཀྱི་བདེ་སྡུག་ཚང་མ་རང་ཉིད་ཀྱི་ལག་ཏུ་ཡོད་པར་གསུངས་ཡོད། རང་ཉིད་ཀྱིས་ཡག་པོ་བྱས་ན་བདེ་སྐྱིད་ཡོང་བ་དང་། རང་ཉིད་ཀྱི་སྡུག་པ་ཞིག་བྱས་ན་སྡུག་བསྔལ་ཡོང་གི་རེད་ཅེས་གསུངས་ཡོད་པས་འགན་འཁྲི་ཚང་མ་རང་ཉིད་ཀྱི་ཐོག་ཏུ་ཡོད། རང་ཉིད་ཀྱིས་ཡིན་ལུགས་ཚུལ་མཐུན་ཞིག་མ་བྱས་པར་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཡོང་རྒྱུ་གང་ཡང་མེད། དེས་ན་ང་ཚོ་བོད་རིགས་དང་། དེ་བཞིན་རྒྱ་རིགས། གཞན་ཡང་ནང་པའི་ཡུལ་གྲུ་དག་ཏུ་ང་ཚོའི་མ་འོངས་པའི་བདེ་སྡུག་རྣམས་ཧ་ལམ་སངས་རྒྱས་ཀྱི་ཕྱག་ཏུ་ཡོད་པ་ལྟ་བུའི་བསམ་བློ་སྐབས་རེ་འཁོར་གྱི་ཡོད། དེ་ནི་འཇིག་རྟེན་བཀོད་པ་པོའི་ལྟ་ཚུལ་དང་འདྲ་མཚུངས་ལྟ་བུ་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོར། བདག་ཉིད་བདག་གི་མགོན། ཞེས་གསུངས་རང་ཉིད་ཀྱི་མགོན་རང་ཉིད་ཡིན་པར་གསུངས་ཡོད། རང་ཉིད་ཀྱི་མ་འོངས་པའི་བདེ་སྡུག་གང་ཞིག་ཡོང་མིན་རང་ཉིད་ཀྱི་ལག་ཏུ་ཡོད་པར་གསུངས་ཡོད། དེས་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། ཚོམས་ལས[2]།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །
ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །
ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡིག་པ་ཆུ་འཁྲུ་མི་ཐུབ་ལ། དེ་བཞིན་སྡུག་བསྔལ་ཕྱག་གིས་སེལ་མི་ཐུབ་ཅིང་། བཅོམ་ལྡན་འདས་རང་ཉིད་ཀྱི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་རྣམས་ཀྱང་ང་ཚོར་གསོལ་རས་གནང་རྒྱུ་མེད། འོ་ན་ཇི་ལྟར་ཡིན་ཞེ་ན།
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །
ཞེས་བདེ་སྡུག་ནི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཞིང་། སྡུག་བསྔལ་མི་འདོད་པ་ཡིན་པས། སྡུག་བསྔལ་གྱི་རྒྱུ་རྐྱེན་བརྩད་བཅད་ནས་དེ་སེལ་ཐབས་དང་། དེའི་ཐོག་ནས་སྡུག་བསྔལ་ལས་ཐར་ཐབས་བྱེད་པ་དང་། བདེ་སྐྱིད་ཅེས་པ་དེ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བས། དེའི་རྒྱུན་རྐྱེན་རྣམས་ཤེས་པར་བྱས་ཏེ་འབྲས་བུ་བདེ་སྐྱིད་གོང་ནས་གོང་དུ་འཕེལ་ཐུབ་བྱེད་དགོས་པར་གསུངས་ཡོད། དེས་ན་སྟོན་པ་རང་ཉིད་མངོན་པར་རྫོགས་པའི་སངས་རྒྱས་མ་ཐག་ཏུ། རྒྱ་ཆེ་རོལ་པ་ལས།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །
ཞེས་བཅོམ་ལྡན་འདས་ཉིད་ལ་ཆོས་ཟབ་པ་དང་། ཞི་བ། སྤྲོས་བྲལ། འོད་གསལ། འདུས་མ་བྱས་བཅས་དམིགས་བསལ་ཞིག་ཐུགས་རྒྱུད་ལ་ཉམས་མྱོང་འཁྲུངས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་བྱུང་བ་རེད། འོན་ཀྱང་སྐབས་དེར་སྟོན་པ་ཉིད་ཀྱི་ཐུགས་རྒྱུད་ལ་འཁྲུངས་པ་ལྟར་དུ་བསྟན་ན་དེའི་ཚེ་དེའི་དུས་སུ་རྒྱ་གར་འཕགས་ཡུལ་དུ་བདག་མེད་ཀྱི་ལྟ་བ་སུས་ཀྱང་གསུངས་མེད་ཅིང་། བདག་ཏུ་ལྟ་བའི་ཁོ་ནའི་ཐོག་ཏུ་འགྲོ་བཞིན་ཡོད། དེས་ན་བདག་མེད་པའི་ལྟ་བ་བསྟན་ན་རན་ཐབས་མེད་པས་ན།
མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །
