༄༅། །པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་ཀྱི་མཇུག་བྱང་བཀའ་ཁྲིད།

༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།།

 

(ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༦ ཚེས་ ༣ ཉིན་རྒྱ་གར་བ་རྣམས་ལ་སྩལ་བའི་བཀའ་ཆོས་ལས་བཏུས།

ཐོག་མར་པཎ་གྲུབ་བསྟོད་ཆེན་མཛད་པའི་དགོས་པ་དང་། གཉིས་པ་མཇུག་བསྡོམས་ཀྱི་བཀའ་ཁྲིད།

གསུམ་པ་པཎ་གྲུབ་བསྟོད་ཆེན་གྱི་ལུང་གནང་བ་བཅས་ཡིན།

 

དང་པོ།

 

དེ་རིར་འདིར་ཆོས་འབྲེལ་བྱ་རྒྱུའི་ཆེད་དུ་བྱ་བའི་གདུལ་བྱ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་གྲོགས་རྣམས་ཆགས་ཡོད།

ཆོས་འཆད་པ་པོ་བོད་རིགས་ཡིན་ནའང་། འཆད་བྱའི་ཆོས་དང་འཆད་ཡུལ་གྱི་གདུལ་བྱ་ནི་སྔར་གྱི་རྒྱ་གར་འཕགས་པའི་ཡུལ་གྱི་མེས་པོ་གོང་མ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལྟ་གྲུབ་ཟབ་ཅིང་བརླིང་བ། དེ་རང་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་ཆོས་བརྒྱུད་ཅིག་དེ་རིང་འདིར་འཕགས་པའི་ཡུལ་གྱི་ཆོས་གྲོགས་རྣམས་ལ་ཞུ་རྒྱུ་ཡིན། ཕྱོགས་གཅིག་ནས་ཁྱེད་རང་ཚོའི་མེས་པོ་དམ་པ་རྣམས་ཀྱི་ཤེས་ཡོན་ཞིག་དུས་རབས་གསར་པའི་ཁྲོད་ཀྱི་འཕགས་ཡུལ་གྱི་མི་རབས་རྣམས་ལ་རྩིས་སྤྲོད་བྱས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ཧ་ཅང་དགའ་པོ་བྱུང་།

ངོས་ནས་བྲིས་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ནང་ཡོད་པའི་པཎ་གྲུབ་རྣམས་ནི་ཁྱེད་རང་ཚོའི་ཕ་ཡུལ་གཅིག་པ་དང་ཁྱེད་རང་ཚོའི་མེས་པོ་ཆགས་ཡོད། དེ་དག་ནི་གོང་ཞུས་ལྟར་རྣམ་དཔྱོད་ཕུལ་དུ་བྱུང་བ་ཞིག་ཡིན་པ་ཁོང་རྣམས་ཀྱི་ལོ་རྒྱུས་གཅིག་པུའི་སྐད་ཆ་མིན་པར་དངོས་སུ་མཐོང་ཆོས་སུ་ཡོད་པའི་གསུང་ལ་བལྟས་ན་ཕུལ་དུ་ཕྱིན་པའི་རྣམ་དཔྱོད་ལྡན་པ་ཤེས་རྟོགས་ཐུབ་པར་མ་ཟད། དེ་བཞིན་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་མངའ་དབང་འབྱོར་བ་ཞིག་ཡིན་པ་མཐོང་ཐུབ་པ་ཡིན། དེས་ན་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དེ་ཉིད་ལེགས་སྦྱར་གྱི་སྐད་ཐོག་ནས་གསུང་རྒྱུ་ཡིན། གསུང་བའི་སྐབས་སུ་ཤླཽ་རེ་རེའི་ནང་དུ་པཎ་གྲུབ་དེ་དང་དེའི་དམིགས་བསལ་བསྟན་པའི་མཛད་རྗེས་གང་དང་གང་ཞིག་ཡོད་པ་རྣམས་བཀོད་ཡོད། མཛད་རྗེས་དེ་དག་བློ་ངོར་དྲན་པའི་ཐོག་ནས་གསུང་དགོས་པ་ཡིན།

 

གཉིས་པ།

དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །

ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །

མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

དེ་ལྟར་བདག་རྒྱུད་སྨིན་ཅིང་གྲོལ་བ་ཞེས་པ་ནི། གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་དོན་དེ་དང་དེ་ལ་རྒྱུ་མཚན་མཐོང་བའི་སྒོ་ནས་མི་ཕྱེད་པའི་དང་བའི་དད་པ་སྟེ། དེ་ནི་དངོས་གནས་བདེན་པ་རེད་སྙམ་པའི་སྙིང་ཁོང་རུས་པའི་གཏིང་ནས་མོས་པ་སྐྱེ་སྐབས་དང་བའི་དད་པ་དང་། དེ་ལྟ་བུའི་ཐོག་ནས་དེར་ཞུགས་སྙམ་པའི་རྩེ་གཅིག་པའི་ཡིད་ཆེས་ཀྱི་དད་པ། དེ་ལྟ་བུའི་ཐོག་ནས་རིམ་བཞིན་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པས་གཞི་བྱས་ནས་མངོན་རྟོགས་རྒྱུད་ལ་སྐྱེ་བ་བཅས་ཡོང་བ་ཡིན། དེ་ཡང་མངོན་རྟོགས་རྒྱུད་ལ་སྐྱེས་ན་ཅི་མ་རུང་སྙམ་པའི་མངོན་འདོད་ཀྱི་དད་པ་བཅས་ཀྱི་ཐོག་ནས་བདག་རྒྱུད་སྨིན་ཅིང་ཞེས་པ་དེས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་དང་མོས་པ་སྐྱེ་བ་དང་། གྲོལ་བ་ཞེས་པས་དང་བའི་དད་པས་ཀུན་ནས་བསླངས་ཏེ་ཉམས་ལེན་བྱས་པའི་ཐོག་རིམ་བཞིན་ཤེས་རྒྱུད་ཇེ་བཟང་དང་རྟོག་པ་ཇེ་མཐོར་གཏོང་བ་བཅས་ཡིན།

