༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།།
ཐོག་མར་ངོས་ནས་བྲིས་པའི་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་བྱ་བའི་བཤད་ལུང་བྱ་བ་ལ། ཕྱག་དཔེའི་མཚན་བྱང་ནི། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།
ཀ༽ མཆོད་པར་བརྗོད་པ།
རྩ་བར།
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པས། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
ཞེས་པའི་ཚིག་རྐང་དང་པོ་གཉིས་ཀྱིས། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་དུ།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །
ཞེས་གསུངས་པ་ལྟར། འགྲོ་ལ་ཕན་པར་བཞེད་པའི་ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོའི་གོམས་པ་མཐར་ཐུག་པའི་གནས་སྐབས་ཀྱི་རྒྱལ་བ་དེའི་ཐུགས་རྒྱུད་ལ་ཡོད་པའི་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་འབའ་ཞིག་གིས་མཐུ་ལས་བསྐྲུན་པའི་སྤངས་རྟོགས་མཐར་ཕྱིན་ཅིང༌། སྐྱོབ་པ་མཐར་ཐུག་མངའ་བའི་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ་སྟེ། བླ་མའི་ཡང་བླ་མ། ལྷ་ཡི་ལྷ། གོང་མའི་ཡང་གོང་མར་གྱུར་པ་ཡིན་ཚུན་བསྟན་པ་ཡིན།
རྐང་པ་གསུམ་པས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྩལ་དུ་བཏོན་ནས་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྟེན་འབྱུང་ཕྲ་མོའི་དོན་བཤད་དེ། དེ་ཡང་རྟེན་འབྱུང་ཕྲ་མོའི་དོན་ནི་སྟོང་པ་ཉིད་ཀྱི་དོན་ཡིན། དེར་བརྟེན་ཟབ་མོ་རྟེན་འབྱུང་གི་གཏམ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་ཡིན་པས། དེ་ལྟ་བུའི་སྟོན་པ་དེར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བསྟོད་པ་མཛད་པའི་ཚེ། གཙོ་བོར་རྟེན་འབྱུང་གི་གཏམ་སེངྒེ་ང་རོར་བསྒྲགས་པ་རྒྱུ་མཚན་དུ་བྱས་ནས་བསྟོད་ཕྱག་མཛད་དེ། དེ་ཡང་རིགས་པ་དྲུག་ཅུ་པ་ལས།
གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །
རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །
ཞེས་དང༌། དེ་བཞིན་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་དུ།
གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །
ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །
ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །
ཞེས་སྟོན་པ་བཅོམ་ལྡན་འདས་ཀྱིས་གཙོ་བོར་རྟེན་འབྱུང་གི་གཏམ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་རྒྱུ་མཚན་དུ་བཀོད་ནས་བསྟོད་ཕྱག་མཛད་པ་དང༌། རྗེ་རིན་པོ་ཆེས་ཀྱང་རྟེན་འབྲེལ་བསྟོད་པར་གསུངས་པ་བཞིན། བསྟན་པའི་བདག་པོ་སྟོན་པ་བཀའ་དྲིན་ཅན་ཐུབ་དབང་སྨྲ་བའི་ཉི་མའི་བརྩེ་བའི་ཡོན་ཏན་དང༌། མཁྱེན་པའི་ཡོན་ཏན་གཙོ་བོར་བཤད་པའི་ཐོག་ནས་དེའི་ཡོན་ཏན་དྲན་པའི་ངང་ནས་སྟོན་པ་ལ་ཕྱག་འཚལ་བ་ཡིན་ནོ།།
༡༽ མགོན་པོ་ཀླུ་སྒྲུབ།
རྩ་བར།
རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ། །
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །
འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
ཞེས་པ་འདིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་བ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མདོ་སྔགས་ཀྱི་བསྟན་པ་གཉིས་ཡོད་པའི་ནང་ནས་མདོའི་བསྟན་པ་འདི་ཁོ་ནའི་སྟེང་ནས་ས་བཅུ་པའི་བར་དུ་བགྲོད་ཐུབ་ཀྱི་ཡོད་ཀྱང༌། སྔགས་ལ་ནི་མདོ་དང་མ་འབྲེལ་བར་ཨུ་ཚུགས་བརྒྱབ་ནས་ཕྱིན་ཀྱང་ས་ལམ་བགྲོད་མི་ཐུབ། དེར་བརྟེན་མདོ་སྔགས་ཀྱི་བསྟན་པ་གཉིས་ཡོད་པ་དེ་ལ། མདོའི་ལམ་ཆ་ཚང་ཡོད་པའི་སྟེང་ནས་སྔགས་ལམ་གྱི་སྣོན་པ་བརྒྱབ་སྟེ་ཕྱིན་ན། སྔགས་ཀྱི་ཟབ་ཁྱད་དང་མྱུར་ཁྱད་རྣམས་ཐོན་ཡོང་གི་ཡོད།
མདོ་ལམ་ལ་ཆ་བཞག་ནའང་ཐེག་པ་ཆེ་ཆུང་གཉིས་ཡོད་པས། ཐེག་དམན་ནས་གསུངས་པའི་བདེན་བཞི་དང༌། དེ་བཞིན་བྱང་ཕྱོགས་སོ་བདུན་གྱི་ལམ་གསུངས་པ་རྣམས་ཇི་ཙམ་རགས་ཀྱང་དེ་དག་གཞི་ལ་བཞག་པའི་སྟེང་དུ། ཐེག་ཆེན་གྱི་ལམ་རྣམས་སྣོན་པ་བརྒྱབ་ནས་འགྲོ་དགོས་པ་ལས། ཐེག་དམན་གྱི་གཞུང་གི་སྐབས་ནས་གསུངས་པ་དེ་དག་ཐེག་ཆེན་ལ་བལྟོས་ཏེ་རགས་པའི་རྒྱུ་མཚན་གྱིས་དོར་བྱའམ་གོལ་ས་ཡིན་པ་ལྟ་བུར་བཞག་ནས་ཐེག་ཆེན་ཞེས་ཟུར་དུ་ཉམས་ལེན་བྱེད་རྒྱུ་ཞིག་མེད།
དེར་བརྟེན་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལ་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་པ་ནས་བཟུང་བསྟན་པ་ཡོངས་སུ་རྫོགས་པ་དེ་དག་ཤེས་པར་བྱས་ཏེ། རྒྱས་བསྡུས་ལ་མ་བལྟོས་པའི་ལམ་གྱི་རྐང་གྲངས་ཚང་བ་ཞིག་གི་སྟེང་ནས་ཉམས་ལེན་བྱེད་དགོས་པ་ཆགས་ཡོད། དེས་ན་སྔགས་ལམ་གྱི་ཟབ་ཁྱད་དེ་དག་མདོ་ལམ་གྱིས་འདོན་དགོས་པ་དང༌། མདོ་ལམ་ལ་ཡང་མདོ་སྡེ་མང་པོ་ཞིག་ཡོད་པའི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི་ཤེར་ཕྱིན་གྱི་མདོ་ཡིན་ཅིང༌། ཤེར་ཕྱིན་གྱི་མདོ་ལ་སྦས་དོན་མངོན་རྟོགས་དང༌། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཉིས་ཡོད་པའི་ནང་ནས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་གསལ་བར་མཛད་པ་དང༌། འཕགས་པ་ཐོགས་མེད་ཀྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་གསལ་བར་མཛད། དེར་བརྟེན་འདིར་རྒྱལ་བའི་ལུང་བཞིན་དུ་ཐེག་པའི་མཆོག་དབུ་མའི་སྲོལ་འབྱེད་པར་མཛད་པ་ཀླུ་སྒྲུབ་ཞབས་ལ་གསོལ་འདེབས་བྱས་པ་སྟེ།
རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