ཞེས་བདུན་ཕྲག་བདུན་རིང་ཆོས་མི་གསུངས་པར་བཞུགས་ཤིང་། དེ་རྗེས་འཁོར་ལྔ་སྡེ་བཟང་པོ་སོགས་རིམ་བཞིན་བཅོམ་ལྡན་ཉིད་ཀྱི་ངོ་ཤེས་གྲོགས་པ་རྙིང་པ་དག་གིས་སྟོན་པ་བཅོམ་ལྡན་འདས་ཅུང་ཟད་མི་འདྲ་བ་ཞིག་ཏུ་མཐོང་སྟེ། ཉིད་ཀྱི་ཐུགས་ཀྱི་ཉམས་མྱོང་རྣམས་གསུངས་རོགས་གནང་ཞེས་ཞུས་པ་ལྟར། ཐོག་མར་ཡུལ་ཝཱ་རཱ་ཎ་སཱིར་འཁོར་ལྔ་སྡེ་བཟང་པོར་བདེན་བཞིི་ཆོས་འཁོར་གསུངས་ཤིང་། དེ་ནས་བདག་མེད་པ་ཞེས་པ་དེ་ཉིད་གསུངས་པ་སྟེ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་དང་། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞི། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི། ལམ་རིགས་པ་སྒྲུབ་པ་ངེས་སྦྱིན་བཞི་བཅས་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། ལུས་དྲན་པ་ཉེར་བཞག་དང་། ཚོར་བ་དྲན་པ་ཉེར་བཞག །སེམས་དྲན་པ་ཉེར་བཞག །ཆོས་དྲན་པ་ཉེར་བཞག་སྟེ་དྲན་པ་ཉེར་བཞག་བཞི་སོགས་བྱང་ཆུབ་སོ་བདུན་གྱི་ལམ་དེ་དག་རིམ་པར་གསུངས་ཤིང་། གདུལ་བྱ་དེ་དག་བདག་མེད་ཀྱི་ལྟ་བར་དོ་སྣང་སླེབས་པ་ཞིག་ཆགས་ཡོང་བས་ན། སངས་རྒྱས་མ་ཐག་ཏུ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
ཞེས་གསུངས་པ་དེ་དག་ཞིབ་ཚགས་ཀྱི་ཐོག་ནས་འགྲེལ་བཤད་བསྐྱོན་པ་ནི། གནངས་བྱ་རྒོད་ཕུང་པོའི་རིར་དགེ་སློང་གི་དགེ་འདུན་ཆེན་པོ་སོགས་གདུལ་བྱ་རྣམས་ལ་ཤེར་ཕྱིན་གྱི་མདོ་གསུངས་ནས།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
ཞེས་གསུངས་པ་དེ་དག་དཔྱིས་ཕྱིན་པ་འགྲེལ་བཤད་བསྐྱོན་ནས་གསུངས་ཡོད། ཡང་འཁོར་ལོ་མཐའ་མའི་སྐབས་སུ། ཤེར་ཕྱིན་གྱི་མདོའི་ནང་དུ་འོད་གསལ་འདུས་མ་བྱས་ཕྲ་ཞིང་ཕྲ་བ་གསུངས་པ་དེ་ཙམ་བློ་ངོར་མ་ཆུད་མཁན་གྱི་རིགས་ལ་མདོ་སྡེ་དགོངས་འགྲེལ་ལྟ་བུ་གསུངས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དེ་དག་གཏན་ནས་མེད་པ་རེད་སྙམ་པའི་ཕྱིན་ཅི་ལོག་གི་གོ་སླེབས་ཉེན་ཡོད་སྟབས། གདུལ་བྱ་དེ་དག་གི་སླད་དུ་དགོངས་སྡེ་དགོངས་འགྲེལ་ལྟ་བུ་ངོ་བོ་ཉིད་མེད་ཚུལ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་མིན་ཞེས་གསུངས་ཡོད། དེ་དང་ཆབས་ཅིག་ཁམས་བདེ་གཤེགས་སྙིང་པོ་སྟེ། འཁོར་ལོ་བར་པའི་སྐབས་སུ་དྲི་མ་ཟད་ཐུབ་ལ། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཐར་པའི་གོ་འཐང་ཐོབ་ཐུབ་པར་བརྟེན། ཉོན་མོངས་པས་བཞག་པའི་བག་ཆགས་ཤེས་བྱའི་སྒྲིབ་པ་ཡང་སྤོང་ཐུབ་ཅེས་འཁོར་ལོ་བར་པའི་སྐབས་སུ་གསུངས་ཡོད། དེའི་རྒྱུ་ཆ་གཅིག་ནི་སེམས་རང་བཞིན་གྱི་འོད་གསལ་བ་སྟེ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
ཞེས་གསུངས་པའི་འོད་གསལ་དེ་ལ་ཡུལ་གྱི་འོད་གསལ་དང་། ཡུལ་ཅན་གྱི་འོད་གསལ་གཉིས་ཡོད་པ་ལས། ཡུལ་ཅན་གྱི་འོད་གསལ་དེ་འཁོར་ལོ་མཐའ་མའི་ནང་དུ་ཡོད་པའི་དེ་བཞིན་བདེ་གཤེགས་པ་སྙིང་པོའི་མདོའི་ནང་དུ་གསུངས་ཡོད། འཁོར་ལོ་བར་པའི་སྐབས་སུ་ཡུལ་གྱི་འོད་གསལ་གྱི་རྣམ་གཞག་གསུངས་ཤིང་། འཁོར་ལོའི་སྐབས་སུ་ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་གསུངས་ཡོད། ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ནི། གསང་སྔགས་ཀྱི་སྐབས་སུ་གསུངས་པ་བཅས་ཀྱི་འགྲོ་ལུགས་འདི་ལྟར་ཡིན།