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །

བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །

ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །

ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །

བདག་རྒྱུད་སྨིན་ཅིང་གྲོལ་བ་ཞིག་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཐོག་མར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བདེ་སྡུག་གི་ཡིན་ཚུལ་ཇི་ལྟར་ཡིན་པ་དང་། རྒྱུ་འབྲས་དང་རྟེན་འབྱུང་གི་རྣམ་གཞག་སོགས་ལ་བསམ་བློ་བཏང་སྟེ། དེ་དག་ནི་ཀུན་རྫོབ་པའི་གནས་ཚུལ་ཙམ་ཞིག་བརྗོད་བཞིན་ཡོད། བཅོམ་ལྡན་འདས་ཀྱིས། སྡུག་བསྔལ་གྱི་རྩ་བ་མི་ཤེས་པས་བྱས་པར་གསུངས་ཡོད། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན། དེས་ན་སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་གསོག་མཁན་ག་ལ་ཡོད། འོན་ཀྱང་དེ་ནི་མི་ཤེས་པའི་དབང་གིས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་ཡིན། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྩ་བ་མི་ཤེས་པས་བྱས་པ་རེད་ཅེས་གསུངས་ཡོད། དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་མ་རིག་པ་ཞེས་གསུངས་པ་སོགས། མདོར་ན་མི་ཤེས་པས་སྡུག་བསྔལ་གྱི་རྒྱུ་བྱེད་པར་གསུངས་ཡོད། དེས་ན་མི་ཤེས་པ་དེ་བརྩད་གཅོད་བྱེད་དགོས་པ་ཡིན། མི་ཤེས་པ་བརྩད་གཅོད་བྱེད་སྐབས་དོན་དམ་བདེན་པ་ཞེས་པའི་ཐོག་ཏུ་སླེབས་བཞིན་ཡོད། སྣང་ཚུལ་ཙམ་མིན་པར་ཡིན་ལུགས་སམ་སྡོད་ལུགས་གང་ཞིག་ཡིན་པ་དེ་ཉིད་བརྩད་གཅོད་བྱས་ཏེ་མ་རིག་པ་ལ་རིམ་པ་མང་དུ་ཡོད་པའི་ནང་ནས་མ་རིག་པའི་རྩ་བ་གང་ཡིན་པ་དང་། མ་རིག་པ་ཞེས་བརྗོད་སྐབས་མི་ཤེས་པ་དང་། ལྷག་པར་འཁྲུལ་པའི་ནང་གི་ཡང་འཁྲུལ་ལྟ་བུ་ཞིག་ཆགས་ཡོད། དེས་ན་འཁྲུལ་ལུགས་དེ་ཤེས་དགོས་པ་ཡིན། དེས་ན་དོན་དམ་བདེན་པ་ཤེས་དགོས། དོན་དམ་བདེན་པ་ཞེས་པ་དེ་བྱིན་རླབས་ལྟ་བུའི་ཐོག་ནས་གསར་དུ་བྱུང་བ་ཞིག་མིན་པར་གཞི་ཡི་གནས་ཚུལ་ཞིག་ཆགས་ཡོད། དེས་ན།

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །

ཞེས་པ་ལྟར་བདེན་གཉིས་ཀྱི་དོན་ཤེས་ན། བདེན་བཞིའི་རྣམ་གཞག་གི་གོ་བ་སླེབས་ཡོང་གི་ཡོད། བདེན་བཞི་ལ་མཚོན་ན། སྤྱིར་པ་ལཱི་དང་ལེགས་སྦྱར་ཚང་མའི་ནང་དུ་གསུང་གི་ཡོད། འོན་ཀྱང་བདེན་བཞིའི་འགྲེལ་བཤད་ཞིབ་ཕྲ་ཁ་ཤས་ཞུས་པ་ལྟར་པཎ་གྲུབ་བདུན་གྱི་ཁྲོད་ནས་ཕྱོགས་གླང་དང་ཆོས་གྲགས་ཀྱི་སྐབས་ནས་ཧ་ཅང་གསལ་པོ་ཡོང་གི་ཡོད། དེས་ན། བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས། །དེ་ལྟ་བུའི་བདེན་བཞིའི་འགྲོ་སྟངས་ལེགས་པར་ཤེས་སྐབས་ཆོས་དཀོན་མཆོག་ཅེས་པ་ཞིག་འདུག་སྙམ་པ་ཞིག་བློ་ངོར་འཆར་ཡོང་བ་ཡིན། དེ་ཡང་སྡུག་བསྔལ་བྲལ་བའི་བྲལ་བ་འགོག་བདེན་དང་། དེ་དངོས་སུ་འདྲེན་མཁན་གྱི་ལམ་བདེན་ལ་ཆོས་དཀོན་མཆོག་ཅེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་ཆོས་དཀོན་མཆོག་ལ་ངེས་པ་ཐོབ་སྐབས་ཆོས་དཀོན་མཆོག་དེ་ཉིད་ཐུགས་རྒྱུད་ལ་ཡོད་པའི་གང་ཟག་དེར་དགེ་འདུན་དང་། སློབ་པའི་དགེ་འདུན་དེ་ཡང་ད་དུང་སྤངས་རྟོགས་ཀྱི་ཉམས་ལེན་ཇེ་མཐོར་བཏང་སྟེ་མཐར་སྤངས་རྟོགས་མཐར་ཕྱིན་པའི་གནས་སྐབས་སུ་སངས་རྒྱས་འཕགས་པ་ཞེས་དགེ་འདུན་དཀོན་མཆོག་ཡིན་སྟབས། ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །ཞེས་པ་ལྟར་ཤེས་ནས་ཐོབ་པའི་དད་པ་བརྟན་པོ་ཞིག་ཡོང་སྐབས། ཐར་ལམ་གྱི་རྩ་བ་ཚུགས་ཡོང་གི་ཡོད། དེས་ན། ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །ཞེས་སོ།།

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །ངེས་འབྱུང་བློ་དང་།

ཞེས་པ་ལྟར། བདེན་གཉིས་ཀྱི་ཁོག་ནས་བདེན་བཞིའི་རྣམ་གཞག་ལེགས་པར་ཤེས་སྐབས། ང་ཚོའི་མི་འདོད་པའི་སྡུག་བསྔལ་རྣམས་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཤེས་ཤིང་། རྒྱུ་དེ་ཡང་ཕྱིན་ཅི་ལོག་གི་བློ་ཡིན་པ་ལས་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་མཐོང་སྐབས། སྡུག་བསྔལ་དེ་དག་དང་ཏན་ཏན་བྲལ་ཐུབ་པ་ཞིག་ཡོང་ཐུབ་པ་འདུག་སྙམ་པའི་ཐར་པ་དོན་གཉེར་གྱི་བློ་སླེབས་ཡོང་བ་ཡིན། འཕྲལ་སེལ་གྱི་སྡུག་བསྔལ་ཞི་བ་ཙམ་མིན་པར་སྡུག་བསྔལ་གྱི་རྒྱུ་རྩ་བ་ནས་མེད་པར་བཟོ་བ་ཞིག་ཡོང་སྲིད་པ་ཞིག་མཐོང་སྐབས་དངོས་གནས་ཐར་པ་ཐོབ་ན་སྙམ་པའི་བློ་ཞིག་སླེབས་འོང་བ་ཡིན། དེ་ནི་སྨོན་ལམ་བརྒྱབ་ནས་ཐར་པ་ཐོབ་པར་ཤོག་ཅེས་པའི་སྐད་ཆ་དེ་མིན་པར། བསམ་བློ་བཏང་ནས་སེམས་ནང་བཟོ་ལྟ་ཞིག་ཆགས་པ་དང་། ངེས་པ་གཏིང་ནས་འདྲོངས་སྐབས་ཐར་པ་སྒྲུབ་ཐུབ་པ་ཞིག་རེད་འདུག་པས་དེ་སྒྲུབ་སྙམ་པ་ཞིག་ཡོང་བ་ཡིན། སྡུག་བསྔལ་མི་འདོད་པ་ཡོད་མུས་ཡིན་པས་ཐར་པ་དོན་གཉེར་གྱི་བློ་སླེབས་ཡོང་བ་ཡིན། དེ་ནི་ངེས་འབྱུང་གི་བློ་དང་། རང་སྟེང་དུ་སྡུག་བསྔལ་གྱིས་མནར་ཚུལ་བསམས་པ་དང་། དེ་དང་ཆབས་ཅིག་སྡུག་བསྔལ་གྱི་རྒྱུ་སྤོང་རུང་ཡིན་པ་ཞིག་མཐོང་སྐབས། སྲིད་པ་འཁོར་བར་གནས་པའི་སེམས་ཅན་གཞན་རྣམས་ཀྱང་ངང་ཚུལ་གཅིག་མཚུངས་ཡིན། དེ་ལྟར་ཤེས་པའི་སྐབས་སུ་ད་ནི་གང་དྲག །སྡུག་བསྔལ་སྤོང་ཐུབ་པ་ཞིག་ཡིན་ནའང་སྡུག་བསྔལ་གྱི་མི་ཤེས་པའམ། མདོར་ན་སྡུག་བསྔལ་གྱི་རྒྱུ་དང་དུ་བླངས་ནས་འགྲོ་བཞིན་པ་ཞིག་མཐོང་སྐབས་སེམས་ནང་མི་བཟོད་པ་ཞིག་སླེབས་ཡོང་བ་ཡིན། དེས་ན།