ཞེས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་སྤྲོས་པའི་མཐའ་མཐའ་དག་དང་བྲལ་དེ་ལྟ་བུའི་ཟབ་མོ་རྟེན་འབྱུང་གི་ཚུལ་དེ་ཀླུ་སྒྲུབ་ཀྱིས་རིགས་ཚུལ་ཟབ་མོས་གསལ་བར་མཛད་ཅིང༌། ཁོང་གིས་གཙོ་བོར་དབུ་མ་རྩ་བ་ཤེས་རབ་ཀྱི་སྐབས་ནས་གསུངས་པ་དེ་དང༌། གཞན་ཡང་རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག །ཞིབ་མོ་རྣམ་འཐག །དབུ་མ་རིན་ཆེན་ཕྲེང་བ་བཅས་རིགས་ཚོགས་དྲུག་པོ་འདི་དག་གི་སྟོང་ཉིད་སྒྲུབ་བྱེད་རྣམས་ཧ་ལས་པ་རེད་འདུག །དཔེར་ན། རྩ་བ་ཤེས་རབ་ལ་རབ་བྱེད་ཉི་ཤུ་རྩ་བདུན་ཡོད་པའི་ནང་ནས་རབ་བྱེད་ཉི་ཤུ་པ་དེ་རྩ་བ་ཆགས་ཀྱི་ཡོད། དེ་ལྟ་བུའི་སྒོ་ནས་བཅོམ་ལྡན་འདས་ཀྱི་དགོངས་པ་དཔྱིས་ཕྱིན་པ་དེ་ཀླུ་སྒྲུབ་ཀྱིས་གསལ་བར་མཛད་པས་དེ་ལྟ་བུའི་བཀའ་དྲིན་དྲན་པའི་སྒོ་ནས་ཀླུ་སྒྲུབ་ལ་ཕྱག་འཚལ་བ་ཡིན་ནོ།།
༢༽ འཕགས་པ་ལྷ།
རྩ་བར།
དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །
ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །
རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །
ཞེས་པས་འཕགས་པ་ལྷ་ལ་བསྟོད་པ་སྟེ། ཀླུ་སྒྲུབ་ཀྱི་སྲས་ལ་སློབ་དཔོན་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་ལ་སོགས་པ་མང་དུ་ཡོད་པའི་ནང་ནས། ཁོང་ནི་སྲས་གཞན་ཐམས་ཅད་ཀྱིས་ཀླུ་སྒྲུབ་དང་འདྲ་བར་གཙུག་ཏུ་བཀུར་བ་ཡིན་པས་སྲས་ཀྱི་ཐུ་བོ་དང་། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་ཅིག་ཡིན་པར་དབུ་མ་བཞི་བརྒྱ་པར་གཟིགས་ན་མཁྱེན་ངེས། ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནི་ནོར་བུའི་དཔལ་ལྟ་བུ་རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་འདེབས་བྱས་པ་སྟེ། འདི་ནམ་རྒྱུན་ཡོངས་གྲགས་ཀྱི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ལ་ཡོད་པ་རེད། ངས་ཆེད་མངགས་བྲིས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་རིགས་ཡིན།
༣༽ སངས་རྒྱས་བསྐྱངས།
རྩ་བར།
འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་ཀླུ་སྒྲུབ་ཀྱི་དགོངས་པ་དཔྱིས་ཕྱིན་པ་ཞིག་ཤེས་པ་ལ་སངས་རྒྱས་བསྐྱངས་ཀྱི་གཞུང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་མ་བལྟས་ན་མི་ཤེས་པས། བུདྡྷ་པཱ་ལི་ཏ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། སློབ་དཔོན་སངས་རྒྱས་བསྐྱངས་དེ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ནམ་རྒྱུན་ཡོངས་གྲགས་ལ་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་མེད་ཀྱང༌། འདིར་སངས་རྒྱས་བསྐྱངས་བསྣན་ནས་བཅུག་པ་ཡིན།
འཕགས་པའི་དགོངས་པ་མཐར་ཐུག་རྟེན་འབྱུང་ཕྲ་མོའི་དོན་དེ་བཏགས་ཡོད་མིང་རྐྱང་ཙམ་སྟེ། རྐྱེན་ཉིད་འདི་པ་ཙམ་ཞེས་གསུངས་པ་དེ་སངས་རྒྱས་བསྐྱངས་ཀྱི་གཞུང་གི་ནང༌ཧ་ཅང་གསལ་པོ་ཡོད། དེར་བརྟེན་བཏགས་ཡོད་མིང་རྐྱང་ཙམ་གྱི་སྟེང་ནས་ཐ་སྙད་ཕྲ་མོ་འཇོག་ཚུལ་དང༌། དེའི་སྟེང་ནས་རྟེན་འབྱུང་ཕྲ་མོའི་གོ་བ་སླེབས་ཡོང་གི་ཡོད། དེ་ལྟ་བུའི་རྟེན་འབྱུང་ཕྲ་མོའི་གོ་བ་ལ་བརྟེན་ནས་སྟོང་ཉིད་ཀྱི་ཐོག་ཏུ་ཏག་ཏག་སླེབས་པ་ཞིག་དང༌། སྟོང་པ་རྟེན་འབྱུང་ལ་ཤར་བ་དང༌། རྟེན་འབྱུང་སྟོང་པར་ཤར་བ་ཞིག་ཡོང་རྒྱུ་ཡོད་སྟབས། དེ་ལྟ་བུའི་ཟབ་མོའི་གནད་མཐར་ཐུག་པ་གསལ་བར་མཛད་པ་གྲུབ་པ་མཆོག་གི་སར་གཤེགས་པ་སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས་པའོ།།
༤༽ ལེགས་ལྡན་འབྱེད།
རྩ་བར།
བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །
ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །
གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །
སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །
ཞེས་འདི་ཡང་བསྣན་པ་ཡིན། སློབ་དཔོན་ལེགས་ལྡན་འབྱེད་ཀྱང་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ཡང་ཁོང་གིས་བདེན་མེད་སྒྲུབ་པའི་རིགས་པ་རང་རྒྱུད་ཀྱི་གཏན་ཚིགས་མང་པོ་ཞིག་བཀོད་ནས་གསུངས་པ་དེ་དག་འགྲེལ་པ་ཤེས་རབ་སྒྲོན་མེའི་ནང་དུ་ཧ་ལས་པ་ཞིག་ཡོད་ཅིང༌། གནད་འགག་གཅིག་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་གནང་བ་དེའི་བཀའ་དྲིན་ལ་བརྟེན་ནས་ཐ་སྙད་ཕྲ་མོའི་རྣམ་གཞག་གསལ་པོ་ཆགས་ཡོང་བ་ཞིག་ཡིན། དེར་བརྟེན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་དེ་བཞིན་ཁོང་གི་རང་གཞུང་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་དེ་དག་གི་ནང་ལ་སེམས་ཙམ་པའི་འདོད་པ་འགོག་པ་དང༌། ལྷག་པར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏས་བདག་སྐྱེ་འགོག་པའི་འགྲེལ་ངག་ལ་སྐྱོན་བརྗོད་ཅིག་གནང་བ་དེའི་སྟེང་ནས། ཀླུ་སྒྲུབ་ཀྱི་དགེ་ཕྲུག་ཐ་སྙད་དུ་ཆོས་ཐམས་ཅད་བདེན་སྟོང་ཞལ་གྱིས་བཞེས་པའི་དབུ་མ་པའི་ནང་ལ་ཡང་ཐ་སྙད་དུ་རང་མཚན་འདོད་མི་འདོད་གཉིས་ཡོད་པ་དེ་ལེགས་ལྡན་གྱི་གཞུང་ནས་ཧ་ཅང་གསལ་པོ་ཞིག་ཆགས་པ་རེད། དེར་བརྟེན་ལེགས་ལྡན་གྱི་གཞུང་གཟིགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།
ཆོས་ཐམས་ཅད་བདེན་པས་སྟོང་པ་གསུང་གི་ཡོད་ཅིང༌། དེ་ཡང་དོན་དམ་པར་མཐའ་བཞིའི་སྐྱེ་བ་བཀག་ནས་ཡོང་གི་ཡོད་ཀྱང་། གང་ལྟར་ཚད་མ་འཇོག་སྟངས་ཀྱི་སྟེང་ནས་ཐ་སྙད་དུ་རང་མཚན་ཞལ་གྱིས་མི་བཞེས་པའི་དབུ་མ་པས་རང་མཚན་སྣང་བ་ལ་བལྟོས་ཏེ་འཁྲུལ་བའི་ཤེས་པ་གསུང་གི་ཡོད་སྟབས། ཆོས་ཅན་ལ་སོགས་པ་འཇོག་བྱེད་ཀྱི་ཚད་མ་དེ་དག་ཀྱང་རང་མཚན་སྣང་བའི་ཆ་ནས་འཁྲུལ་བར་གསུངས་ཡོད། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་མཚན་ཐ་སྙད་དུ་ཞལ་གྱིས་བཞེས་པ་ཡིན་པས། རང་མཚན་སྣང་བ་དེར་མ་འཁྲུལ་བར་གསུངས། དེ་ལྟ་བུའི་མ་འཁྲུལ་བའི་ཚད་མ་བཞག་པ་ལ་བརྟེན་ནས་ཚད་མ་མཐུན་སྣང་བ་ཡོད་པར་གསུངས་ཤིང༌། དེའི་སྟེང་ནས་ཕྱི་དོན་ཞལ་གྱིས་བཞེས་པ་འདིས་སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་རང་རྐང་ལྟ་བུ་མི་འདྲ་བ་ཞིག་ཡོད་པ་གསུངས་འདུག །དེ་ལྟ་བུའི་གྲུབ་མཐའ་སྲོལ་གཏོད་མཛད་པའི་ཡོངས་སུ་རྫོགས་པའི་པཎྜི་ཏ་སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས་ཞེས་པའོ།།