སྔ་འགྱུར་རྙིང་མའི་གཞུང་ནས་ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་དང་། ཀྲི་ཡ་ཨུ་པ་ཡོ་ག་སྟེ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། མཧཱ་ཨ་ནུ་ཨ་ཏི་སྟེ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་ཐེག་པ་རིམ་པ་དགུར་ཕྱེ་ནས་གསུངས་པ་ནི་ཧ་ཅང་བསྡོམས་ཆེན་པོ་ཞིག་ཆགས་ཡོད། འདི་ལྟར་འཁོར་ལོ་དང་པོ་ནས་བཟུང་སྟེ་བང་རིམ་བསྒྲིགས་ན། ཞེ་ས་ན་མ་ཞུས་ན་བཅོམ་ལྡན་འདས་ཀྱིས། དེང་སྐབས་ང་ཚོའི་སློབ་ཆུང་ནང་ཐོག་མར་སློབ་སྦྱོང་སྤྲད་པ་དང་། དེ་ནས་སློབ་འབྲིང་། དེ་ནས་སློབ་ཆེན་དུ་ཕྱིན་པ་ལྟར་ལམ་རིམ་གྱིས་བསྟན་པ་གནང་ཡོད། མདོར་ན། འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་སྡེ་རྣམས་གཙོ་བོ་ཆགས་ཡོད། དེ་དག་གི་དགོངས་འགྲེལ་གསུང་སྐབས་རྗེ་བཙུན་བྱམས་མགོན་གྱིས་བྱམས་ཆོས་སྡེ་ལྔ་མཛད་ཡོད། དཔེར་ན། བདེན་བཞིའི་སྡོམ་ཧ་ཅང་ཡག་པོ་ཞིག་བསྐྱོན་པ་གནང་འདུག །དེ་ཡང་རྒྱུད་བླ་མ་ལས[3]།
ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །
བདེ་གནས་ཐོབ་ཕྱིར་སྨན་ཉིད་བསྟེན་པར་བྱ་བ་ལྟར། །
སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །
ཤེས་བྱ་སྤང་བྱ་ཐོབ་པར་བྱ་ཞིང་བསྟེན་པར་བྱ། །
ཞེས་བདེན་བཞིའི་འགྲོ་སྟངས་ནད་ལ་དཔེ་སྦྱར་ནས་གསུངས་ཡོད། དེ་ཡང་ཐོག་མར་ནད་ཀྱིས་མནར་བཞིན་པ་ཤེས་དགོས་ལ། དེ་ལྟར་ཤེས་ན་ནད་གཞི་དེ་ཉིད་རྒྱུ་གང་གིས་བྱས་མིན་བརྩད་བྱེད་ཅིང་། དེ་ལྟར་བརྩད་གཅོད་བྱེད་སྐབས་རྒྱུ་དེ་སེལ་བའི་སྨན་བསྟེན་ཐབས་ཤིག་སླེབས་ཀྱི་ཡོད། སྨན་བཟས་པ་ལས་ནད་ཀྱི་རྒྱུ་དེ་ལས་ཐར་བ་ཡོང་གི་ཡོད། དེ་ལྟར་བདེན་པ་བཞི་ལ་སྦྱར་ནས་ཧ་ཅང་ཡག་པོ་ཞིག་གསུངས་ཡོད། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་རྒྱུད་བླ་མའི་ནང་དུ་དཔེ་དགུ་དོན་དགུའི་ཐོག་ནས་ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་གསུངས་པ་རྣམས་ཀྱང་ཧ་ཅང་ཡག་པོ་ཞིག་འདུག །
དེ་ནས་གལ་གནད་ཆེ་ཤོས་ནི། ཟབ་མོ་ལྟ་བའི་བརྒྱུད་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ནང་ཡོད། དེ་ཡང་དབུ་མ་ཤེས་རབ་ནང་སྟོང་ཉིད་ཀྱི་རྣམ་གཞག་ཤུགས་ཆེར་གསུངས་ཡོད། བདེན་པ་བཞི་པོ་དེ་དག་ཀྱང་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་གསུངས་པ་སྟེ། དེ་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས[4]།
ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་གསུངས་པའི་ཤླཽ་ཀ་འདིས་བདེན་བཞིའི་རྣམ་གཞག་དཔྱིས་ཕྱིན་པ་ཐོན་ཡོང་གི་ཡོད། ཐར་པ་ཞེས་པ་ནི། ལས་དང་ཉོན་མོངས་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་མེད་པར་གྱུར་པ་སྟེ། ལས་སྔར་བསགས་གསོས་འདེབས་པ་མེད་ཅིང་། གསར་དུའང་གསོག་པ་མེད་པའི་གནས་སྐབས་དེ་ཐར་པ་རེད།
ལས་དང་ཐོན་མོང་ཟད་པས་མཐར། །
ཞེས་གསུངས་ཡོད། འོ་ན་ལས་དང་ཉོན་མོངས་གཉེན་པོ་སྐྱེས་ནས་སྤངས་ཏེ་ལས་ཉོན་ཟད་པའི་ཐར་པ་དེ། ལས་ཉོན་ཇི་ལྟར་མེད་པ་བཟོ་དགོས་སམ་ཞེ་ན། ལས་དང་ཉོན་མོང་རྟོག་ལས། ཞེས་སྲིད་པ་འཁོར་བའི་སྡུག་བསྔལ་དེ་ཉིད་ལས་ཀྱི་དབང་གིས་བྱུང་ཞིང་། ལས་དེ་ཉིད་ཉོན་མོངས་ཀྱི་དབང་གིས་ཡོང་གི་ཡོད། ཉོན་མོངས་དེ་ཉིད་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་ཡོང་བ་བཅས་ནི་ཚན་རིག་པས་ཀྱང་འདི་ལྟར་བརྗོད་བཞིན་ཡོད། ངོས་ཀྱི་ངོ་ཤེས་ཚན་རིག་པ་ཨེ་རོན་སྦེག་ཞུ་བ་བགྲེས་སོང་ཞིག་ཡོད་ཅིང་། ཁ་སང་ངོས་ཀྱིས་བརྩད་གཅོད་བྱས་པར་འགའ་ཞིག་གིས་ཁོང་བཞུགས་ཡོད་ཚུལ་བརྗོད་ཀྱི་འདུག །ལོ་མང་གོང་ཁོང་དང་མཇལ་མྱོང་ཞིང་། སྐབས་དེར་ཁོང་དགུང་ལོ་ ༨༤ རེད་འདུག །ཁོང་གིས་ང་ཚོ་ཁོང་ཁྲོ་དང་ཞེ་སྡང་ཤུགས་ཆེ་ལངས་སའི་ཡུལ་དེ་ཉིད་ང་ཚོར་ཧ་ཅང་མི་སྡུག་པ་ཞིག་ཏུ་སྣང་བཞིན་ཡོད་ལ། མི་སྡུག་པ་བརྒྱ་ཆ དགུ་བཅུ་ཐམ་པ་ཁོང་ཁྲོ་ཟ་མཁན་རང་ཉིད་ཀྱི་སེམས་ཀྱིས་བཅོས་འདུག་ཅེས་བརྗོད་ཀྱི་འདུག །དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས། ཉོན་མོངས་རྣམ་རྟོག་ལས། །ཞེས་གསུངས་པ་དང་ཏག་ཏག་གཅིག་མཚུངས་ཆགས་ཡོད། དེ་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་པ་སྟེ། བློ་ངོར་ཅུང་ཟད་མི་འཐད་པ་ཞིག་ཡོད་ཚེ། དེ་ལ་སྒྲོ་བཏགས་ནས་ཤིན་ཏུ་མི་སྡུག་པ་ཞིག་ཏུ་སྣང་ནས་ཁོང་ཁྲོ་ཟ་བཞིན་ཡོད། ཅུང་ཟད་བཟང་བ་ཞིག་ཡིན་ནའང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་ཤུགས་ཆེར་སྒྲོ་བཏགས་ནས་དེར་ཧ་ཅང་ཞེན་ཅིང་ཆགས་པ་སྐྱེ་བར་གསུངས་ཡོད། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དེ་ཉིད་ཧ་ཅང་རྩ་ཆེན་པོ་རེད་འདུག །ཚན་རིག་པས་ཀྱང་རྒྱབ་སྐྱོར་དང་མཉམ་དུ་འགྲོ་ཐུབ་པ་ཞིག་ཆགས་ཡོད།
ལས་དང་ཉོན་མོངས་རྣམ་རྟོག་ལས། །
ཞེས་གསུངས་པ་ལྟར། དེ་ལྟ་བུའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ནི།
དེ་དག་སྤྲོས་ལས།
ཞེས་བདེན་འཛིན་གྱི་སྤྲོས་པ་ལས་བྱུང་བར་གསུངས། དེས་ན་སྲིད་པ་འཁོར་བའི་སྡུག་བསྔལ་རྣམས་འཁོར་བར་འཕེན་བྱེད་ཀྱི་ཟག་བཅས་ལས་ཀྱི་དབང་གིས་བྱུང་བ་དང་། ལས་དེ་ཉིད་ཉོན་མོངས་ཀྱི་དབང་གིས་བྱུང་བ། ཉོན་མོངས་དེ་ཉིད་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་དབང་གིས་བྱུང་བ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་བདེན་འཛིན་གྱི་སྤྲོས་པ་ལས་བྱུང་བ་རེད་ཅེས་འདི་ལྟར་འབྲེལ་ནས་ཡོང་སྐབས། འགྲོ་ལམ་ལྟ་བུར་ཆ་མཚོན་ན། བློ་ངོར་ཧ་ཅང་གསལ་པོ་ཞིག་འཆར་ཡོང་གི་ཡོད།
སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་བདེན་འཛིན་གྱི་སྤྲོས་པ་དེ་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་བདེན་འཛིན་གྱི་སྤྲོས་པ་དེ་ཉིད་བཅོམ་ཐུབ་ཅིང་། དེ་ལ་ལེགས་སྦྱར་གྱི་གཞུང་གི་ཐོག་ནས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་འདི་ལྟར་གསུང་གི་ཡོད།
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་དུ་འགག་པར་འགྱུར། །
ཞེས་པའི་གོ་བ་ཞིག་ཀྱང་ཡོད་ཅེས་གསུངས། དེས་ན། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་པས་འགོག་བདེན་བཤད་ལ།
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་པས་ལམ་བདེན་དེ་བཤད་ཀྱི་ཡོད། མདོར་ན། ཤླཽ་ཀ་གཅིག་གིས་བདེན་བཞི་ཆ་ཚང་བ་ཞིག་ཧ་ཅང་གསལ་པོར་ཐོན་ཡོང་གི་ཡོད། འདི་ལྟར་བསམ་ན་ཧ་ལས་པ་ཞིག་རེད་འདུག །བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཅས་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད་ཀྱི་བརྒྱུད་པ་གཉིས་ཀྱི་ཐོག་ནས་བཀྲལ་ལུགས་ནི་ཧ་ཅང་གནད་འགག་ཆེན་པོ་རེད་འདུག །
ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་གཙོ་བོ་འཁོར་ལོ་དང་པོའི་སྐབས་སུ་གསུངས་པའི་འདུལ་བའི་ཉམས་ལེན་གྱི་རིགས་ཆ་ཚང་ཡོད་ཅིང་། འདུལ་བ་ལ་བྱེ་བྲག་སྨྲ་བའི་རྩ་བའི་སྡེ་པ་བཞི་ཡོད་པ་ལས། ང་ཚོ་མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་བོད་དུ་བསྣམས་ཕེབས་པ་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་ཡིན་ལ། སློབ་དཔོན་ཡོན་ཏན་འོད་དང་། སློབ་དཔོན་ཤཱཀྱ་འོད་སོགས་ཀྱིས་མཛད་པའི་གཞུང་རྣམས་ལེགས་སྦྱར་ཐོག་མཛད་ནས་བཞུགས་ཡོད་ལ། ང་ཚོའི་སོ་ཐར་གྱི་མདོ་དེ་ཡང་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཏུ་ཡོད། ཐའེ་ལན་ཌི་དང་། འབར་མ། ཤྲི་ལངྒ་སོགས་ཀྱི་སོ་ཐར་གྱི་མདོ་རྣམས་པཱ་ལིའི་སྐད་ཡིག་ཐོག་ཡོད། དེ་ལྟར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། གནས་བརྟན་པའི་སྡེ་པ་བཅས་ཅུང་ཟད་མི་འདྲ་བ་དང་། དེ་བཞིན་རྒྱ་ནག་ཏུའང་འདུལ་བའི་སྡོམ་རྒྱུན་འགའ་ཞིག་ཆོས་སྲུང་སྡེ་པ་དང་། མང་བཀུར་བའི་སྡེ་པ་ལྟ་བུ་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། མདོར་ན་དེ་དག་འཁོར་ལོ་དང་པོའི་དགོངས་འགྲེལ་ཆགས་ཡོད་ལ། དེ་དག་ཆ་ཚང་ང་ཚོ་བོད་ལ་ཡོད། དེ་ལ་ཡང་གནད་འགག་ཅིག་ཡོད།
ལོ་ཤས་སྔོན་ཨོ་སི་ཀྲོ་ལི་ཡར་འཛམ་གླིང་ཆོས་ལུགས་ཀྱི་ཚོགས་ཆེན་ཞིག་ཚོགས་ཆེན་ཞིག་གི་ཐོག་འབར་མའི་མཁས་དབང་དགེ་སློང་གཉིས་ཕེབས་འདུག་ཅིང་། ངོས་རང་ཐུག་དགོས་ཡོད་ངེས་གསུངས་པར་མཇལ་འཕྲད་བྱུང་། ངོས་ནས་ཀྱང་ཆོས་གོས་གྱོན་ཏེ་མཇལ་འཕྲད་ཞུས་པར། བཀའ་མོལ་འཕྲོས་སྐབས་པཱ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་བར་ཅུང་ཟད་མི་འདྲ་བ་ཡོད་ཚུལ་དང་། འོན་ཀྱང་ང་ཚོ་ཚང་མ་འདུལ་བའི་ཉམས་ལེན་གཅིག་གྱུར་རེད་ཅེས་ཞུས་པར། ཁོང་རྣམ་གཉིས་ཀྱིས་ཧ་ལས་ལས་ཀྱིས་ཁྱེད་རང་ཚོར་འདུལ་བའི་ཉམས་ལེན་ཡོད་པ་རེད་དམ། ཞེས་གསུངས་བྱུང་།
ང་ཚོ་བོད་ལ་འདུལ་བའི་ཉམས་ལེན་མེད་པ་ལྟ་བུ་དང་། དུང་རྒྱ་གཏོང་བ་དང་། གར་འཆམ་འཁྲབ་པ། བགེགས་ཚར་གཅོད་པ་སོགས་འདྲ་མིན་བྱས་ཤིང་། སྔགས་ཀྱི་ཆོ་ག་དར་རྒྱས་ཤུགས་ཆེ་བས་འདུལ་བའི་ཐོག་ལ་ཐུགས་སྣང་དེ་ཙམ་མ་བྱུང་བ་འདྲ་འདུག །འདུལ་བའི་ཐོག་ལ་ཉམས་ལེན་ཡོད་པ་རེད་ཅེས་ཞུས་ཤིང་། ངོས་ནས་ཅུང་ཟད་ཀྲོག་ཀྲོག་དང་བཅས་ཏེ། ང་ཚོའི་སོ་ཐར་གྱི་མདོ་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཏུ་ཡོད་ཅིང་། སོ་ཐར་གྱི་མདོའི་དངོས་བཅད་ལྟུང་བ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པ་སྟེ། དེ་དག་ཀྱང་ཕམ་པ་བཞི་དང་། ལྷག་པ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། ཉེས་བྱས་བརྒྱ་དང་བཅུ་གཉིས། སོར་གཤགས་བཞི་བཅས་ཡོད་ཚུལ་ཞུས་པ་ཡིན།
ངོས་ནས་པཱ་ལིའི་མདོའི་ནང་བཞུགས་པའི་དངོས་བཅད་ཀྱི་ལྟུང་བ་དང་། ལེགས་སྦྱར་ནང་བཞུགས་པའི་དངོས་བཅད་ཀྱི་ལྟུང་བ་རྣམས་ཀྱི་ཐད་ལ་དཔྱད་བསྡུར་ཅུང་ཟད་བྱས་མྱོང་ཡོད། པཱ་ལིའི་མདོའི་ནང་དུ་ཕམ་པ་བཞི་དང་། ལྷག་པ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་གོ་གཉིས། ཉེས་བྱས་དོན་ལྔ་བཅས་ཡོད་ཚུལ་རྣམས་ཞུས་པར་ཧ་ཅང་མཉེས་པོ་གནང་ཞིང་། ཁྱེད་རང་ཚོར་འདུལ་བའི་ཉམས་ལེན་ཡོད་ན་ཧ་ཅང་ཡག་པོ་རེད་ཅེས་གསུངས་བྱུང་། ང་ཚོས་དེ་སྔ་འདི་རིགས་དེ་ཙམ་འབྲེལ་བ་མ་བྱུང་བར་ལྷག་ཡོད།