འགྲོ་རྣམས་སྐྱོབ་འདོད་པའི། །ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །

ཞེས་པ་ལྟར། ཕྱོགས་བཞི་ཞེས་བརྗོད་ན་དེ་ནི་མཐའ་མེད་པ་ཞིག་ཡིན་ཅིང་། དེས་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་ལས། ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །ཞེས་གསུངས་པ་ལྟར། ཕྱོགས་ལ་མཐའ་མེད་སྟབས་ཕྱོགས་མཐས་ཡོངས་སུ་གཏུགས་པའི་སྙིང་རྗེ་སྐྱེ་བ་ཞིག་དང་། སྙིང་རྗེ་དེ་ཡང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྲལ་འདོད་ཀྱི་བསམ་པ་ཙམ་མིན་པར་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་བློའམ་ཡང་ན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་སྐྱེས་ཤིང་། དེས་དྲངས་པའི་བྱང་ཆུབ་སེམས་ཏེ། བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཞེས་སོ།།

དེ་ནས།

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང། །

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

ཞེས་པས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། རྡོ་རྗེ་ཐེག་པའི་ཟབ་གནད་ཅེས་པའི་རྡོ་རྗེ་ཐེག་པ་ནི། མགོན་པོ་ཀླུ་སྒྲུབ་ལ་སོགས་པས་རྡོ་རྗེ་ཐེག་པའི་གཞུང་ལུགས་མཛད་ཡོད་ལ། རྡོ་རྗེ་ཐེག་པའི་གདམས་ངག་མང་པོ་ཞིག་ཡོངས་གྲགས་གྲུབ་ཆེན་བརྒྱད་ཅུའི་ནང་ནས་ཡོང་གི་ཡོད། དཔེར་ན། གྲུབ་ཆེན་ས་ར་ཧ་སོགས་ཀྱིས་མཛད་པའི་དོ་ཧ་སྒྲུབ་པ་སྡེ་བདུན་ཞེས་པ་སོགས་ནི་རྩ་བ་ཆགས་ཀྱི་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་རྩ་རྒྱུད་དང་། བཤད་རྒྱུད་སོགས་རྒྱུད་སྡེ་མང་པོ་ཞིག་ཀྱང་མཛད་ཡོད། དེ་དག་ནི་ཡོངས་གྲགས་སུ་གསུངས་པ་ཞིག་མིན། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྣམས་ཡོངས་གྲགས་སུ་གསུངས་པ་ཞིག་མིན་སྟབས། རྡོ་རྗེ་ཐེག་པའི་ཆོས་རྣམས་ནི་དེ་བས་ཀྱང་ཡོངས་གྲགས་སུ་ག་ལ་གསུངས། དེ་ནི་གདུལ་བྱ་ཆེས་ལས་དག་ཉུང་ཤས་ཀྱི་སྣང་བར་སྐབས་རེ་བཅོམ་ལྡན་འདས་དགེ་སློང་གི་རྣམ་ཅན་གྱི་ཐོག་ནས་གསུངས་པ་དང་། ཡང་སྐབས་རེ་ཆགས་བྲལ་གྱི་རྣམ་པ་དོར་ནས་གསུངས་པ་སོགས་ནི། འཕགས་པ་ལྷའི་སྤྱོད་བསྡུས་ལས། དམན་པ་ལ་མོས་པ་ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེ་བ་ལ་མོས་པ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་མོས་པ་ལ་ལྷག་པར་མོས་པ་ཆགས་ཅན་གྱི་སྤྱོད་པ་བཅས་སྤྱོད་པ་གསུམ་གྱི་སྐོར་གསུངས་ཡོད། དེས་ན་བཅོམ་ལྡན་འདས་ཀྱིས་གསང་སྔགས་ལས་བྱ་རྒྱུད་ཀྱི་རྒྱུད་སྡེ་འགའ་ཞིག་དགེ་སློང་གི་རྣམ་ཅན་དེ་གའི་ཐོག་ནས་གསུངས་པའང་ཡོད་ཅིང་། དེ་མིན་གསང་སྔགས་ཀྱི་ཆོས་ཕལ་མོ་ཆེ་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་ཤར་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྲུལ་པའམ་གདུལ་བྱ་ལས་དག་ཅིག་གི་ངོར་དེ་བཞིན་གཤེགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་རང་གི་ངང་གིས་ཤར་བ་ཞིག་ཡོང་བ་ཡིན། གང་ཡིན་ཞེ་ན། གཟུགས་སྐུ་ཞེས་པ་གཞན་དོན་ཡིན་ཏེ། གཞན་དོན་གཟུགས་སྐུ་ཞེས་བརྗོད་པས་སོ། །

དེས་ན་གདུལ་བྱ་གང་དུ་ཡོད་ས་དེར་དེའི་མོས་ངོ་དང་འཚམ་པའི་གཟུགས་སྐུ་འབད་མེད་ལྷུན་གྲུབ་ཏུ་ཤར་ཡོང་གི་ཡོད་པ་ལས། གདུལ་བྱ་ཡོད་མིན་ལ་མ་བལྟོས་པར་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་སྔོ་རྡོག་རྡོག་དང་། སེར་རྡོག་རྡོག་ལྟ་བུ་ཞིག་གཡས་གཡོན་དུ་ཡོད་པ་ལྟ་བུ་ག་ལ་ཡིན། དེ་ནི་གདུལ་བྱ་གང་དང་གང་དུ་ཡོད་པའི་གནས་དེར་རང་ཉིད་རྒྱུད་སྨིན་པའི་སྐབས་སུ་རང་གི་ངང་གིས་ཤར་བ་ཞིག་ཡིན། དེས་ན། གདུལ་བྱ་དེ་དང་དེ་རྒྱུད་སྨིན་ནས་སྐལ་ལྡན་དུ་གྱུར་པའི་སྐབས་སུ་རང་གི་ངང་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བའི་ཐོག་ནས་རྒྱུད་སྡེ་གསུངས་པ་དང་། དེས་ཆེད་དུ་བྱ་བའི་གདུལ་བྱ་དེ་ཉིད་རྣལ་འབྱོར་དེ་ལ་བརྟེན་ནས་ས་ལམ་གྱི་རྟོག་པ་མྱུར་དུ་གྲོལ་བ་ཞིག་ཡིན། དེ་ནས་རིམ་བཞིན་ཐོག་མའི་སློབ་དཔོན་དེ་ཉིད་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་དངོས་སུ་ཤར་ནས་དེ་ལས་ཐོབ་པའི་གདམས་པ་དེ་རང་ཉིད་ཀྱིས་ཉམས་བཞེས་གནང་བར་མ་ཟད། ཁོང་གིས་རང་ཉིད་ཀྱི་སློབ་མ་ཆེས་རེ་ཟུང་ལ་གནང་བའི་ཐོག་ནས་གསང་སྔགས་ཀྱི་ཆོས་འཁོར་གྱི་འགྲོ་ལུགས་འདི་ལྟར་དུ་འགྲོ་བཞིན་ཡོད། དེས་ན་དག་པའི་སྣང་བར་ཤར་བ་ཞིག་ཡིན་སྟབས། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུའང་ཡོང་ཆོག་པ་ཞིག་ཡིན། བཅོམ་ལྡན་འདས་ཀྱི་མཆོག་གི་སྤྲུལ་སྐུ་དང་། དེ་མིན་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་སོགས་ནི་སྐུ་བཞིའི་རྣམ་གཞག་གི་ཐོག་ནས་ཡོང་གི་ཡོད། དེས་ན་མཆོག་གི་སྤྲུལ་སྐུའི་སྤྲུལ་གཞི་ལོངས་སྤྱོད་རྫོགས་པའི་སྐུས་གང་འདུལ་གྱི་གཟུགས་སྐུའི་རོལ་པ་སྣ་ཚོགས་ཤར་བ་ཡོང་བ་ཡིན། དེས་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་ཟིན་པའི་རྗེས་སུའང་ཞལ་གཟིགས་ཡོང་ཆོག་པ་ཞིག་ཡིན།