༥༽ ཟླ་བ་གྲགས་པ།
རྩ་བར།
རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །
མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །
ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །
རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །
ཞེས་ཟླ་བ་གྲགས་པ་ཁོང་གི་ཁྱད་ཆོས་སམ་བསྟོད་པ་ལ། གང་ལྟར་མཐའ་གཉིས་སེལ་བའི་སྒྲུབ་བྱེད་མཐར་ཐུག་ཐ་སྙད་དུའང་རང་མཚན་བཀག་ནས་རྐྱེན་ཉིད་འདི་པ་ཙམ་ཞིག་གི་སྟེང་ནས་གསུངས་ཡོད། དེ་ལྟ་བུའི་སྣང་སྟོང་ཟུང་དུ་འཇུག་པའི་དབུ་མའི་ཚུལ། གཙོ་བོ་ཁོང་གི་འགྲེལ་པ་ཚིག་གསལ་དང༌། དེ་བཞིན་དབུ་མ་འཇུག་པ། དེའི་རང་འགྲེལ་སོགས་མཛད་དེ། འཕགས་པ་ལྷའི་བཞི་བརྒྱ་པའི་འགྲེལ་པ་སོགས་ཀྱི་སྟེང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་སངས་རྒྱས་བསྐྱངས་ཀྱིས་དཔྱིས་ཕྱིན་པ་བཀྲལ་ཡོད་པར་གཟིགས་ནས་སངས་རྒྱས་བསྐྱངས་ཀྱིས་ཐ་སྙད་ཕྲ་མོ་གསུངས་པ་དེ་བཞིན་དུ་དཔལ་ལྡན་ཟླ་བས་གསལ་བར་མཛད། སངས་རྒྱས་བསྐྱངས་ཀྱི་གཞུང་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་མཛད་པ་དེར་སྐྱོན་བརྗོད་དེ་དག་མི་འཇུག་པའི་ཚུལ་གསལ་བར་མཛད་ནས། སློབ་དཔོན་ཀླུ་སྒྲུབ་ཀྱི་དགེ་ཕྲུག་གི་ནང་ལ་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པ་གཉིས་ཡོད་པའི་ཁྱད་པར་དེ་དག་གསལ་པོ་ཞིག་ཐོན་ཡོང་གི་ཡོད།
བོད་སྔ་རབས་པས་དབུ་ཐལ་རང་ཞེས་གསུངས་པ་དེ་དེའི་སྟེང་ནས་ཐོན་ཡོང་གི་ཡོད། ཟབ་རྒྱས་འདོམས་མཁས་ཞེས་པ་ནི། དབུ་མ་འཇུག་པའི་སྐབས་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་ཀྱང་ཆ་ཚང་བ་ཞིག་གསུངས་པར་བརྟེན། ནམ་རྒྱུན་དབུ་མ་རྩ་བ་ཤེས་རབ་ལ་དབུ་མ་འཇུག་པས་འཇུག་ལུགས་ཟབ་པའི་སྒོ་ནས་འཇུག་པ་དང༌། རྒྱ་ཆེ་བའི་སྒོ་ནས་འཇུག་པ་ཞེས་གསུངས་པ་འདི་ཡིན། དེ་ཙམ་དུ་མ་ཟད།
གནམ་ལ་ཉི་ཟླ་རྣམ་གཉིས། །ས་ལ་གསལ་བ་རྣམ་གཉིས། །
ཞེས་གསུངས་པ་བཞིན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་སྟོན་པའི་ཚིག་གསལ་དང༌། སྔགས་ཀྱི་ལམ་སྟོན་པའི་གསང་བ་འདུས་པ་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་མཛད་ནས་ཡོད་པས། དེར་བསམས་ནས་མདོ་སྔགས་ཡོངས་རྫོགས་ལམ་ཟེར་བ་འདི་ཡིན་ལ། ཚུལ་དེ་ཉིད་བསྟན་བཅོས་མཛད་པའི་སྒོ་ནས་རྒྱས་པར་མཛད་པ་ཟླ་བ་གྲགས་པར་གསོལ་བ་འདེབས་སོ་ཞེས་པའོ།།
༦༽ ཞི་བ་ལྷ།
རྩ་བར།
ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །
ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །
སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །
ཞེས་ཞི་བ་ལྷ་ཁོང་གི་བསླབ་བཏུས་དང༌། སྤྱོད་འཇུག་ལ་གཟིགས་ན་ཀུན་གྱིས་མཁྱེན་གསལ་ལྟར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་གྱི་སྐོར་ཕུལ་དུ་ཕྱིན་པ་ཡོད། དེ་བཞིན་དུ་བཟོད་པའི་ཉམས་ལེན་གྱི་སྐོར་དང༌། བསམ་གཏན་གྱི་ལེའུའི་སྐབས་བདག་གཞན་མཉམ་བརྗེ་བྱེད་རྒྱུའི་ཉམས་ལེན་གྱི་སྐོར་རྣམས་རིགས་པའི་ཚུལ་མཐའ་ཡས་པའི་སྒོ་ནས་རང་གཅེས་འཛིན་ཁ་གྲག་རྒྱུ་མེད་པ་ཞིག་གི་རིགས་པ་བཀོད་ཡོད་པས། རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས་ཞེས་པའི་ཚིག་དོན་དེ་ཡིན། དེ་ནས་ཟབ་དང་ཞེས་པ་ནི། སྤྱོད་འཇུག་གི་ཤེས་རབ་ལེའུའི་ནང་ཕྱི་ནང་གི་གྲུབ་མཐའ་མང་པོ་ཞིག་གི་འདོད་པ་བཀོད་ནས་དེ་དག་འགོག་ཚུལ་རྣམས་ལ་ཞིབ་ཚགས་པོའི་ཐོག་ནས་བལྟས་ན་དབུ་མ་འཇུག་པའི་དོན་མཐའ་དག་ཆ་ཚང་ཞིང༌། ཧ་ཅང་ཟབ་པོ་རེད་འདུག །དེ་ལྟར་སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་པར་མཁས་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་གསོལ་བ་འདེབས་སོ་ཞེས་པའོ།།
༧༽ མཁན་ཞི་བ་འཚོ།
རྩ་བར།
གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །
སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང༌། །
ཁ་བའི་ལྗོངས་སུ་རྒྱལ་བསྟན་གསལ་མཛད་པ། །
མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །
ཞེས་པ་འདི་སློབ་དཔོན་ཞི་བ་འཚོའམ་མཁན་ཆེན་ཞི་བ་འཚོར་བསྟོད་པ་ཡིན། ཁོ་རང་ཉིད་ཀྱིས་བཞེད་པ་གང་ཡིན་རུང་མིན་རུང་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ཡོད་པས། དེ་དག་གི་ཆེད་དུ་གཟུང་འཛིན་གཉིས་སྟོང་ཞལ་གྱིས་བཞེས་ཤིང་། ཕྱི་དོན་ཞལ་གྱིས་མི་བཞེས་མོད། སེམས་ཙམ་པ་དང་མི་འདྲ་བར་སེམས་བདེན་སྟོང་ཞལ་གྱིས་བཞེས་པ། དེ་ལྟ་བུའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་དབུ་མའི་ལམ་སྲོལ་གཏོད་མཁན། མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་དང༌། དེ་བཞིན་དུ་ཚད་ཆེན་དེ་དག་གི་སྐབས་སུ་དངོས་གནས་དབུ་ཚད་ཟུང་འབྲེལ་གྱི་སྟེང་ནས་འགྲོ་རྒྱུའི་རྨད་དུ་བྱུང་བའི་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་ཡོད་པར་བརྟེན་སྲོལ་གཏོད། ཅེས་གཉིས་སྟོང་གི་དབུ་མའི་ལམ་སྲོལ་གཏོད་པར་མཛད་པ། དབུ་མ་དང་ཚད་མའི་རིགས་པའི་ཚུལ་འབྱེད་པ་ལ་མཁས་ཤིང༌། ང་ཚོ་བོད་པའི་ངོས་ནས་བཤད་ན། ཁོང་ནཱ་ལེནྡྲའི་མཁས་པའི་གཙུག་གི་ནོར་བུའི་གྲས་ཤིག་དགུང་ལོ་བགྲེས་པོ་ཆགས་ནས་བོད་གངས་ཅན་གྱི་ལྗོངས་སུ་ཕེབས། ནམ་རྒྱུན་ང་ཚོ་བོད་པའི་ལོ་རྒྱུས་ནང་བརྗོད་སྐབས་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