པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད། (11)

༄༅། །ཕྱི་ལོ་ ༢༠༡༩ ཟླ་བ་ ༨ ཚེས་ ༡༤ ཉིན་མ་ན་ལིའི་ཡུལ་མི་གཙོར་གྱུར་ལ་སྩལ་བའི་

པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་བཞུགས་སོ།།

 

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །

རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །

སྤྱིར་འཛམ་གླིང་ཐོག་སྟོན་པ་མང་དུ་ཡོད་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁྱད་ཆོས་ནི། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཞིག་ཆགས་ཡོད་པས་ན། སྨྲ་བ་ཟླ་མེད། ཅེས་བཅོམ་ལྡན་འདས་དང་དམིགས་བསལ་གྱི་འབྲེལ་བ་ཡོད།

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

 

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །

དབུ་མ་བཞི་བརྒྱ་པ་དང་། སྤྱོད་བསྡུས་སོགས་གཞུང་འགའ་ཞིག་མཛད་ཡོད་པ་ལས། མདོ་ཕྱོགས་ལ་གཙོ་བོ་དབུ་མ་བཞི་བརྒྱ་པ་དང་། སྔགས་ཕྱོགས་ནས་སྤྱོད་བསྡུས་སྒྲོན་མེ་རྣམ་གཉིས་ཧ་ཅང་ཡག་པོ་འདུག །

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །

གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏར་བལྟས་ན་དངོས་གནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཇི་ལྟ་བུ་ཞིག་ཡིན་པ་ཤེས་ཐུབ་པ་ཡིན།

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །

སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་སྟེ། དཔེར་ན། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་བདེན་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས[1]།

ཇི་ལྟར་རང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །

ཞེས་ཇི་ལྟར་དོན་ལ་གནས་པ་ལྟར་དུ་ང་ཚོར་སྣང་བཞིན་ཡོད་པས་འདི་ལ་དཔྱད་པ་བྱ་རྒྱུ་མེད། དེས་ན་ཐ་སྙད་དུ་རང་མཚན་སྣང་བ་ལྟར་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་རེད་ཅེས་གསུངས་ཡོད། དེ་བཞིན། དེ་ཉིད་ལས[2]།

སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །

ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །

ཞེས་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བ་ནི། ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པའི་དབང་གིས་དགོངས་པ་བཀྲལ་ལུགས་འདི་ལྟར་ཆགས་ཡོད།

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས།

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ། ཞེས་པ་ནི། དཔལ་ལྡན་ཟླ་བ་གྲགས་པའི་གསུང་ཚུལ་ཞིག་ཡིན་ལ། དེ་ནི་མིང་རྐྱང་བཏགས་ཡོད་ཙམ་ཡིན་པ་ཞིག་གསུང་གི་ཡོད། དེ་ཡང་བཏགས་དོན་བཙལ་ན་གཏན་ནས་རྙེད་དུ་རྒྱུ་མེད་ཅིང་། མ་བཏགས་མ་དཔྱད་པའི་ངང་ནས་ལྟོས་གྲུབ་ཀྱི་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཙམ་ཞིག་གསུང་གི་ཡོད། ཁོང་གིས་མཛད་པའི་གསང་སྔགས་ཀྱི་གཞུང་ལ་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་ལྟ་བུ་བསམ་གྱིས་མི་ཁྱབ་པ་རེད།

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །

རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

བྱང་ཆུབ་སེམས་སྦྱོང་གི་སྐོར་ལ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ནང་དུ་བདག་གཞན་མཉམ་རྗེའི་རྣམ་གཞག་གསུངས་ཡོད་ལ། དེ་བཞིན་དབུ་མ་རིན་ཆེན་ཕྲེང་བའི་ནང་དུའང་གསུངས་ཡོད། གཞན་ཡང་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་ནང་དུའང་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་ཤུགས་ཆེར་གསུངས་ཡོད། འོན་ཀྱང་དམིགས་ཕུག་ནས་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཡོན་ཏན་བསྟན་པའི་སྒོ་ནས་འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད་པ་སོགས་བྱང་ཆུབ་སེམས་ཀྱི་གདམས་པ་རྨད་དུ་བྱུང་བ་ནི་སྤྱོད་འཇུག་ཆགས་ཡོད།