དེའི་སྐོར་ངོས་ལ་ལོ་རྒྱུས་ཤིག་བརྗོད་རྒྱུ་ཡོད། ངོས་ཀྱི་ངོ་ཤེས་ཕྱི་རྒྱལ་བའི་ཨ་ནི་ཡོད་པ་ཁོང་གིས་ཉམས་ཞིབ་བྱེད་བཞིན་ཡོད། ཁོང་གིས་པ་ལཱིའི་གཞུང་དང་། ལེགས་སྦྱར་གྱི་གཞུང་རྣམས་ཕན་ཚུན་བསྡུར་ནས་ཉམས་ཞིབ་བྱེད་བཞིན་པ་དང་། ཉམས་ཞིབ་ཀྱི་གྲུབ་དོན་དེབ་ཅིག་ཀྱང་རིང་མིན་ཐོན་ཡོང་ངེས་ཡིན། ཁོང་གིས་བརྗོད་པ་ལྟར་ན། ཐའེ་ལན་ཌིའི་དགེ་སློང་རྟོགས་པ་མཐོན་པོར་ཕེབས་པ་ཞིག་ལ། ཉིན་ཞིག་དག་པའི་སྣང་བར་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་དགྲ་བཅོམ་པས་བསྐོར་ནས་ཡོད་པ་ཞིག་སྣང་བ་དངོས་སུ་ཤར་བ་བྱུང་འདུག །ཁོང་གིས་རང་ཉིད་ཀྱི་གྲུབ་མཐའི་ནང་ལྷག་མེད་མྱང་འདས་མངོན་དུ་མཛད་རྗེས་རིག་པ་རྒྱུན་ཆད་ཀྱི་འདོད་ཚུལ་ཡོང་བཞིན་ཡོད་ཀྱང། དགེ་སློང་རང་ཉིད་ལ་དེ་ལྟ་བུའི་ཉམས་མྱོང་དངོས་སུ་བྱུང་བ་ཡིན་སྟབས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཞིག་ད་ལྟའང་དངོས་སུ་མཇལ་རྒྱུ་འདུག །ཅེས་བརྗོད་པ་ཞིག་བྱུང་འདུག །དགེ་སློང་དེ་ཉིད་ཀྱི་སློབ་མ་ཞིག་རྒྱ་ནག་གི་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ཏུ་ཆོས་མཇལ་དུ་ཕེབས་ཏེ་སྨོན་ལམ་རྒྱག་པའི་སྐབས་སུ་སྐུའི་པར་གསལ་པོ་མི་འདུག་ཀྱང་། སྐུ་ལས་འོད་ཟེར་དཀར་པོ་ཞིག་བྱུང་སྟེ་སྨོན་ལམ་རྒྱག་བཞིན་བཞུགས་པའི་དགེ་སློང་གི་དབུའི་ཐོག་ཏུ་ཕོག་པ་ཞིག་པར་བརྒྱབ་འདུག་པ་དེ་ཉིད་ངོས་ནས་མཐོང་བྱུང་། དེ་ལྟར་བྱུང་འདུག །དེ་རིགས་ནི་ལམ་སང་ཡིད་མ་ཆེས་པ་ལྟ་བུ་ཞིག་ཡིན། འོན་ཀྱང་འགྲེལ་བཤད་མང་པོ་ཞིག་བརྒྱབ་ན་དེ་ལྟར་ཡོང་སྲིད་པ་ཞིག་ཡིན། དེར་བརྟེན་གཞི་རྐང་ཞུ་རྒྱུ་ནི། རྒྱུད་སྡེ་རང་ལོགས་སུ་ཡོད་པ་རྣམས་ཀྱི་རྩ་བ་ལྟ་བུ་ཆགས་ཡོད་ལ། དེའི་ཐོག་ཏུ་རྒྱལ་པོ་ཨིནྡྲ་བྷོ་ཏི་ལྟ་བུར་ཆ་མཚོན་ན། གསང་འདུས་མི་བསྐྱོད་ལུགས་ཡོང་སའི་གཞི་ལྟ་བུ་ཆགས་ཡོད། དེ་མིན་གྲུབ་ཆེན་མང་པོ་ཞིག་ནི་བླ་མ་གོང་མ་རྣམས་ཀྱི་རྗེས་འབྲང་བྱས་ནས་གྲུབ་ཆེན་དེ་རིགས་ཀྱི་གསུང་མང་པོའི་ནང་བསྐྱེད་རྫོགས་སོགས་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་རྣམ་གཞག་ཧ་ཅང་མང་པོ་ཞིག་ཐོན་བཞིན་ཡོད་ལ། ལྷག་པར་བླ་མེད་ཀྱི་སྐོར་མང་པོ་ཞིག་ཀྱང་ཐོན་བཞིན་ཡོད། བླ་མེད་ཀྱི་ཉམས་ལེན་རྣམས་ཀྱང་རྟོགས་པ་ཐོན་པོའི་མཚམས་སུ་སླེབས་ནས་བྱ་རྒྱུ་ནི་དོ་ཧ་སོགས་ཡིན། དོ་ཧ་ཞེས་པ་ནི་གླུའི་དོན་ཡིན། དཔེར་ན། གྲུབ་པ་སྡེ་བདུན་ལ་ཆ་མཚོན་ན། གསང་སྔགས་ཀྱི་ལམ་གྱི་བློ་ཕྲ་རགས་ཀྱི་རྣམ་གཞག་ཕྱེ་བ་སྟེ། ཡིད་བློ་ལ་ཕྲ་རགས་ཀྱི་དབྱེ་བ་ཕྱེ་ནས་ཡིད་བློ་ཕྲ་མོའི་སྟེང་ནས་ཉམས་ལེན་བྱ་རྒྱུ་ཞིག་གསུང་གི་ཡོད།