་སྐབས་དགུང་ལོ་བདུན་ཅུ་དོན་ལྔ་རེད་ཟེར། དེ་གང་འདྲ་ཡིན་ནམ་ཐག་ཆོད་པ་ནི་བརྗོད་མི་ཐུབ། དགུང་ལོ་བདུན་ཅུ་དོན་ལྔར་བོད་ལ་ཕེབས། བོད་ལ་དགུང་ལོ་ཉི་ཤུ་རྩ་ལྔ་ཙམ་བཞུགས་པ་རེད་ཅེས་བརྗོད་སྲོལ་ཡོད། གང་ལྟར་དགུང་ལོ་བདུན་ཅུ་དོན་ལྔར་ཕེབས་པའི་ནཱ་ལེནྡྲའི་མཁས་པ་ཞིག་འཁར་རྒྱུག་བཙུགས་བཞིན་དང༌། གཅིག་བྱས་ན་རྒྱ་གར་ས་མཚམས་དེ་དག་ཏུ་བོང་བུར་ཞོན་ནས་ཕེབས་པའང་ཡིན་སྲིད། དེ་ནས་བོད་ལ་གཅིག་བྱས་ན་གཡག་ལྟ་བུ་བཞོན་ནས་ཕེབས་ཡོད་ལས་ཆེ། ཆོས་རྒྱལ་བཀའ་དྲིན་ཅན་གྱིས་གདན་ཞུ་གནང༌། གང་ལྟར་བསམ་ཡས་སུ་ཕེབས་ཤིང་། སློབ་དཔོན་ཐུགས་རྗེ་ཅན་དང་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དུས་ད་ལྟའི་བར་དུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དེ་འདྲ་ཞིག་བཙུགས་པ་གནང་མཁན་གཙོ་བོ་དེ་མཁན་ཆེན་ཞི་བ་འཚོ་རེད། སློབ་དཔོན་ཐུགས་རྗེ་ཅན་གྱིས་མི་དང་མི་མིན་གྱི་ནག་པོའི་ཕྱོགས་དེ་དག་བཏུལ་བར་མཛད་ཅིང༌། རྒྱལ་བློན་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐུན་མོང་མ་ཡིན་པའི་གདུལ་བྱ་ཉུང་ཤས་ལ་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་སྐོར་གནང་བ་དེ་འདྲ་ཡོད་པ་ལས། ཡོངས་གྲགས་སུ་དམ་ཆོས་འདུལ་བའི་སྡོམ་པ་སྤེལ་བ་དང༌། དེ་དང་འབྲེལ་བའི་ཐེག་ཆེན་གྱི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལུགས་དེ་དག་གསུངས་པ་དེ་མཁན་ཆེན་ཞི་བ་འཚོས་གཙོ་བོར་གནང་ཡོད། དེར་བརྟེན་ང་ཚོའི་ཁ་བ་ཅན་གྱི་ལྗོངས་ལ་ལྷག་པར་དུ་རྒྱལ་བསྟན་གསལ་བར་མཛད་པའི་བཀའ་དྲིན་ཆེན་པོ་ཆགས་ཡོད་པས་མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས་ཞེས་པའོ།།
༨༽ ཀ་མ་ལ་ཤི་ལ།
རྩ་བར།
མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང༌། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །
གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །
པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །
ཞེས་མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་སློབ་དཔོན་ཀ་མ་ལ་ཤཱི་ལ་ཁོང་ཡང་བོད་གངས་ཅན་གྱི་ལྗོངས་སུ་ཕེབས། འདིར་ལོ་རྒྱུས་བཤད་ཚུལ་གཉིས་ཡོད་དེ། སློབ་དཔོན་ཀ་མ་ལ་ཤཱི་ལ་ཕ་དམ་པ་རེད་ཅེས་གསུངས་མཁན་གཅིག་དང༌། ལོ་རྒྱུས་གཅིག་གི་ནང་དུ་སློབ་དཔོན་ཀ་མ་ལ་ཤཱི་ལ་ནཱ་ལེནྡྲའི་མཁས་པ་དངོས་གནས་དབུ་ཚད་ཀྱི་མཧཱ་པཎྜི་ཏ་ཆེན་པོ། བོད་གངས་ཅན་གྱི་ལྗོངས་སུ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་ཀྱང་། མཐར་བོད་པས་བཀྲོངས་པ་རེད་ཅེས་དེ་ལྟ་བུའི་ལོ་རྒྱུས་ཤིག་བཤད་རྒྱུ་ཡོད། གང་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལའམ་སློབ་དཔོན་པངྨའི་ངང་ཚུལ་ཁོང་མཁན་ཆེན་ཞི་བ་འཚོའི་ཞལ་གདམས་བཞིན་བོད་དུ་ཕེབས། ཕལ་ཆེར་རྒྱ་གར་ན་བཞུགས་པའི་སྐབས་ནས་དབུ་མ་སྣང་བ་མཛད་ཅིང་། དབུ་མ་སྣང་བ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག །རྩ་བ་སློབ་དཔོན་ལེགས་ལྡན་འབྱེད་དང༌། མཁན་ཆེན་ཞི་བ་འཚོ་དེ་དག་གི་ལྟ་བ་ཆགས་ཀྱི་ཡོད་པས། ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་ཀྱི་ཡོད་ཀྱང། དབུ་མའི་གནད་འགག་ལྟ་བུ་མང་པོ་ཞིག་དང་། དབུ་སེམས་ཀྱི་ཁྱད་པར་ལྟ་བུ་དབུ་མ་སྣང་བའི་ནང་ཤུགས་ཆེན་པོ་གསུངས་ཡོད། དེ་བཞིན་བོད་དུ་ཕེབས་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་ཅིང༌། གཞུང་འདིའི་ནང་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཚུལ་དེ་དག་ཤིན་ཏུ་གསལ་ཡོང་གི་འདུག །དེར་བརྟེན།
མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷ་ཟུང༌། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་པར་བཀྲལ་ནས། །
གངས་ལྗོངས་ཀྱི་རྒྱལ་བའི་བསྟན་པ་འཁྲུལ་པ་མེད་པར་གསལ་བར་མཛད་པ། སློབ་དཔོན་ཀ་མ་ལ་ཤཱི་ལའམ་པངྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས་སོ་ཞེས་པའོ། །ཞེས་འདི་ཡན་ཆད་ཟབ་མོ་ལྟ་རྒྱུད་ཁ་སྐོང་དང་བཅས་པ་ཡིན་ནོ།།
༩༽ འཕགས་པ་ཐོགས་མེད།
རྩ་བར།
བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང༌། །
རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་པ་འདི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ལ་ཡོད་པའི་འཕགས་པ་ཐོགས་མེད་དེ། རྒྱ་ཆེན་སྤྱོད་བརྒྱུད་མིའི་རྟེན་ཅན་གྱི་ཤིང་རྟའི་སྲོལ་འབྱེད་དམ་འགྲེལ་བྱེད་གཞན་ལ་མ་བལྟོས་པར་གསུང་རབ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་རྒྱལ་སྲས་འཕགས་པ་ཐོགས་མེད་ཀྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་དག་གསལ་བར་མཛད་དོ། །
༡༠༽ སློབ་དཔོན་དབྱིག་གཉེན།
རྩ་བར།
ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
ཞེས་སློབ་དཔོན་དབྱིག་གཉེན་ནི། མངོན་པ་སྡེ་བདུན་གྱི་དོན་རྣམས་ཚུར་བསྡུས་ནས་མཛོད་རྩ་བ་མཛད་པ་པོ་དང༌། ཁོང་གིས་མཛད་པའི་ཉི་ཤུ་པ་དང་། སུམ་ཅུ་པ་དེ་དག་གཞུང་ཉུང་ཉུང་ཡིན་ནའང་། རྣམ་རིག་གི་གཟུང་འཛིན་གཉིས་སྟོང་གི་ལྟ་བ་གཏན་ལ་ཕབ་པའི་ལེགས་བཤད་རྨད་དུ་བྱུང་བ་ཡིན།
དེ་བཞིན་དབུས་མཐའི་འགྲེལ་པ་ལ་སོགས་པའི་འགྲེལ་པ་ཁ་ཤས་མཛད་ནས་སེམས་ཙམ་པའི་ལྟ་བ་ཆེས་ཆེར་གསལ་བར་མཛད་མཁན་ཞིག་ཡིན་པས་ཆོས་མངོན་སྡེ་བདུན་དང༌། དེ་བཞིན་དུ་གཟུང་འཛིན་གཉིས་སྟོང་གི་སེམས་ཙམ་པའི་ལྟ་བའི་སྲོལ་བཟུང་ནས་མཛོད་རྩ་བ་གསུངས་པའི་ཚེ། རང་ལུགས་མདོ་སྡེ་པའི་ཕྱོགས་བཟུང་བ་ལྟ་བུ་ཡོད། གཞུང་འདི་མ་རྩ་བྱེ་བྲག་སྨྲ་བའི་འདོད་པ་བཀོད་སྐབས་མདོ་སྡེ་པའི་འདོད་པ་དེ་ཡང་ཐོན་ཡོང་བ་དང་། ཁོང་གི་རང་གཞུང་ཉི་ཤུ་པ་ལ་སོགས་པ་དེ་དག་མཛད་ནས་རྣམ་རིག་པའི་གྲུབ་མཐའ་གསལ་བར་བཛད་པ་ཡིན་པས།