ཞི་བ་ལྷས་སྤྱོད་འཇུག་བརྩམས་ནས་ད་བར་བྱང་ཆུབ་ཀྱི་སེམས་དང་། བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་གྱི་གཞུང་འདི་ལས་ལྷག་པར་ཞིག་བྱུང་མྱོང་མེད། ངོས་རང་སྒེར་ལ་ཆ་མཚོན་ནའང་། ལོ་བཅུ་གཉིས་བཅུ་གསུམ་ཙམ་གྱི་སྐབས་ནས་བྱང་ཆུབ་ཀྱི་སེམས་ལ་མོས་པ་ཤུགས་ཆེ་ཡོད། འོན་ཀྱང་དེ་ནི་ཧ་ཅང་སྐྱེ་དཀའ་བ་ཞིག་རེད་སྙམ་གྱི་ཡོད། ཉིན་ཞིག་སྟག་བྲག་རིན་པོ་ཆེར། ངོས་ནས་བྱང་ཆུབ་ཀྱི་སེམས་ཞེས་པ་འདི་ཧ་ཅང་རྩ་ཆེན་པོ་ཡིན་ནའང་ཤིན་ཏུ་སྐྱེ་ཁག་པོ་རེད་འདུག་ཅེས་ཞུས་པར། སྟག་བྲག་རིན་པོ་ཆེས་འདི་ལྟར་བརྗོད་རྒྱུ་མེད། སྟག་བྲག་རིན་པོ་ཆེ་སྐུ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་ཡོད། བྱང་ཆུབ་ཀྱི་སེམས་བསྒོམས་ན་སྐྱེ་ཡི་རེད་ཅེས་གསུངས་མྱོང་། སྐབས་དེར་ངོས་རང་ཆུང་ཆུང་རེད། དེ་ནས་རྒྱ་གར་དུ་སླེབས་རྗེས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་ངོས་ཀྱིས་སྤྱོད་འཇུག་གི་བཤད་ལུང་ཞུས་པ་ཡིན། དེ་ནས་བཟུང་བདག་གཞན་མཉམ་བརྗེའི་བློ་དེར་སེམས་ཐག་ཧ་ཅང་ཉེ་པོ་ཞིག་ཆགས་ཏེ། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེས་ཡོད་ཅེས་བརྗོད་མི་ཐུབ་ཀྱང་། རྩོལ་བཅས་ཀྱི་མྱོང་བ་ཐོན་པ་ཞིག་ཆགས་ཡོད། དེ་ནི་སྤྱོད་འཇུག་གི་བཀའ་དྲིན་རེད། བསམ་གྱིས་མི་ཁྱབ་པའི་གཞུང་ཞིག་རེད།

རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་དེ་སྔ་བོད་ལ་ཡོད་ཀྱང་། ངོས་ནས་པཎ་གྲུབ་བཅུ་བདུན་གསར་གཏོད་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། རྒྱལ་སྲས་ཞི་བ་ལྷ་ཡིན་ལ། དེ་བཞིན་སློབ་དཔོན་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། ཞི་འཚོ་ཡབ་སྲས། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ་སོགས་ང་ཚོས་དཔེ་ཆ་བལྟ་རྒྱུའི་གཞུང་གཙོ་བོ་འདི་དག་གིས་མཛད་པ་ཆགས་ཡོད། ངོས་ནས་པཎ་གྲུབ་བཅུ་བདུན་བཟོ་དགོས་པའི་རྒྱུ་མཚན་འདི་ལྟར་ཡིན།

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །

སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

མཁན་ཆེན་ཞི་བ་འཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །ང་ཚོ་བོད་པ་དེང་གི་དུས་རབས་ཉེར་གཅིག་པའི་ནང་དུ་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་གཏན་ལ་ཕབ་པའི་གཞུང་ལུགས་རྣམས་རྩ་བ་བློ་ངོར་འཛིན་པ་དང་། འགྲེལ་པ་ཚིག་འབྲུ་རེ་རེ་བཞིན་རྒྱ་འགྲེལ་དང་བོད་འགྲེལ་གྱི་ཐོག་ནས་བལྟས། དེ་དག་གི་ནང་དུ་ཚད་མའི་རིག་པའི་གཞུང་དང་འབྲེལ་ནས་རྩོད་པ་བརྩོད་ནས་གཏན་ལ་འབེབས་རྒྱུ་ཡོད་པ་འདི་ལྟ་བུ་བོད་གངས་ཅན་གྱི་ལྗོངས་སུ་མ་གཏོགས་གཞན་ལ་མེད། དེས་ན་མཁན་ཆེན་ཞི་བ་འཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །

པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

 

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

 

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །

ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །

 

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །

སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་གཞུང་རྣམས་ཧ་ལས་པ་རེད་འདུག །ཁོང་ནི་མཁས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཀྱང་རེད་འདུག

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །

ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཕྱོགས་གླང་གི་རྗེས་འབྲང་སློབ་དཔོན་ཆོས་གྲགས་ཡིན།

ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །

ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །

རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །

འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །

ཕགས་པ་གྲོལ་སྡེ་ནི། སློབ་དཔོན་དབྱིག་གཉེན་གྱི་དགེ་ཕྲུག་ཡིན་ཅིང་། སློབ་དཔོན་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་དགོངས་པ་སེམས་ཙམ་ལུགས་སུ་བཀྲལ་བ་གནང་ཡོད། དེས་ན་འཕགས་པ་གྲོལ་སྡེས་རང་ཉིད་ཀྱི་བླ་མ་སློབ་དཔོན་དབྱིག་གཉེན་གྱིས། རང་གི་མོས་པ་གཙོ་བོར་བྱས་ནས་རྣམ་རིག་པའི་བཞེད་པ་བཞིན་དུ་བཀྲལ་བ་དེ་ཉིད། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ལས[3]།

དེ་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློ་རྣམ་ཕྱེ། །

ཞེས་འགྲེལ་པ་དོན་གསལ་གྱི་དབུར་ལོ་རྒྱུས་ཀྱི་སྐབས་སུ་གསལ་ཡོད།

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །

སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །

འགྲེལ་པ་དོན་གསལ་བློ་འཛིན་བྱེད་མཁན་མང་པོ་ཞིག་ཡོད། ལོ་ཤས་གོང་བལ་ཡུལ་ཀོ་པན་བཙུན་དགོན་གྱི་བཙུན་མ་ཚོ་ཁག་གཅིག་དྷ་རམ་ས་ལར་ངོས་རང་ཐུག་འཕྲད་དུ་སླེབས་ཤིང་། ཁོང་ཚོ་ཕལ་མོ་ཆེས་འགྲེལ་པ་དོན་གསལ་བློ་འཛིན་བྱས་འདུག །སྐབས་དེར་ཁོང་ཚོར་ངོས་ལས་ལྷག་པ་རེད་ཅེས་བརྗོད་པ་ཡིན། ངོས་རང་འགྲེལ་པ་དོན་གསལ་ཅུང་ཟད་རེ་ལས་ཆ་ཚང་བློ་འཛིན་བྱས་མེད། གྲྭ་ས་ཁག་ཏུ་འགྲེལ་པ་དོན་གསལ་བློ་ངོར་ཡོད་པ་མང་པོ་ཡོང་གི་འདུག །

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །

ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

 

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །

འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

 

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །

གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །

 

དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །

ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །

མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

 

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།

བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །

ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །

ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །

 

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །

ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །

ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །

བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །

 

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

 

སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །

ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །

འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །

མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །

 

འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །

བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །

དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །

འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །

 

དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །

དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །

གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །

ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །

མཇུག་བྱང་དེར་གནད་འགག་ཅུང་ཟད་ཡོད། ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། གཟུ་བོའི་བློས། ཞེས་བློ་ཕྱོགས་སུ་ལྷུང་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་ལས[4]།

ཕྱོགས་སུ་ལྷུང་བས་སེམས་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །

ཞེས་གསུངས་པ་ལྟར། བློ་ཕྱོགས་ལྷུང་གིས་མི་ཕན་ཞིང་། བློ་གཟུ་བོར་གནས་པའི་ཐོག་ནས་ཅི་མཛད་ལེགས་མཐོང་བྱས་ཏེ། སྐྱབས་སུ་མཆིའོ། །ཞེས་བརྗོད་ནའང་མི་འགྲིག །དེས་ན་གཟུ་བོའི་བློས་ཐེ་ཚོམ་བསླངས་ཤིང་། ལམ་སེང་ཡིད་ཆེས་མི་བྱེད་པར་རྒྱུ་མཚན་དང་གནད་འགག་གང་ཞིག་ཡིན་མིན་ཐེ་ཚོམ་སྟེ། དོན་འགྱུར་གྱི་ཐེ་ཚོམ་དང་། དོན་མི་འགྱུར་བའི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་གསུམ་ཡོད་པ་ལྟར། ཐེ་ཚོམ་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་རེད།

ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་། དཔྱད་དེ་རྒྱུ་མཚན་མཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདོད་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། འཁྲུལ་ཞིག་རིན་པོ་ཆེ་ཡོད། ཁོང་དང་དེའི་སྐོར་བཀའ་མོལ་བྱུང་བར། ངེས་པར་དུ་འབྲི་དགོས་བཀའ་གནང་མྱོང་།

དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གིས་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས།  ངྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།  །།

མདོར་ན། པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ང་ཚོར་རྣམ་དཔྱོད་ཀྱི་མིག་སྦྱིན་པར་བྱེད་མཁན་ཞིག་ཡིན་པས། གཞུང་ལུགས་དེ་དག་ཧ་ཅང་གལ་གནད་ཆེན་པོ་ཡིན། གཞུང་ལུགས་འདི་དག་ལ་ཅུང་ཟད་རྒྱུས་མངའ་ཡོད་པ་ཞིག་བྱུང་ན། དབང་རྟོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་བ་ཡིན་ལ། དེ་མིན་རང་ཉིད་ཀྱི་ཕ་མ་དང་། མི་ཐོག་གོང་མ་དག་གིས་སྐྱབས་སུ་མཆིའོ། །ཞེས་བརྗོད་པ་དེ་ཙམ་ཞིག་གི་ཐོག་ཏུ་ཕྱིན་ན། དབང་རྟུལ་དད་པའི་རྗེས་འབྲང་ཞེས་པ་དེ་ཆགས་པ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་ན། ད་ལྟ་དུས་རབས་ཉེར་གཅིག་པ་ཡིན་ཅིང་། དུས་རབས་ཉེར་གཉིས་པ་དང་། ཉེར་གསུམ་པ། ཉེར་བཞི་པ། ཉེར་ལྔ་པ་སོགས་སུ་མུ་མཐུད་ནས་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་པ་དང་། དབང་རྟུལ་དད་པའི་རྗེས་འབྲང་གི་དབང་དུ་ཕྱིན་ན། མི་ཐོག་གཅིག་ཙམ་གྱི་རྗེས་ནས་ག་ལེར་རྫོགས་ཉེན་ཡོད།

དེང་སྐབས་ཡོ་རོབ་སོགས་དེ་སྔ་ནང་ཆོས་མ་དར་བའི་ཡུལ་གྲུ་ཁག་ཏུ་མཁས་པ་རྣམ་དཔྱོད་ཅན་དང་། དེ་བཞིན་ཚན་རིག་པ་མང་པོས་པཎ་གྲུབ་བཅུ་བདུན་གྱི་གཞུང་གི་བཤད་པ་རྣམས་འགྲེལ་བཤད་བྱེད་སྐབས་དགའ་མོས་ཆེན་པོ་བྱེད་བཞིན་འདུག །དེས་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་སྐྱེ་དགོས་པ་ཡིན། དེར་བརྟེན་ཁ་སང་ཞུས་པ་ལྟར་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་བརྗོད་པའི་རྒྱུ་མཚན་འདི་ཡིན། ཚང་མས་དེ་སྔའི་དགོན་པ་སོ་སོའི་ཆོ་ག་ཕྱག་ལེན་འདོན་པ་དང་། གྲོང་ཆོག་བརྒྱུགས་ནས་བསྡད་པ་ལྟ་བུ་མིན་པར་གཞུང་ཆེན་ལ་སློབ་གཉེར་བྱས་ཏེ་སངས་རྒྱས་པའི་ཆོས་ཀྱི་གཞི་བདེན་གཉིས་ལས་བསླངས་ཏེ་བདེན་བཞིའི་རྣམ་གཞག་གི་ཐོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཏན་ལ་འབེབས་པ་འདི་དག་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ཅེས་བཀའ་སྩལ་ཏོ།།  །།

[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༧༥༧

[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༢༠༠༨ ལོ། ཤོག་གྲངས་ ༧༥༦

[3] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༠༥

[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པ། ༢༠༠༨ ལོ། ཤོག་གྲངས་ ༩

Leave a Reply

Your email address will not be published. Required fields are marked *