གསང་སྔགས་གསར་མའི་སྐབས་སུ་ཡིན་ནའང། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་མོ་དང། དེ་བཞིན་ས་སྐྱའི་རྒྱུད་གསུམ་གྱི་གསལ་སྟོང་ཟུང་འཇུག་གི་གོ་བ་མཐར་ཐུག་ནི་འོད་གསལ་གྱི་ཐོག་ནས་གསུང་གི་ཡོད། ཕྱག་རྒྱ་ཆེན་མོའི་གོ་བ་མཐར་ཐུག་དེ་ཡང་འོད་གསལ་གྱི་སྟེང་ནས་གསུང་གི་ཡོད། རྙིང་མའི་རྫོགས་ཆེན་གྱི་མཁྲེགས་ཆོད་ཀྱི་མཐཪ་ཐུག་ཀྱང་འོད་གསལ་གྱི་ཐོག་ནས་གསུང་གི་ཡོད། རི་བོ་དགེ་ལྡན་པར་མཚོན་ནའང། དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་དཔེ་དོན་གྱི་འོད་གསལ་དེ་དག་ཀྱང་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་ཐོག་ནས་གསུང་གི་ཡོད། དེ་ལྟར་བས་ན། དེ་ལྟ་བུའི་རྟོགས་པ་མྱུར་དུ་སྐྱེ་བ་དང་། རྟོགས་པའི་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་གསུངས་པ་ཞིག་ཆགས་ཡོད། དེར་བརྟེན་དེ་དག་གི་ནང་དུ་ལྟ་བའི་རྣམ་གཞག་རྒྱས་པོ་གང་ཡང་མེད། གཙོ་བོ་ཡུལ་ཅན་ལྷན་ཅིག་སྐྱེས་པའི་བློ་སྐྱེ་ཐབས་གཙོ་དོན་གནང་ཡོད། དེ་ལྟ་བུའི་རྣལ་འབྱོར་པ་དེ་དབུ་སེམས་གང་རུང་གི་སྟོང་ཉིད་ཀྱི་ལྟ་བ་ཡོད་པ་གཞིར་བཞག་གིས་གསུངས་པ་ཞིག་ཆགས་ཡོད། ཆེད་དུ་བྱ་བའི་གདུལ་བྱ་དེ་སྟོང་ཉིད་ཀྱི་ལྟ་བ་ཡོད་པ་ཞིག་ཆགས་ཡོད། དེས་ན། རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །ཞེས་པ་དེ་ཡིན།

དེ་མིན་སྔར་ཇོ་བོ་རྗེ་བོད་དུ་ཕེབས་སྐབས། འདུལ་བ་འཛིན་པ་ཉམས་ལེན་བྱེད་མཁན་ཞིག་གིས་གསང་སྔགས་ཞེས་པ་དེར་སྙིང་པོ་མེད་ཅེས་བརྗོད་པ་དང་། གསང་སྔགས་ཉམས་ལེན་བྱེད་མཁན་དག་གིས་འདུལ་བར་སྙིང་པོར་མེད་ཅེས་བརྗོད་པ། གསང་སྔགས་ལ་ཁས་འཆེ་སྟེ་འདུལ་བ་ལ་ཅ་འབྱིད་དང་། འདུལ་བའི་ཉམས་ལེན་ལ་ཁས་འཆེ་ནས་གསང་སྔགས་ལ་ཅ་འབྱིད་ཅེས། མདོར་ན། མདོ་སྔགས་གཉིས་འབྲེལ་མེད་དོན་གཞན་ལྟ་བུར་མཐོང་མཁན་གྱི་རིགས་བྱུང་ཡོད། དེར་བརྟེན་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་ནས་ནང་པ་སངས་རྒྱས་པའི་ཆོས་སྤྱིའི་སྒྲོམ་གཞི་ལྟ་བུ་ལེགས་པར་བློ་ངོར་ཤར་ན། དེ་དག་གི་གནད་རྣམས་གུང་བསྒྲིགས་སྐབས། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་ནས་གསང་གསུམ་རོ་གཅིག་པ་ཞེས་གསུངས་པ་ལྟར། གཞིའི་སྐུ་གསུམ་གྱི་རྣམ་གཞག་གསུངས་པའི་ཐོག་ཏུ་བསམ་བློ་ཞིག་བཏང་ན་དེར་བྲོ་བ་ཞིག་རྙེད་རྒྱུ་ཡོད། འདི་ནི་དངོས་གནས་རེད་འདུག་སྙམ་པ་ལྟ་བུ་ཤེས་ནས་དད་པ་རྙེད་པ་ཞིག་ཏན་ཏན་ཡོང་རྒྱུ་ཡོད། དེས་ན། རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །ཞེས་སོ།།

སྔར་ལོ་གཅིག་ངོས་རང་ཨ་རིར་ཆོས་འབྲེལ་བྱེད་སྐབས་ཤིག་ཏུ། ཆོས་ཚོགས་ཀྱི་ཚོགས་འདུ་ཞིག་ཚོགས་ཤིང། དེའི་སྦྱིན་བདག་གི་གྲས་ཨ་ཅག་གཅིག་གིས་ངོས་ལ་འདི་ལྟར་བརྗོད་ཀྱི་འདུག །བོད་ཀྱི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡྲར་ཐུག་པ་རེད་ཅེས་བརྗོད་ན་འགའ་ཞིག་གིས་མི་བདེ་བར་བརྩི་བཞིན་འདུག །བཀའ་བརྒྱུད་དང་རྙིང་མ་སོགས་འགའ་ཞིག་དཔལ་ནཱ་ལེནྡྲར་ཐུག་མེད་ཅེས་བརྗོད་ཀྱི་འདུག །འོན་ཀྱང་ཁོང་ལ་གང་ཡང་བཤད་མེད། དེ་ནི་མ་ཤེས་པའི་སྐད་ཆ་རང་རེད། གོང་དུ་བརྗོད་མ་ཐག་པ་ལྟར་རྙིང་མའི་ཆོས་སྐོར་ལ་ཆ་མཚོན་ན། བོད་གངས་ཅན་ལྗོངས་ལ་རྙིང་མའི་གཙོ་བོ་སློབ་དཔོན་རིན་པོ་ཆེ་ཆགས་ཡོད། སྤྱིར་བཏང་ནས་བརྗོད་ན་འཕགས་ཡུལ་གྱི་རིག་འཛིན་རྣམ་བརྒྱད་སློབ་དཔོན་རིན་པོ་ཆེ་དགེ་རྒན་ཡིན་ཅིང་། རིག་འཛིན་རྣམ་བརྒྱད་ཀྱི་ནང་དུ་གསུང་གི་རིག་འཛིན་མགོན་པོ་ཀླུ་སྒྲུབ་ཡོད། པདྨ་གསུང་གི་ལྷ་ཚོགས་ཀྱི་ཁུངས་གཏུག་ས་མགོན་པོ་ཀླུ་སྒྲུབ་སླེབས་ཡོང་གི་ཡོད། དེ་དང་དེ་མཚུངས་ཡིན་ཅིང་། མདོར་ན་རྫོགས་པ་ཆེན་པོའི་མཁྲེགས་ཆོད་ཀྱི་ལམ་ཉམས་ལེན་བྱེད་སྐབས། ངོ་བོ་ཀ་དག་དང་། རང་བཞིན་ལྷུན་གྲུབ་བཅས་དེ་གཉིས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པར་བརྟེན། ཀ་དག་གི་དོན་དཔྱིས་ཕྱིན་པ་ཞིག་ཤེས་པ་ལ་སྟོང་ཉིད་ཀྱི་ལྟ་བ་ཤེས་དགོས་པ་ཡིན།