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
ཞེས་པའོ། །
༡༡༽ སློབ་དཔོན་ཕྱོགས་གླང།
རྩ་བར།
ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྟེ། སློབ་དཔོན་དབྱིག་གཉེན་ལ་སློབ་མ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་དེ་རང་མཁས་ཀྱི་སློབ་མ་བཞི་ཞེས་གསུངས་པའི་ནང་ནས་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡིན་ཅིང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ཀྱི་སྐབས་སྟོན་པ་བཅོམ་ལྡན་འདས་ལམ་ཇི་ལྟ་བུ་ཞིག་ཉམས་སུ་བླངས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། དེའི་ཤེས་བྱེད་ཇི་ལྟ་བུ་ཡིན་པ་དེ་དག་མདོར་བསྡུས་པའི་ཚུལ་གྱིས་བསྟན། གཙོ་བོ་ཐུབ་པ་སངས་རྒྱས་ཀྱི་ཆོས་འདི་ཤེས་རབ་ཀྱི་གྲོགས་དང་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ཉམས་སུ་ལེན་དགོས་པ་དང༌། རྟོགས་པ་གོང་ནས་གོང་དུ་འཕེལ་དགོས་པ་ཞིག་ཡིན་པས། ཚད་མའི་འགྲོ་སྟངས་དེ་དག་དཔྱིས་ཕྱིན་པ་གསུངས་ཡོད།
གཏན་ཚིགས་ཀྱི་རྣམ་གཞག་དེ་དག་ཚད་མ་ཀུན་བཏུས་སྐབས་སུ་ཧ་ཅང་མཁྲེགས་པོ་འདུག་ལ་ཧ་ལས་པ་ཞིག་རེད། དེར་བརྟེན་ཚད་མའི་སྒོ་བརྒྱ་ལེགས་པར་ཕྱེ་ནས་རྣམ་དཔྱོད་ཀྱི་བློ་མིག་སྦྱིན་པར་མཛད་པ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། སློབ་དཔོན་ཆོས་གྲགས་གཉིས་ཀྱིས་མུ་སྟེགས་པའི་འདོད་པ་འགོག་གི་ཡོད་ཀྱང་། ཚད་མའི་རྣམ་གཞག་སྟོན་མཁན་གྱི་ཚད་མ་པ་གཅིག་གི་ངོས་ནས་མུ་སྟེགས་པ་ཚོ་ཡང་མགུ་བ་སྐྱེ་ཡི་ཡོད། ཁོང་གཉིས་ཀྱིས་ནང་པའི་ཚད་མའི་གཞུང་མཛད་ཅིང༌། མུ་སྟེགས་པའི་གཏན་ཚིགས་ཀྱི་རྣམ་གཞག་དེ་དག་འགོག་པ་དང༌། བསལ་བའི་རྣམ་གཞག་དེ་དག་གསུངས་པའི་རྗེས་ལ་མུ་སྟེགས་པའི་ཚད་མ་དེ་ཡང་ཡར་རྒྱས་ཆེན་པོ་ཕྱིན་པ་རེད་ཅེས་བརྗོད་ཀྱི་འདུག །གང་ལྟར་ཕྱི་ནང་ཁྱད་པར་མེད་པར་སྤྱིའི་ཆ་ནས་ཚད་མ་པ་ཞེས་ཧ་ཅང་གཙུག་ཏུ་བཀུར་བ་ཞིག་ཆགས་ཡོད། དེར་བརྟེན་ངོས་ནས།
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་བརྗོད་པ་ཡིན། ཡང་ཕྱོགས་ཀྱི་གླང་པོས་མཛད་པའི་བརྒྱད་སྟོང་དོན་བསྡུས་དེ་དག་གི་ནང་ལ་དབུ་མའི་སྐོར་ཡང་གསུངས་ཡོང་གི་འདུག
༡༢༽ དཔལ་ལྡན་ཆོས་གྲགས།
རྩ་བར།
ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང༌། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ཞེས་ཕྱི་ནང་གི་གྲུབ་མཐའ་ཀུན་དང༌། དེའི་ནང་ནས་ཚད་མའི་གནད་ཀུན་ལེགས་པར་དགོངས་ཤིང༌། དེ་བཞིན་དུ་ཚད་མ་རྣམ་འགྲེལ་གྱི་སྐབས་སུ་མདོ་སེམས་ཀྱི་ལུགས་དང་འབྲེལ་བའི་ཟབ་རྒྱས་ཀྱི་ལམ་ཀུན་རིགས་པའི་ལམ་ནས་དཔྱིས་ཕྱིན་པར་བསྟན་པར་མཛད་དེ། ངེས་པ་བདེ་བླག་ཏུ་སྟེར་བར་མཛད་པའི་རྨད་དུ་བྱུང་བའི་ཆོས་ཚུལ་འདོམས་མཁས་པ། ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའོ།།
༡༣༽ འཕགས་པ་གྲོལ་སྡེ།
རྩ་བར།
ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྤར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ནི་ཕར་ཕྱིན་ལྟ་སྐབས་སྣང་བ་རྣམ་གཉིས་ཞེས་གསུངས་པ་ལྟར། འཕགས་པ་གྲོལ་སྡེའི་གཞུང་ཉི་སྣང་དང༌། སློབ་དཔོན་སེངྒེ་བཟང་པོའི་གཞུང་རྒྱན་སྣང་གཉིས་གཙོ་བོ་ཆགས་ཡོང་གི་འདུག །དེར་བརྟེན་སྐབས་འདིར་འཕགས་པ་གྲོལ་སྡེ་དེ་སྣོན་པ་བརྒྱབ་པ་ཡིན། དེ་ཡང་ཐོགས་མེད་སྐུ་མཆེད་ལས་འོངས་པའི་ཤེར་ཕྱིན་གྱི་དོན་རྣམ་རིག་ཙམ་དུ་བཀྲལ་བ་མ་ཡིན་པར་དབུ་མའི་ལུགས་སུ་བཀྲལ་ནས་ཡོད་མེད་ཀྱི་མཐའ་མཐའ་དག་དང་བྲལ་བའི་དབུ་མའི་སྲོལ་བཞིན་དུ། རྒྱན་གྱི་གཞུང་དོན་གསལ་བར་མཛད་པ་འཕགས་པ་གྲོལ་སྡེས་ཉི་སྣང་མཛད་ཡོད་སྟབས།
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྤར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
ཞེས་པའོ།།
༡༤༽ སློབ་དཔོན་སེངྒེ་བཟང་པོ།
རྩ་བར།
ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །
ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པ། །
སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །
ཞེས་ཡུམ་གསུམ་ཀུན་གྱི་རྒྱན་དུ་གྱུར་པ་འགྲེལ་ཆུང་དོན་གསལ་དང༌། འགྲེལ་ཆེན་རྒྱན་སྣང་མཛད་པས་ན། འཕགས་པ་གྲོལ་སྡེ་དང༌། སློབ་དཔོན་སེང་གེ་བཟང་པོ་གཉིས་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་གྲས་སུ་མེད་ཀྱང༌། ཕར་ཕྱིན་ལྟ་མཁན་དག་གིས་སྣང་བ་རྣམ་གཉིས་ཞེས་ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་འདི་གཉིས་ཡིན་པས་ན། འདི་གཉིས་ངོས་ནས་ཁ་སྣོན་བརྒྱབ་པ་ཡིན། ཤེར་ཕྱིན་གྱི་གཞུང་མཆོག་གསལ་བར་མཛད་པ་སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས་སོ་ཞེས་པའོ།།
༡༥༽ སློབ་དཔོན་ཡོན་ཏན་འོད།
རྩ་བར།
འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །
ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོར་ཐར། །
མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །
ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་ལུང་སྡེ་བཞིའི་དགོངས་དོན་དཔྱིས་ཕྱིན་པ་གཏན་ལ་ཕབ་སྟེ། ལེགས་སྦྱར་གྱི་སྐད་ལ་ཡོད་པའི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སོ་སོར་ཐར་པ་དེའི་དོན་དཔྱིས་ཕྱིན་པར་འདོམས་པར་མཛད་པ། བརྟན་པའི་ཡོན་ཏན་དང་མཁས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས་ཞེས་པའོ། །
ཁོང་གིས་མཛད་པའི་འདུལ་བ་མདོ་རྩ་བ་སྒྱུར་བ་པོ་ལེགས་པོ་མ་བྱུང་བ་རེད། ཅེས་བཤད་སྲོལ་འདུག །གང་ལྟར་རུང་འདུལ་བའི་སྐོར་ལྟ་རྒྱུའི་རྩ་བ་ལྟ་བུ་མཛད་མཁན་ནི་སློབ་དཔོན་ཡོན་ཏན་འོད་ཆགས་ཡོད།