མདོར་ན་འདུལ་བའི་ཉམས་ལེན་གཅིག་གྱུར་ཡོད་པ་ཞིག་ཆགས་ཡོད། མི་འདྲ་བ་ནི་འཁོར་ལོ་བར་པའི་ཤེར་ཕྱིན་གྱི་མདོ་རྣམས་ལེགས་སྦྱར་གྱི་ནང་དུ་མ་གཏོགས་མེད། དེས་ན་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་ཤེར་ཕྱིན་གྱི་མདོ་རྣམས་མེད། དེང་སྐབས་གཞི་ནས་ཐུགས་སྣང་གནང་མཁན་རིམ་བཞིན་ཡོང་བཞིན་འདུག །བདག་མེད་པ་གསུངས་པ་ལས་སྟོང་པ་ཉིད་ཀྱི་དོན་དག་དེ་ཙམ་གསལ་པོ་མེད། བོད་གངས་ཅན་གྱི་ལྗོངས་སུ་དེ་དག་ཆ་ཚང་ཡོད་པ་ཞིག་དང་། དེ་ཡང་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་གུང་བསྒྲིགས་ནས་བལྟས་ན་དངོས་གནས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོད་ལ། ངོས་ལ་ཆ་མཚོན་ན། ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ལ་ངོས་ཀྱིས་གང་འཚམ་བལྟས་ཡོད། ཉིན་རེ་བཞིན་དུ་བསམ་བློ་ཤུགས་ཆེ་གཏོང་བཞིན་ཡོད། སྤྱིར་ལྷ་ཡི་རྣལ་འབྱོར་གྱི་རིགས་མང་དུ་འདོན་གྱི་ཡོད་ཀྱང་། འོན་ཀྱང་ལྟོ་ཆས་ལ་མཚོན་ན་རྒྱུན་ལྟོ་ལྟ་བུ་གཙོ་བོ་ནི། སྤྱོད་འཇུག་ཏུ་གསུངས་པའི་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། རྩ་བ་ཤེས་རབ་ལས་གསུངས་པའི་སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་གཉིས་གཙོ་བོར་བྱེད་བཞིན་ཡོད། ད་ནི་ལོ་ངོ་བཅུ་ཕྲག་མང་པོ་ཕྱིན་མཚམས་འདིར་ཏན་ཏན་སེམས་ལ་འགུལ་བསྐྱོད་ཐེབས་ཀྱི་འདུག །ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བ་ཉུང་དུ་འགྲོ་བ་དང་། དེའི་དབང་གིས་ཆགས་སྡང་ཧ་ཅང་སྐྱེ་རྒྱུ་མེད་པ་ཆགས་ཀྱི་འདུག །སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་ངམ། ཞི་གནས་ཀྱི་ཉམས་ལེན་ཅུང་ཟད་བྱུང་ན། ཐེག་ཆེན་སྦྱོར་ལམ་ཐོབ་ཐུབ་མི་ཡོང་ངམ་སྙམ་པའི་རེ་བ་རྒྱག་བཞིན་ཡོད། འདི་ལ་ཨུ་ཚུགས་བརྒྱབ་སྟེ་བསམ་བློ་ཡང་ཡང་བཏང་ནས་བྱུང་བ་ཞིག་ཡིན་ལ། བསམ་བློ་བཏང་ན་འདི་ལྟར་ཡོང་རྒྱུ་ཞིག་ཡོད། དཔེ་ཆའི་ནང་དུ་མང་དུ་ཡོད་ཚུལ་གསུངས་པ་ཙམ་ལ་ཆ་འཇོག་མི་བྱེད་པར། རང་ཉིད་ཀྱིས་ཉམས་ལེན་བྱེད་པ་དང་། བསམ་བློ་བཏང་ན་ཏན་ཏན་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་དང་། སེམས་ལ་ངེས་པ་རྙེད་པ་ཞིག་ཡོང་གི་འདུག །འགོག་བདེན་ཞེས་པ་དེ་ཡང་ཏན་ཏན་ཡོང་བ་འདུག་སྙམ་པ་དྲན་གྱི་འདུག །དེ་བཞིན་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། ལམ་སྒོམ་པར་བྱ། འགོག་པ་མངོན་དུ་བྱ། ཞེས་གསུངས་པ་དེ་དག་ཏག་ཏག་འགྲོ་ཐུབ་པ་ཞིག་ཡོད།
མདོར་ན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པ་འདི་དག་ཧས་ལས་པ་ཞིག་རེད་འདུག །འདི་དག་ནི་ང་ཚོ་བོད་པའི་གཅེས་ནོར་རེད། བོད་པའི་གཅེས་ནོར་ཙམ་དུ་མ་ཟད། འཛམ་གླིང་གི་གཅེས་ནོར་རེད་ཅེས་བརྗོད་ཐུབ་པ་ཞིག་རེད་འདུག །དེ་ཡང་སེམས་ཁམས་རིག་པ་དང་གཅིག །ཚད་མ་རིག་པ་དང་གཉིས། ལྟ་གྲུབ་ཀྱི་རྣམ་གཞག་དང་གསུམ། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་འདི་ཉིད་ལྟ་གྲུབ་གལ་གནད་ཆེ་བ་ཞིག་ཡིན་ཅིང་། ཚད་རྡུལ་དངོས་ཁམས་རིག་པར་ཆ་མཚོན་ན། དབུ་སེམས་ཀྱི་གཞུང་ནས་བདག་མེད་གསུངས་པ་དེ་དག་ཚད་རྡུལ་དངོས་ཁམས་རིག་པའི་རྒྱབ་རྟེན་གྱི་ཐོག་ལ་ཏག་ཏག་འགྲོ་ཐུབ་པ་ཞིག་ཆགས་ཡོད། དེས་ན་ཧ་ཅང་ཡག་པོ་རེད་འདུག །ང་ཚོས་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པ་འདི་དག་ནི་ཆོས་པ་ཞིག་བྱེད་རྒྱུ་ཡིན་ལ། དེ་མིན་ལྟ་གྲུབ་ཀྱི་སྐོར་དང་། གཞི་ཡི་གནས་ཚུལ། གཞི་ཡི་གནས་ཚུལ་བརྗོད་སྐབས། སེམས་ཁམས་རིག་པའི་རྣམ་གཞག་སླེབས་ཀྱི་ཡོད། དེ་བཞིན་བདེན་གཉིས་ཀྱི་རྣམ་གཞག་ཀྱང་སླེབས་ཡོང་གི་ཡོད། དེས་ན་ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། དཔེ་ཆ་ཁྲིད་མཁན་རྣམས་ཀྱིས། གཞན་ཡང་མངོན་རྟོགས་རྒྱན་ལས[5]།
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །
སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །
སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །
ཞེས་གསུངས་པ་འདི་དག་གི་ཐོག་ནས་དཔེ་ཆ་འཁྲིད་དགོས། ང་ཚོ་བོད་ལ་ཇོ་བོ་ཕེབས་རྗེས་བྱང་ཆུབ་ལམ་སྒྲོན་གསུངས་ནས་ཚེ་འདིའི་སྣང་ཤས་བཟློག་པ་དང་། ཕྱི་མའི་སྣང་ཤས་བཟློག་པ་བཅས་གསུངས་པ་རྣམས་ནི་ནང་པ་ཞིག་དང་། ཆོས་པ་ཡིན་ངེས་ཤིག་ལ་གསུངས་པ་ཞིག་ཆགས་ཡོད། ད་ལྟ་ང་ཚོ་འཛམ་གླིང་གི་སྡིང་ཆའི་ཐོག་ཏུ་བཤད་སྐབས། གཞི་བདེན་པ་གཉིས་དང་། བདེན་གཉིས་ཀྱི་ཐོག་ནས་བདེན་བཞིའི་རྣམ་གཞག་དང་། བདེན་གཉིས་ལས་གཙོ་བོ་དབུ་མའི་ལྟ་གྲུབ་བཤད་པའི་སྐབས་ཀྱི་རྟེན་འབྱུང་གི་རིགས་པ་དེ་དག་གིས་བདེན་བཞིའི་རྣམ་གཞག་བཤད་པ་དང་། བདེན་བཞིའི་རྣམ་གཞག་གི་ཐོག་ནས་སྡུག་བསྔལ་ལ་གཉེན་པོ་བསྟེན་ན་སྡུག་བསྔལ་ཆུང་དུ་འགྲོ་བ་ཞིག་དང་། རིམ་བཞིན་སྡུག་བསྔལ་སྤོང་ཐུབ་པ་ཞིག་ཡོང་བ་ཡིན། དེས་ན་སྒྲུབ་ཞེས་པས། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ། བདེན་པ་གཉིས་ལ་འདོམས་པའི་གདམས་ངག །སྒྲུབ་པའི་དམིགས་ལ་བདེན་པ་བཞི་ལ་འདོམས་པའི་གདམས་ངག །དེ་ལ་བརྟེན་ནས་འགོག་བདེན་དང་ལམ་བདེན་གཉིས་ལ་གོ་བ་ཆགས་པ་ཞིག་བྱུང་ན། ཆོས་དཀོན་མཆོག་ཅེས་པ་དེ་རེད། ཆོས་ལ་སྐྱབས་སུ་མཆིའོ་ཞེས་པ་དེ་ཡང་དེ་ལ་བསམ་བློ་གཏོང་དགོས་པ་ཡིན། འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་ཡག་པོ་ཞིག་ངོ་ཤེས་ན། དེ་སྟོན་མཁན་གྱི་སྟོན་པ་དེ་མི་འདྲ་བ་ཞིག་ཡིན་པ་སྟེ།
སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །
ཞེས་པ་དེ་ཉིད་ཏག་ཏག་འགྲོ་བཞིན་ཡོད། ང་རང་ཚོའི་སྐྱབས་འགྲོའི་ཚིག་དེ་ཉིད་ལའང་། སྟོན་པ་བླ་མེད་སངས་རྒྱས། སྐྱོབ་པ་བླ་མེད་དམ་ཆོས། ཞེས་བརྗོད་པ་ལས་སྐྱོབ་པ་བླ་མེད་སངས་རྒྱས་དང་། སྐྱོབ་པ་བླ་མེད་དགེ་འདུན་ཞེས་མི་བརྗོད། དེ་བཞིན་འདྲེན་པ་བླ་མེད་དགེ་འདུན། ཞེས་བརྗོད་ཀྱི་ཡོད། དེས་ན་སངས་རྒྱས་དང་། ཆོས། དགེ་འདུན་བཅས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་སྐབས། སངས་རྒྱས་སྐྱབས་སྟོན་པ་པོ་དང་། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་ཞེས་གསུང་གི་ཡོད། འདི་དག་ཧ་ལས་པ་ཞིག་རེད། རྩ་བའི་ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་པས་ཧ་ཅང་ཡག་པོ་རེད། ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པ་ཡིན། ངོས་ལ་ཆ་མཚོན་ན། ནང་པའི་དགེ་སློང་ཞིག་དང་། དཔལ་ནཱ་ལེནྡྲའི་ཚད་མ་རྣམ་འགྲེལ་དང་། དེ་བཞིན་དབུ་མ་བཞི་བརྒྱ་པ་ལ་སོགས་པ་རྟག་ཏུ་ལྟ་བཞིན་ཡོད། གང་ལྟར་དེ་དག་ལ་སློབ་སྦྱོང་བྱེད་མྱོང་མཁན་ཞིག་ཆགས་ཡོད། གཞན་ཡང་བོད་གངས་ཅན་གྱི་ལྗོངས་ལ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སྔོན་གྱི་མཁས་པ་རྣམས་ཀྱིས་གྲུབ་མཐའ་མང་དུ་མཛད་ཡོད། དེ་དག་ལ་རྒྱུས་མངའ་ཕྲན་བུ་ཡོད་པ་རྣམས་རྟོག་གེ་མགོ་མཁྲེགས་ཅུང་ཟད་ཆགས་ཡོད། འོན་ཀྱང་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་དེ་དག་གིས་མི་མང་པོར་ཕན་གྱི་ཡོད། དེས་ན་རྗེས་སུ་ཡི་རང་བྱས་ཏེ་ཡག་པོ་ཞིག་ལ་བལྟས་ཏེ་བརྩི་བཀུར་བྱེད་བཞིན་ཡོད། ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་འགལ་འདུ་ཡོད། འོན་ཀྱང་ལྟ་གྲུབ་དེ་དག་ནི་ཁམས་དང་མོས་པ་མི་འདྲ་བར་ལྟ་གྲུབ་ཀྱང་མི་འདྲ་བ་དགོས་མཁོ་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། ཞེ་ས་མ་ཞུས་ན་དགེ་ཕྲུག་གཅིག་གྱུར་གྱི་ནང་དུའང་། བྱེ་བྲག་སྨྲ་བའི་ལྟ་གྲུབ་དང་། མདོ་སྡེ་པའི་ལྟ་གྲུབ། སེམས་ཙམ་པའི་ལྟ་གྲུབ། དབུ་མ་པའི་ལྟ་གྲུབ་བཅས་སྟོན་པ་ཉིད་ཀྱིས་གསུངས་ཡོད། དེས་ན་ཁམས་དང་མོས་པ་མི་འདྲ་བར་ལྟ་གྲུབ་མི་འདྲ་བ་དགོས་ཤིང་། ཁམས་དང་མོས་པའི་ཁྱད་པར་ལས། འགའ་ཞིག་ལ་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་དེ་ཤུགས་ཆེན་པོ་ཡོད། དེས་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས། སངས་རྒྱས་པའི་ལྟ་གྲུབ་ཅེས་པ་གང་འདྲ་ཞིག་ཡིན་པ་ང་ཚོས་ཤེས་པ་ཞིག་བྱུང་ན། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞེས་པ་ཞིག་ཡོང་གི་རེད། དེ་ལྟར་བྱུང་ན་དད་པ་དེ་བརྟན་པོ་ཡོད། དེ་མིན་གཞན་གྱི་གང་ཞིག་བརྗོད་ཀྱང་དེ་རང་ཡིན་པ་རེད་བསམས་ནས་ཕྱིན་ན་བླུན་པོ་ཆུ་སྣ་གར་ཁྲིད་ཅེས་པ་དེ་ཆགས་ཀྱི་ཡོད།
བོད་ཀྱི་རིག་གཞུང་ཞེས་བརྗོད་སྐབས་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་གཅིག་པུ་མིན། བོད་ཀྱི་རིག་གཞུང་ཞེས་པ་ནི། རྩ་བ་ནཱ་ལེནྡྲའི་རིག་པའི་གཞུང་ལུགས་རྣམས་ང་ཚོ་བོད་ལ་མ་གཏོགས་མི་འདུག །དེང་སྐབས་དངོས་ཡོད་གནས་ཚུལ་ལ་བོད་པས་བདག་པོ་བརྒྱབ་པའི་རིག་གཞུང་ཆགས་ཡོད་པས། བོད་ཀྱི་རིག་གཞུང་ཆགས་ཡོད། དེ་ནི་འཛམ་གླིང་ལ་ངོམས་ཆོག་པ་རེད། དེ་དག་ཁྱེད་རང་ཚོས་ཤེས་པར་བྱེད་དགོས། སངས་རྒྱས་པའི་ཆོས་བྱེད་དགོས་ཞེས་བརྗོད་སྐབས་སློབ་སྦྱོང་བྱེད་དགོས་པ་དེ་ཤེས་དགོས་པ་ལས། སངས་རྒྱས་པའི་ཆོས་བྱེད་དགོས་ཞེས་བརྗོད་སྐབས། སྨོན་ལམ་འདེབས་པ་དང་། གཟུངས་སྔགས་འགའ་ཞིག་བགྲངས་པ་གཅིག་པུར་ཆོག་ཤེས་བྱས་ནས་མི་སྡོད་པར་ངེས་པར་དུ་སློབ་སྦྱོང་བྱེད་དགོས།
[1] https://www.youtube.com/watch?v=roBxR9mOmsg
[2] བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༦ པ། ཀྲུང་གོའི་བོད་རིག་པ། ༢༠༠༩ ལོ། ཤོག་ ༧༥
[3] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽དེབ་ཨང་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༩༧༠
[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༦
[5] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པ། ༢༠༠༨ ལོ། ཤོག་གྲངས་ ༥
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།