དེ་བཞིན་ཕྱག་རྒྱ་ཆེན་པོར་ཆ་མཚོན་ནའང། གཞི་ཡི་ཕྱག་ཆེན་དང། ལམ་གྱི་ཕྱག་ཆེན་གསུང་སྐབས་གནས་ཚུལ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མ་ཤེས་ན་ཧ་ཅང་ཁག་པོ་ཡིན། དེས་ན་རྫོགས་ཆེན་གྱི་རྩ་བ་སློབ་དཔོན་རིན་པོ་ཆེར་ཐུག་པ་དང་། སློབ་དཔོན་རིན་པོ་ཆེ་ནི་བོད་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་ལྷག་པར་ཆེ་བ་ཞིག་ཡིན། སློབ་དཔོན་རིན་པོ་ཆེས་ཐད་ཀར་གསུངས་པ་དང་། དེ་མིན་མ་འོངས་པའི་གདུལ་བྱར་དགོངས་ནས་གཏེར་དུ་སྦས་པ་རྣམས་ཀྱང་། པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ཤེས་ན་དེ་དག་གི་ཟབ་ཁྱད་ཐོན་ཐུབ་པ་ཞིག་དང་། པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་མ་ཤེས་ན་དེ་དག་གི་ཟབ་ཁྱད་ཀྱང་ཤེས་རྒྱུ་ཤིན་ཏུ་དཀའ་བར་མ་ཟད། ལམ་གོལ་སར་འགྲོ་ཉེན་ཧ་ཅང་ཆེན་པོ་ཡོད།

བཀའ་བརྒྱུད་ལ་མཚོན་ནའང། མར་མི་དྭགས་གསུམ་ལས་གཙོ་བོ་རྗེ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང། མར་པའི་བླ་མ་ནཱ་རོ་པ་ཡིན་ལ། ནཱ་རོ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆགས་ཡོད། དེ་ལྟར་ཐད་ཀར་དཔལ་ནཱ་ལེནྡྲའི་མཁས་པ་མིན་ནའང་། བླ་མ་གོང་མ་ནཱ་ལེནྡྲའི་མཁས་པ་དེ་དག་གིས་གསུངས་པའི་གསུང་ལ་སློབ་གཉེར་གནང་སྟེ་ཐོན་པ་ཤ་སྟག་ཆགས་ཡོད་པ་ལས་ཟུར་དུ་གང་ཡང་མེད། དེས་ན་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་ཐོག་ཏུ་ཕྱིན་ན་ས་དགེ་བཀའ་རྙིང་ཞེས་དབྱེ་བ་ཕྱེ་རྒྱུ་དེ་ཙམ་ལྷག་མེད། དེ་དག་གཞི་རྩར་བཞག་པའི་ཐོག་ནས་ཐོན་པའི་གཙོ་བོ་གསང་སྔགས་ཀྱི་ཐོག་ནས་གདམས་པ་མི་འདྲ་ཡོད་པའི་ཐོག་ནས་སྔ་འགྱུར་རྙིང་མ་དང་། རྙིང་མ་ལ་ཆ་མཚོན་ནའང་། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་བཅས་དབྱེ་བ་མང་དུ་ཕྱེ་རྒྱུ་ཡོད། གཏེར་མ་ལ་ཆ་བཞག་ཀྱང་། གཏེར་སྟོན་བརྒྱ་རྩ་སོགས་ཧ་ཅང་མང་པོ་ཡོང་གི་ཡོད། དེ་བཞིན་བཀའ་བརྒྱུད་ལ་ཆ་མཚོན་ནའང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་མང་པོ་ཞིག་ཀྱང་ཡོད། ས་སྐྱ་ལ་མཚོན་ནའང་། ས་ངོར་ཚ་གསུམ་ཞེས་མང་པོ་ཞིག་ཡོང་བ་དང་། རི་བོ་དགེ་ལུགས་པར་ཆ་མཚོན་ནའང། དབེན་ས་སྙན་བརྒྱུད། སྲད་བརྒྱུད་སོགས་མང་དུ་ཐོན་གྱི་ཡོད། དེ་དག་ནི་དམིགས་བསལ་སྒོས་ཆོས་རེ་ཡོད་པའི་ཐོག་ནས་གསུངས་ཡོད། འོན་ཀྱང་དེ་དག་གི་རྩ་བ་ཁུངས་གཏུག་ས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་ཐོག་ལ་ཐུག་ཡོང་གི་ཡོད། དེ་དག་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་འདུག །དེས་ན་ངོས་ནས་འདི་སྐོར་ཞུ་འདོད་བྱུང་།

དེ་མིན་ང་ཚོ་བོད་པའི་ཁྲོད་དུ་དེ་སྔའི་ལོ་རྒྱུས་ཐོག་ཡོད་ལ། དེང་སྐབས་ཀྱང་ཡོང་གི་འདུག །ང་ཚོ་བཀའ་བརྒྱུད་ཡིན་ཞེས་དང་། བཀའ་བརྒྱུད་པའི་ནང་ནས་ཀྱང་ང་ཚོ་འབྲི་གུང་བཀའ་བརྒྱུད་ཡིན། ང་ཚོ་འབྲུག་པ་བཀའ་བརྒྱུད་ཡིན་ཞེས་འབྲུག་པ་བཀའ་བརྒྱུད་པའི་ཆོས་ཚོགས་ཡིན་ན་འབྲི་གུང་པ་རྣམས་ཡོང་མི་ཆོག་པ་ལྟ་བུ་དང་། འབྲི་གུང་བཀའ་བརྒྱུད་པའི་ཆོས་ཚོགས་ཡིན་ན་དེའི་ནང་ཀམ་ཚང་བཀའ་བརྒྱུད་པ་ཡོང་མི་ཆོག་པ་ལྟ་བུ་ཤོད་ཀྱི་འདུག །དེ་དག་ནི་གཏན་ནས་མི་དགོས་པ་ཞིག་ཡིན་པར་མ་ཟད། མ་ཤེས་པས་རྙོག་གྲ་བཟོས་ཡོང་གི་ཡོད། ཤེས་པ་ཞིག་གིས་བལྟས་ན་དེ་ནི་གད་མོ་ཤོར་བའི་གནས་ལས་མ་འདས། དེ་དག་གི་སྐོར་འདིར་ད་ལན་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་གང་འཚམ་ཞིག་ཡོད་སྟབས་འདི་སྐོར་བརྗོད་འདོད་བྱུང་། གོང་དུ་ངོས་ནས་བརྗོད་པ་རྣམས་བདེན་པ་ཡིན་མིན་ཁྱེད་རང་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། ཞིང་པ་ཡིན་ན་བརྟག་དཔྱད་བྱེད་སྐབས་ཞིང་ལས་ཉིན་ཤས་བཞག་ནས་དཔེ་ཆ་བཀླགས་ནས་ཞིབ་འཇུག་བྱེད་དགོས།

དེ་ནས་དཔལ་ས་སྐྱ་པའི་ལམ་འབྲས་ནི་གྲུབ་ཆེན་བིར་ཝ་པ་ནས་བརྒྱུད་པའི་གདམས་ངག་ཅིག་ཡིན་ཅིང་། དེ་ཡང་ལམ་འབྲས་རྡོ་རྗེའི་ཚིགས་རྐང་ཞེས་བིར་ཝ་པ་ནས་བརྒྱུད་པ་ཞིག་ཡིན། གྲུབ་ཆེན་བིར་ཝ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་རེད་འདུག །ཁོང་ནཱ་ལེནྡྲར་བཞུགས་སྐབས་གནས་བརྟན་ཆོས་སྐྱོང་ངམ་ལེགས་སྦྱར་གྱི་མཚན་དུ་དྷརྨཱ་པ་ལ་ཞུ་ཞིང་། ངོས་ནས་དོ་སྣང་བྱུང་བར། ཁོང་གིས་བརྩམས་པའི་གཞུང་ནི། རྒྱ་ཡི་མཁན་པོ་ཝེན་ཚེགས་ཀྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་གྱི་ནང་དུ་གནས་བརྟན་ཆོས་སྐྱོང་ཞེས་ལུང་ཧ་ཅང་མང་པོ་དྲངས་གནང་འདུག །མདོར་ན་ཁོང་ཉིད་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་ཆགས་ཡོད། ཕྱིས་སུ་ནཱ་རོ་པ་ལྟར་དུ་སྤྱོད་པ་ལ་གཤེགས་པས་གྲུབ་ཆེན་བིར་ཝ་པ་ཞེས་ཞུ་གི་ཡོད། དེས་ན་དཔལ་ས་སྐྱ་པར་ཆ་མཚོན་ན། ལམ་འབྲས་ཀྱི་ཁུངས་གཏུག་ས་དཔལ་ནཱ་ལེནྡྲ་ཆགས་ཡོད།

ངོས་ཀྱི་ངོ་ཤེས་ཤིག་ཡོད། ཁོང་གི་ལུང་པའི་མིང་འདིར་བརྗོད་མི་དགོས་པའི་ཐོག་ང་ཚོ་སྐབས་ཤིག་ཆོས་ཚོགས་ཤིག་ཚོགས་ཤིང་། སྐབས་དེར་ཐའེ་ལན་ཌིའི་ནང་པའི་དབུ་ཁྲིད་ཁོང་ཡང་ཚོགས་ཕེབས་གནང་འདུག །གོ་སྒྲིག་གནང་མཁན་དེས་ཁོང་ཐའེ་ལན་ཌིའི་ཐེག་དམན་ཆོས་ཀྱི་དབུ་ཁྲིད་དང་། ཁོང་རང་ཐེག་ཆེན་གྱི་ཆོས་ཀྱི་དབུ་ཁྲིད་ཡིན། ངོས་རང་བཛྲ་ཡ་ནའི་ཆོས་ཀྱི་དབུ་ཁྲིད་རེད་ཅེས་ཚང་མ་ཐ་དད་ཡིན་པ་ལྟ་བུ་ཞིག་བརྩིས་ནས་བརྗོད་སོང་། སྐབས་དེར་ཁོང་རང་ལ་གང་མང་ཞུས་མེད། འོན་ཀྱང་ཤེས་པ་ཞིག་གིས་བལྟས་ཚེ་ཐོག་མར་པ་ལཱིའི་གཞུང་ནས་གསུངས་པའི་སྐྱ་བོ་དང་རབ་ཏུ་བྱུང་བའི་སོ་ཐར་གྱི་འདུལ་བའི་གཞུང་དེ་དག་དང་ཆབས་ཅིག་བྱང་ཕྱོགས་སོ་བདུན་གྱི་ལམ་གྱི་ཉམས་ལེན་བྱ་རྒྱུ་དེ་དག་ཀྱང་ཆ་ཚང་ཡོད་པའི་ཐོག་ཏུ་སྟོང་ཉིད་ཀྱི་ལྟ་བ་ལའང་ཕྲ་རགས་མང་དུ་ཕྱེ་སྟེ། གང་ཟག་གི་བདག་མེད་ཙམ་མིན་པར་ཆོས་ཀྱི་བདག་མེད་དང་། ཆོས་ཀྱི་བདག་མེད་ལའང་མི་འདྲ་བ་ཡོད་པ་རྣམས་ཆ་ཚང་ཤེས་པར་བྱས། གཙོ་བོ་ནི་བདག་མེད་ཀྱི་ལྟ་བས་གྲོགས་བྱས་ཏེ་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་། དེ་ནས་ཕྱིན་དྲུག་གི་སྤྱོད་ལ་བསླབས་ཏེ་སྟན་འདི་གའི་སྟེང་ནས་ཉམས་ལེན་དེ་དག་རིམ་པར་བྱེད་སྐབས། པ་ལཱིའི་གཞུང་ནས་གསུངས་པ་རྣམས་མ་རྩར་བཞག་སྟེ་རྨང་གཞིར་བྱས་པའི་ཐོག་ཏུ་ཆོས་ཀྱི་བདག་མེད་ཀྱི་རྣམ་གཞག་དང་། སེམས་བསྐྱེད་དང་། ཕྱིན་དྲུག་གི་ཉམས་ལེན་བཅས་གཙོ་འདོན་བྱེད་པ་དེ་དག་གིས་ཐེག་ཆེན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་དང། དེའི་སྟེང་སྟོང་ཉིད་རྟོགས་པའི་བློ་དམིགས་བསལ་ཞིག་སྐྱེས་པའི་ཆེད་དུ་ལམ་ཉམས་ལེན་བྱ་རྒྱུར་རྩ་རླུང་ཐིག་ལེར་གནད་དུ་བསྣུན་པས་མཚོན་ཉམས་ལེན་བྱ་རྒྱུ་རྣམས་དེའི་ཐོག་བསྣན་ཏེ་འགྲོ་དགོས་པ་ཞིག་ཡིན་པ་ལས། དེ་དག་ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོ། གསང་སྔགས་རྡོ་རྗེ་ཐེག་པ་བཅས་རྩ་བ་ནས་ཐ་དད་ཡིན་པ་ལྟར་དུ་ལྟ་བ་ནི་རྩ་བ་ནས་མ་ཤེས་པའི་རྟགས་ཡིན་པ་ལས། དངོས་ཡོད་ཀྱི་གནས་ཚུལ་དེ་ལྟར་མིན། གསང་འདུས་རྩ་རྒྱུད་ལས།

ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ། །ནང་དུ་འདུལ་བ་ལོ་རབས་དགའ། །

ཞེས་གསུངས་ཡོད། དེ་ནི་ཕྱི་ཡི་ཉན་ཆོས་ཀྱི་ཉམས་ལེན་རྣམས་ཆ་ཚང་ཡོད་པའི་ཐོག་ནང་དུ་གསང་བ་འདུས་པའི་ཉམས་ལེན་རྣམས་ཡོད་པ་བཅས་དང་། གསང་བ་འདུས་པའི་ཉམས་ལེན་ཡོང་བ་ལའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་མེད་ན་གཏན་ནས་ཡོང་ཐབས་མེད། དེས་ན་སྟན་ཐོག་གཅིག་ལ་གང་ཟག་གཅིག་གིས་ཉམས་ལེན་བྱ་རྒྱུ་ཞིག་གསུང་གི་ཡོད། དོན་དངོས་ལྟར་ན་འདི་ལྟར་ཡིན། ང་ཚོ་མང་པོས་ཐེག་པ་ཆེན་པོ་དང་། ཐེག་པ་ཆུང་ངུ་ཞེས་བརྗོད་དེ་ཁྱད་པར་ཆེན་པོ་ཡོད་པ་ལྟ་བུར་བརྩི་བཞིན་འདུག་པ་ནི་རྩ་བ་ནས་ནོར་བ་ཞིག་ཡིན། པ་ལཱིའི་གཞུང་རྣམས་བཅོམ་ལྡན་འདས་ཀྱི་བཀའི་རྨང་གཞི་དེ་ཆགས་ཡོད། དེ་གཞི་ལ་བཞག་པའི་ཐོག་ཏུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་ནས་གསུངས་པ་རྣམས་སྣོན་མ་བརྒྱབ་ནས་འགྲོ་དགོས་པ་ཞིག་ཡིན་པ་ལས། ཐ་དད་གཏན་ནས་མིན་པ་དེ་ཤེས་དགོས་པ་ཞིག་ཡིན།

དེ་ལྟར་ངོས་ནས་འབྲེལ་བཤད་བྱེད་དགོས་དོན་ནི། སྤྱིའི་འགྲོ་ལུགས་དང་གོ་བ་ཞིག་ཡག་པོ་ཞིག་ཆགས་ན་བསམས་ནས་ཞུས་པ་ཡིན། དེ་དག་ཧ་ཅང་གནད་འགག་ཆེན་པོ་ཞིག་རེད་འདུག །དེ་མིན་ཕྱོགས་རེའི་མིག་ཅན་ཆགས་ན། བསྟན་པ་ཡོངས་སུ་རྫོགས་པ་ལ་གོ་བ་ཆགས་ཐུབ་པ་ཞིག་ཡོང་རྒྱུ་ཁག་པོ་ཡིན། རྗེ་བདག་ཉིད་ཆེན་པོས།

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །

གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །

འཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །

གསུངས་པ་དེ་ཧ་ཅང་ནུས་པ་ཆེན་པོ་ཞིག་རེད་འདུག །ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་དེ་དག་ཀྱང་ཕན་ཚུན་འབྲེལ་འདྲིས་མ་བྱས་པར་བསྡད་པ་དེ་ནི་ནོར་འཁྲུལ་ཞིག་རེད། རྫོགས་ཆེན་པས་གསར་མའི་གཞུང་ལུགས་ལ་གཟིགས་དགོས་པ་དང་། གསར་མ་ཉམས་བཞེས་གནང་མཁན་དག་གིས་ཀྱང་རྫོགས་ཆེན་གྱི་གཞུང་ལ་གཟིགས་པ་སོགས་བསྟན་པ་ཡོངས་རྫོགས་ཀྱི་གནས་ཚུལ་ཤེས་པ་ཞིག་དང་། སྤྱིར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བསྟན་པ་དང་། བྱེ་བྲག་ཏུ་བོད་གངས་ཅན་གྱི་ལྗོངས་སུ་ཁྲིད་ལུགས་ཅུང་ཟད་རེ་མི་འདྲ་བའི་ཐོག་ནས་ས་དགེ་བཀའ་རྙིང་སོགས་མཚན་ཐོགས་མི་འདྲ་བ་ཡོད་པ་དེ་དག་གིས་ཀྱང་གཞུང་རྣམས་ཀྱང་ང་ཚོས་ཤེས་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ངོས་རང་ཤེས་ཀྱི་ཡོད་ཅེས་བརྗོད་ཀྱི་མེད། མ་ཤེས་པ་ཞིག་ལ་བལྟོས་ན་ཅུང་ཟད་ཤེས་ཀྱི་ཡོད་པ་ལས་དེ་མིན་གང་ཡང་ཤེས་ཀྱི་མེད། ཉམས་ལེན་ཡོང་གི་མི་འདུག་ཀྱང་། གཞུང་ལུགས་དེ་དག་མཇལ་སྐབས་དངོས་གནས་དད་པ་དག་སྣང་དང་། སྤྲོ་བ་འཕེལ་བ། གཅིག་ལ་མ་གསལ་བ་དེ་གཅིག་ཤོས་སུ་གསལ་བ་དང་། བརྗོད་དོན་གཅིག་པ་ཡིན་ནའང་འགྲེལ་བཤད་བསྐྱོན་སྟངས་མི་འདྲ་བའི་ཐོག་ནས་གནད་འགག་གསར་པ་ཤེས་པ་སོགས་ལ་ཕན་ཐོགས་རླབས་ཆེན་ཞིག་འདུག །དེ་ལྟར་བྱུང་ན། བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཞེས་པ་དེ་འདི་ལྟར་ལ་གོ་བ་སྦྱར་ནའང་སྦྱར་རྒྱུ་ཡོད་པ་ཞིག་རེད་འདུག །འདི་ལྟར་ངོས་ནས་ཞུ་འདོད་བྱུང་ལ། ཁྱེད་རང་ཚོས་པཎ་གྲུབ་བཅུ་བདུན་གྱི་སྨོན་ལམ་དུས་དུས་སུ་འདོན་པ་དང་། སྨོན་ལམ་འདོན་སྐབས་གོང་དུ་ངོས་ནས་ཞུས་པའི་བརྗོད་དོན་རྣམས་བློ་ཡོར་ཤར་བ་ཞིག་གི་ཐོག་ནས་སྨོན་ལམ་རྒྱག་རོགས་བྱེད།

 

གསུམ་པ།

 

དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང༌། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། གཟུ་བོའི་བློས། ཞེས་པས་བློ་གཟུ་བོར་གནས་པའི་ཐོག་ནས་ཐེ་ཚོམ་དགོས་ཤིང་། ཐེ་ཚོམ་ལ་ཉོན་མོངས་ཅན་གྱི་ཐེ་ཚོམ་དང་། ཉོན་མོངས་ཅན་མ་ཡིན་པའི་ཐེ་ཚོམ་གཉིས་ཡོད་པ་བརྗོད་ཆོག་ལ། སྤྱིར་ཐེ་ཚོམ་ཙམ་ནི་སྤང་བྱ་ལྟ་བུར་བརྩི་རྒྱུ་ཞིག་མིན།  གནས་ཚུལ་གང་ཞིག་ཡིན་ནའང་ལམ་སང་ཡིད་ཆེས་ཀྱི་ཐོག་ནས་འགྲོ་བ་ལྟ་བུ་མིན་པར་ཇི་ལྟར་ཡིན་པའི་ཐེ་ཚོམ་གྱི་ཐོག་ནས་བརྟག་དཔྱད་བྱེད་དགོས་པ་ཡིན། དེས་ན་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང༌། རྒྱུ་མཚན་མཐོང་ནས་དད་པ་སྐྱེ་བ་ལ་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང༌། སངས་རྒྱས་བསྐྱངས་དང༌། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་འདི་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་བ་དང༌། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང༌། མཁས་པ་དེ་དག་གི་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། ངྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།  །།

Leave a Reply

Your email address will not be published. Required fields are marked *