༡༦༽ སློབ་དཔོན་ཤཱཀྱ་འོད།
རྩ་བར།
བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང༌། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་འདུལ་བ་སུམ་བརྒྱ་པའམ་འགྲེལ་ཆེན་མཛད་པ་པོ་དེ་ཡིན།
༡༧༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།
རྩ་བར།
ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །
སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །
གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །
ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
ཞེས་ང་ཚོ་བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བཤད་གྲྭར་གཞུང་ཆེན་ལྟ་མཁན་དེ་དག་གིས་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་མཛད་པའི་གཞུང་དེ་དག་ལྟ་ས་གཙོ་བོ་རེད། རྩ་བ་བློ་ལ་ཟིན། འགྲེལ་པ་ཡང་རྣམ་དཔྱོད་ཡག་པོ་ཡོད་ན་གང་ལ་གང་འཚམ་བློ་འཛིན་བྱེད་མཁན་ཡང་ཡོད། འགྲེལ་པ་བློ་འཛིན་མ་ཐུབ་ཀྱང་འགྲེལ་པ་ཡང་ཡང་མཇལ། གང་ལྟར་བསྡུས་གྲྭར་སློབ་སྦྱོང་བྱེད་སྐབས་ནས་བློ་རྟགས་དང་། དེ་རྗེས་རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་སྟེ་པོ་ཏི་ལྔ་པོ་འདི་དག་གི་རྩ་གཞུང་དེ་དག་ནཱ་ལེནྡྲའི་མཁས་པ་དེ་དག་གིས་མཛད་པའི་གཞུང་ཤ་སྟག་ཡིན། དེར་བརྟེན་ང་ཚོ་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དང༌། བཞེད་རྒྱུན་རེད་ཅེས་ངོས་ནས་བརྗོད་ཀྱི་ཡོད། འདི་བསྡོམས་ཆེན་པོ་ཞིག་དང་ཧ་ཅང་གསལ་པོ་ཆགས་འདུག །དེ་མིན་ང་ཚོ་བོད་ཐེག་ཆེན་པ་རེད་ཅེས་བརྗོད་ཀྱང་སྐབས་རེར་གསལ་པོ་མེད་པ་ལྟ་བུ་དང་། གཉིས་ནས་ཐེག་དམན་ལ་ཁྱད་གསོད་བྱེད་པ་ལྟ་བུ་ཆགས་ཀྱི་འདུག །དོན་ལ་ཁྱད་གསོད་མིན་ནའང་ཐེག་ཆེན་པ་ཞེས་བརྗོད་སྐབས་ཐེག་དམན་ལ་ཅུང་ཟད་ཟུར་ཟའི་ཐོག་ཏུ་འགྲོ་བ་ལྟ་བུ་ཞིག་གོ་ཡི་འདུག །སྔོན་ལ་ཞུས་པ་བཞིན་ཐེག་དམན་གྱི་གཞུང་ནས་གསུངས་པ་ཆ་ཚང་ང་ཚོས་ཉམས་ལེན་བྱེད་དགོས་པ་ལས། དེ་དོར་བྱ་ལྟ་བུར་ཕར་འཇོག་རྒྱུ་མིན། རང་དོན་ཡིད་བྱེད་ལ་སོགས་པ་འགའ་རེ་མ་གཏོགས་པ། ཞེས་ལམ་རིམ་ཆེན་མོའི་ནང་གསུངས་པ་བཞིན་ཐེག་དམན་གྱི་གཞུང་ནས་གསུངས་པ་དེ་དག་ཀྱང་རྣམ་མཁྱེན་སྒྲུབ་པའི་སྔོན་འགྲོའི་རྨང་གཞི་ལྟ་བུ་ཆགས་ཡོང་བས་ན། ཆ་ཚང་ཉམས་ལེན་བྱེད་དགོས་ཀྱི་ཡོད། ང་ཚོ་བོད་པ་ཐེག་ཆེན་པ་ཡིན་ཞེས་བརྗོད་ཀྱང་ཚིག་དེ་བདེ་པོ་གང་ཡང་མི་འདུག །
ཡང་བོད་པའི་ཆོས་དེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག །རེད་ཅེས་ནམ་རྒྱུན་བརྗོད་ཀྱི་ཡོད། འདི་ལྟར་ཡིན་ནའང་ཚིག་དེ་ང་ཚོས་གསར་པ་བཟོས་པ་ལྟ་བུ་ཆགས་ཀྱི་འདུག །དེ་ལས་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་ཡིན་ཞེས་བརྗོད་ན། པཱ་ལིའི་དོན་དེ་དག་འདིའི་ནང་ཚང་གི་ཡོད། ནཱ་ལེནྡྲའི་མཁས་པ་དག་གིས་མཛད་པའི་པཱ་ལིའི་གཞུང་དེ་དག་སྦྱངས་པ་རེད། ལེགས་སྦྱར་གྱི་གཞུང་དེ་དག་ཀྱང་སྦྱངས་ཡོད། མདོ་དང་སྔགས་ཀྱང་སྦྱངས་ཡོད། དེས་ན་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་ཞེས་བརྗོད་ན་ཐེག་པ་ཆེ་ཆུང་ཐམས་ཅད་ཚང་བ་དང༌། དེ་བཞིན་དུ་མདོ་སྔགས་ཐམས་ཅད་ཚང་བ་ཞིག་ཆགས་ཀྱི་འདུག །འདི་སྟབས་བདེ་ཤོས་ཡིན་པར་བརྟེན། ངོས་ནས་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་རེད་ཅེས་བརྗོད་ཀྱི་ཡོད། ཕྱི་རྒྱལ་བ་འགའ་ཞིག་གིས་བླ་མའི་རིང་ལུགས་སམ་བླ་མའི་ཆོས་ཞེས་བརྗོད་ཀྱི་འདུག །དེ་ལྟར་མིན་པར་ང་ཚོའི་ཆོས་ནི། དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་རྨ་མེད་པ་ཞིག་ཡིན། དཔེར་ན། ང་ལྟ་བུར་ཆ་བཞག་ན་ནམ་རྒྱུན་སློབ་གཉེར་རྒྱག་སྟངས་བཞིན་སློབ་གཉེར་ཕྲན་བུ་བརྒྱབ་ཡོད། ཐོག་མར་ཁ་དོག་དཀར་དམར་བལྟས་པའི་སྐབས་ནས་དབུ་མ་འཇུག་པ་བློ་འཛིན་བྱས་ཤིང་། དེ་བཞིན་མངོན་རྟོགས་རྒྱན་དང་། རྣམ་འགྲེལ་ནས་ཐར་ཐོར་བློ་འཛིན་བྱས་ཏེ་འདི་ལྟར་འགྲོ་གི་ཡོད། སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་ཡང་བློ་ལ་ཅུང་ཟད་རེ་ཟིན་ཡོད། ཚད་མ་ཀུན་བཏུས་དེ་ཙམ་རྒྱུས་མེད། མངོན་པ་མཛོད་དང༌། ཕྱིས་སུ་རྩ་བ་ཤེས་རབ་ཤུགས་ཆེ་ཙམ་བལྟས་པ་ཡིན། དབུ་མ་བཞི་བརྒྱ་པ་ལྟ་བཞིན་ཡོད། སྔོན་དུ་ཞུས་པ་བཞིན་བུདྡྷ་པཱ་ལི་ཏ་རེད། སློབ་དཔོན་ལེགས་ལྡན་གྱི་གཞུང་དེ་དག་དང་། སྣང་བ་རྣམ་གཉིས་བཅས་ཡིན།
གང་ལྟར་ནཱ་ལེནྡྲའི་མཁས་པས་བརྩམས་པའི་གཞུང་དེ་དག་ང་ཚོའི་སྲོག་ལྟ་བུ་དང༌། ང་ཚོའི་གཞུང་གི་སློབ་ཚན་གྱི་རྩ་བ་ལྟ་བུའམ་སློབ་སྟོན་པའི་རྩ་བ་ལྟ་བུ་ཆགས་ཡོད། དེར་བརྟེན་ནཱ་ལེནྡྲའི་མཁས་པའི་དགེ་ཕྲུག་ཆགས་ཀྱི་ཡོད་པ་དང་། ནཱ་ལེནྡྲའི་མཁས་པའི་གཞུང་དེ་དག་གི་རྒྱུན་འཛིན་ཡོད། དེར་བརྟེན་ངོས་ནས་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དང༌། བཞེད་རྒྱུན་རེད་ཅེས་བརྗོད་པ་དེ་ཏག་ཏག་ཆགས་ཀྱི་ཡོད་སྙམ་པ་དྲན་གྱི་ཡོད།
རྩ་བར།
དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །
མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །
བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརློབས། །
ཞེས་བདག་རྒྱུད་སྨིན་ཅིང་གྲོལ་ལུགས་དེ་ཇི་ལྟར་ཡིན་ཞེ་ན། མིག་བཙུམས་ནས་སྐྱབས་སུ་མཆི། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སྡོད་པ་ལྟ་བུ་མིན། བྱིན་གྱིས་རློབས་སྟངས་དེ་བྱིན་ཞེས་པ་གཟི་བྱིན་དང༌། རློབས་ཞེས་པ་བསྒྱུར་བའི་དོན་ཡིན་པས། གཟི་བྱིན་གྱིས་མཐུ་ལས་རང་གི་རྒྱུད་འདི་བསྒྱུར་དགོས་པ་དང༌། གཅོད་དགོས་ཀྱི་ཡོད། གཟི་བྱིན་གང་ཞེ་ན། རྨད་དུ་བྱུང་བའི་ལེགས་བཤད་དེ་དག་གི་དོན་རྣམས་ཡིན། དེ་ལ་བརྟེན་ནས་ང་ཚོའི་རྒྱུད་འདི་འགྱུར་དགོས། དེའི་ཕྱིར་བྱིན་རླབས་ཞེས་པ་དེ་གོང་དུ་བརྗོད་པའི་འཛམ་གླིང་མཛེས་བྱེད་ནཱ་ལེནྡྲའི་མཁས་པ་པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་ལ་བལྟས་ནས། དེ་དག་གི་གཞུང་གི་བརྗོད་བྱའི་གཟི་བྱིན་ལ་བརྟེན་ནས་ང་ཚོའི་རྒྱུད་འདི་རིམ་བཞིན་ཇེ་བཟང་དུ་གཏོང་ཐུབ་པ་ཞིག་དང་། སངས་རྒྱས་ཀྱི་ཆོས་ལ་ཤེས་ནས་དད་པ་ཐོབ་ཐུབ་པ་ཞིག་ཡོང༌བ་ཡིན། དེར་བརྟེན་དེ་ལྟ་བུའི་སྒོ་ནས།
བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཞེས་པའོ།།
རྩ་བར།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས། །
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །
ཞེས་པ་སྟེ། གོང་དུ་ཞུས་པ་བཞིན། གཞི་ཡི་གནས་ཚུལ་བདེན་པ་གཉིས་ཀྱི་དོན་ཤེས་དགོས། དེ་ཡང་སྤྱིར་བདེན་པ་གཉིས་ཞེས་པ་མུ་སྟེགས་པའི་གཞུང་ལ་ཡང་ཡོད། དཔེར་ན། གྲངས་ཅན་པས་ཤེས་བྱ་ཉི་ཤུ་རྩ་ལྔ་བཤད་ནས་དེར་བདེན་པ་གཉིས་སུ་ཕྱེ་ནས་བརྗོད་ཀྱི་འདུག །དེར་བརྟེན་བདེན་པ་གཉིས་ཀྱི་ཐ་སྙད་མུ་སྟེགས་པས་བརྗོད་བཞིན་ཡོད་ཀྱང་། སྣང་སྟོང་ཟུང་འཇུག་གི་བདེན་གཉིས་ཀྱི་གོ་བ་འདི་སླེབས་དགོས། སྤྱིར་དབུ་མ་པ་དང༌། ཡང་སྒོས་སངས་རྒྱས་བསྐྱངས་དང་། ཟླ་བ་གྲགས་པས་བཀྲལ་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་པའི་དབང་དུ་བྱས་པའི་བདེན་གཉིས་ཀྱི་རྣམ་གཞག་འདི་ཤེས་པ་ཞིག་བྱུང་ན། འདི་ལ་བརྟེན་ནས་བདེན་བཞིའི་རྣམ་གཞག་དཔྱིས་ཕྱིན་པ་ཤེས་ཐུབ་པ་ཞིག་ཡོང་རྒྱུ་ཡོད། དེས་ན།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
ཞེས་བདེན་གཉིས་ཕྲ་མོའམ་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཕྱིན་པའི་རྟེན་འབྱུང་ཕྲ་མོའི་སྟེང་ནས་རྟེན་འབྱུང་སྟོང་པ་དང༌། སྟོང་པ་རྟེན་འབྱུང་དུ་གསུངས་པའི་བདེན་གཉིས་ཀྱི་ཚུལ་ཤེས་པའི་སྟེང་ནས་བདེན་བཞིའི་རྣམ་གཞག་ཕྲ་མོ་ཤེས་ཐུབ་པ་ཞིག་དང༌། དབུ་མ་འཇུག་པའི་ནང་བདེན་བཞི་ཕྲ་རགས་གསུངས་པ་བཞིན་བདེན་བཞི་ཕྲ་རགས་ཀྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་ཤེས་དགོས་ཤིང༌། དེ་ལྟར་བྱུང་ན་འཁོར་བར་འཇུག་ལྡོག་གི་གནས་ཚུལ་ཇི་མ་ཇི་བཞིན་ཤེས་ཡོང་གི་ཡོད་པས།
བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས། །
ཞེས་སྡུག་བསྔལ་ལ་འཇུག་རིམ་དང་། སྡུག་བསྔལ་ལས་གྲོལ་རིམ་ཞིག་ཤེས་པའི་སྒོ་ནས་འགོག་པའི་བདེན་པ་དང༌། དེ་སྒྲུབ་བྱེད་ལམ་གྱི་བདེན་པ་དེ་དཔྱིས་ཕྱིན་པར་ཤེས་ཤིང༌། དེ་ལ་བརྟེན་ནས་ཆོས་དཀོན་མཆོག་ཅེས་པ་དེ་སྤྱིར་ཤེས་བྱར་ཡོད་པ་དང༌། བྱེ་བྲག་རང་གི་རྒྱུད་སྟེང་དུ་འགྲུབ་རུང་ཡིན་པ་ཞིག་མཐོང་ཡོང་ཞིང༌། དེའི་སྒོ་ནས་ཆོས་དཀོན་མཆོག་ཅེས་པ་དེ་གསོས་པ་ལྟ་བུ་ཆགས་ཀྱི་ཡོད། དེར་བརྟེན་དེ་ལྟ་བུའི་ཆོས་དཀོན་མཆོག་འདི་སྟོན་མཁན་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང༌། དེ་ཚུལ་བཞིན་དུ་སྒྲུབ་པའི་འཕགས་པའི་དགེ་འདུན་རྣམས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དང༌། ཚད་མས་དྲངས་པའི་དད་པ་ཞིག་སླེབས་པ་ཡོང་བ་དང་། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་ཅེས་པའི་སྐྱབས་འགྲོ་དེ་ལམ་དང་ལུགས་སྲོལ་དང་གོམས་གཤིས་ལྟ་བུའི་སྟེང་ནས་མིན་པར་རྒྱུ་མཚན་ལ་དཔྱད་པ་བྱས་ནས་རྒྱུ་མཚན་མཐོང་བའི་སྟེང་ནས་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པའི་དད་པ་ཞིག་སླེབས་ཡོང་བ་ཡིན། དེ་བས་ན།
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །
ཞེས་པ་དང༌། ཆོས་དཀོན་མཆོག་ངོ་འཕྲོད་པའི་སྟེང་ནས་ཐར་པ་མྱང་འདས་ཞེས་པ་དེ་ངོ་ཤེས་སྐབས། དེ་ལྟ་བུའི་ཐར་པ་དོན་གཉེར་གྱི་བློ་ཞིག་སྐྱེ་ཡོང་བར་བརྟེན།
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །
ཞེས་པའོ།།
རྩ་བར།
སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །
ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །
ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །
བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །
ཞེས་རང་སྟེང་དུ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མནར་ཚུལ་རྣམས་བསམས་ནས། དེ་ལས་ངེས་པར་འབྱུང་བའི་བློ་ཞིག་སྐྱེས་ཏེ། འདི་གཞན་སྟེང་དུ་ཁ་སྤོས་ནས་བསམ་བློ་གཏོང་སྐབས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་དེ་སྐྱེ༌བས། རང་སྟེང་དུ་བསམས་ནས་ཐར་པ་དོན་གཉེར་གྱི་ངེས་འབྱུང་གི་བློ་དང༌། གཞན་སྟེང་དུ་བསམས་ནས་འགྲོ་རྣམས་སྐྱོབ་པར་འདོད་པའི་ཕྱོགས་མཐས་གཏུགས་པའམ་ཕྱོགས་ཀྱི་མཐའ་མེད་པ་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ལ་དམིགས་ནས་ནཱ་ལེནྡྲའི་མཁས་པ་བཅུ་བདུན་གྱི་བསྟན་བཅོས་སྤྱི་དང༌། ལྷག་པར་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་དང་། དེ་བཞིན་དབུ་མ་འཇུག་པ། དབུ་མ་སྙིང་པོ། ལྷག་པར་ཞི་བ་ལྷའི་སྤྱོད་འཇུག་དེ་དག་ལ་བརྟེན་ནས་བྱམས་པ་དང་། སྙིང་རྗེའི་རྩ་བར་གྱུར་པའི་བཅོས་མ་མ་ཡིན་པའི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའོ། །
རྩ་བར།
ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །
ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང༌། །
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །
ཞེས་ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ་ང་ཚོས་སློབ་གཉེར་བྱས་ཏེ་ཐོག་མར་ཐོས་པའི་སྒོ་ནས་ཐོས་བྱུང་གི་ཤེས་རབ་བསྐྱེད། དེ་ནས་བསམ་བྱུང་གི་ཤེས་རབ་བསྐྱེད། དེ་ནས་ཉམས་མྱོང་དང་འབྲེལ་ནས་སྒོམ་པའི་ཤེས་རབ་བསྐྱེད་པ་སྟེ། སྔོན་ལ་དཔྱིས་ཕྱིན་པ་ཞིག་མ་བྱུང་ཡང་གང་འཚམ་ཉམས་མྱོང་སྣེ་ཟིན་ལྟ་བུ་བྱུང་ན། ཕ་རོལ་ཏུ་ཕྱིན་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་དག་ལ་གཞི་ནས་ངེས་པ་རྙེད་ཐུབ་པ་ཞིག་དང༌། ལྷག་པར་འབྲས་བུ་སངས་རྒྱས་ཀྱི་སའི་སྐུ་བཞིའི་རྣམ་གཞག་ལ་ངེས་པ་རྙེད་ཐུབ་པ་ཞིག་དང༌། དེ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། མཆོག་གི་སྤྲུལ་སྐུ་བཅས་ནི། དབུ་མ་འཇུག་པ་ལས།
སེམས་འགགས་པས་ཏེ་སྐུ་ཡི་མངོན་སུམ་མཛད། །
ཅེས་གསུངས་པ་ལྟ་བུའི་གནད་དེ་ལེགས་པར་ཤེས་སྐབས། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་གི་སྐབས་ནས་བློ་ལ་ཕྲ་རགས་ཕྱེ་སྟེ། ཡུལ་གྱི་འོད་གསལ་གཏན་ལ་ཕབ་པ་ཙམ་དུ་མ་ཟད། ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་གསུངས་པ་དང༌། དེའི་སྟེང་ནས་སྐུ་བཞི་འགྲུབ་ལུགས་གསུངས་སྐབས་གསང་སྔགས་ཀྱི་ཆོས་དེ་དངོས་གནས་ཡ་མཚན་ཞིག་འདུག་སྙམ་པའི་ངེས་པ་འཐོབ་རྒྱུ་ཞིག་འདུག །གཞན་ལྷ་སྒོམ་པ་ཙམ་དང༌། དབང་བསྐུར་བ་དང༌། ཞི་སོགས་ཀྱི་ལས་སྒྲུབ་པ་ཙམ་མུ་སྟེགས་པའི་གཞུང་ལའང་ཡོད། དེ་ལྟ་བུའི་ཐོག་ནས་སྔགས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་གཞི་ནས་ཡོང་བ་ཡིན། དེ་ལྟ་བུའི་ལམ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་ལུགས་ལ།
རྩ་བར།
སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །
ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །
འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང༌། །
མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །
ཅེས་རབ་ལ་དགེ་ཚུལ་སློང་གི་སྡོམ་ལྡན་སོགས་གསུམ་ལྡན་རིག་པ་འཛིན་པ་བྱུང་ན་ཧ་ཅང་སྤུས་དག་པོ་ཞིག་ཆགས་ཀྱི་ཡོད། དེའི་སྟེང་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་དང་ལྡན་པའི་རྟེན་ལེགས་པར་ཐོབ་ནས་བཤད་པ་དང་སྒྲུབ་པས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་ཅིང་སྤེལ་བ་ལ་ཤིང་རྟ་ཆེན་པོ་རྣམས་དང་མཚུངས་པར་བསྟན་པ་ལ་བྱ་བ་བྱེད་ཐུབ་པར་ཤོག་ཅེས་པའོ།།
རྩ་བར།
འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །
བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །
དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །
འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །
ཅེས་ང་ཚོ་བོད་གངས་ཅན་གྱི་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་འདུས་པའི་སྡེ་དེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བ་ཞིག་ཡོང་བར་ཤོག །ཅེས་པ་དང༌། དགེ་འདུན་གྱི་འཚོ་བའི་མཐུན་རྐྱེན་ཡང་ལོག་འཚོའི་དབང་ལ་འགྲོ་བའི་ཉེན་ཁ་སྔར་ཡང་བྱུང་ཡོད་ལ། དེང་སྐབས་ཀྱང་ཡོང་ཉེན་ཆེན་པོ་ཡོད། ལྷག་པར་སྒེར་པ་སོ་སོས་སྦྱིན་བདག་བཙལ་བ་དང་། སྐབས་རེར་གྲྭ་པ་གཅིག་གིས་སྦྱིན་བདག་ཁ་ཤས་བཙལ་ཏེ་རང་གར་བསྡད་ན་ལོག་འཚོ་ཡིན་པས་ཡག་པོ་གཏན་ནས་མེད། ལོག་འཚོས་དུས་འདའ་ན་ཧ་ཅང་ཐབས་སྐྱོ་པོ་དང༌། དེ་ནི་བཤུ་གཞོག་དངོས་གནས་ཆགས་ཡོད། དེར་བརྟེན་འདུས་སྡེ་ཀུན་ཏུ་ཐོས་བསམ་གྱིས་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བ་ཞིག་དང༌། འཚོ་བ་བསྟེན་སྟངས་དེ་ཡང་ལོག་འཚོས་མ་བསླད་པར་རྒྱལ་བའི་དགོངས་པ་དང་མཐུན་པ། འཕགས་པའི་རིགས་བཞི་ལ་གནས་ནས་འགྲོ་ཐུབ་པ་ཞིག་དགོས་པས་སྨོན་ལམ་རྒྱག་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན།
རྩ་བར།
དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །
དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །
གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །
ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །
ཅེས་པ་ནི་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་ཞིག་དང༌། རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་དགོས་དོན་ནམ་བསྒྲུབ་བྱ་དེ་ཡང་ནམ་མཁའི་མཐས་གཏུགས་པའི་མར་གྱུར་སེམས་ཅན་དེ་དག་སྐུ་བཞི་རྒྱལ་བའི་ས་ལ་འགོད་ཐུབ་པ་ཞིག་བྱེད་རྒྱུ་ཡིན་པས། ནམ་མཁའ་ཇི་སྲིད་གནས་པ་དེ་སྲིད་དུ་འགྲོ་བའི་དོན་བྱེད་པར་ཤོག །ཅེས་བརྗོད་པ་ཡིན།
ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་བཅུར་ཉེ་བའི་དུས་ད་ལྟའི་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང༌། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོས་ཅིང༌།
ང་ཚོ་ཆུང་དུས་ནས་གཞུང་དེ་དག་ལ་སྦྱངས་ཤིང་། དེ་རྗེས་བརྗེད་འགྲོ་བ་ལས་ཆུང་དུས་ནས་རྩ་བ་དེ་དག་བློ་འཛིན་བྱེད་པ་སོགས་ང་ཚོས་བག་ཆགས་དང་ལས་འབྲེལ་བཞག་ཡོད། དེར་བརྟེན་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་དྲན་པའི་སྒོ་ནས་མི་ཕྱེད་པའི་དད་པས་དེ་དག་གི་རྗེས་སུ་ད་དུང་ཡང་སློབ་ཐུབ་པ་ཡོང་བར་ཤོག་བསམ་པ་སྨོན་དགོས་པ་གཅིག་དང༌། གཉིས་ནས། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང༌། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། སངས་རྒྱས་ཀྱི་ཆོས་ལ་ལམ་དང་ལུགས་སྲོལ་ལྟ་བུའི་དབང་དུ་སོང་སྟེ། ངའི་ཕ་མ་ནང་པ་ཡིན་པས་ང་ཡང་ནང་པ་ཡིན་ཞེས་བརྗོད་པ་དང་། ངའི་ཕ་མ་ཁ་ཆེ་ཡིན་པས་ང་ཡང་ཁ་ཆེ་ཡིན་ཞེས་པ་ལྟ་བུ། ངའི་ཕ་མ་བོན་པོ་ཡིན་པས་ང་ཡང་བོན་པོ་ཡིན། ཞེས་བརྗོད་ན་ཕ་མེས་ཀྱི་ཆོས་དེ་དད་པའི་སྒོ་ནས་བྱེད་ཀྱི་ཡོད། འདི་ཡང་ཡག་པོ་རེད། ཡིན་ནའང་སངས་རྒྱས་པའི་ཆོས་པ་ངོ་མ་ཞིག་བྱེད་དགོས་ན། ལམ་དང་ལུགས་སྲོལ་དང་གོམས་གཤིས་ཀྱི་སྐད་ཆ་མིན། སངས་རྒྱས་ཀྱི་ཆོས་ལེགས་པོ་ཞིག་ཤེས་པ་ལ་བརྟག་དཔྱད་བྱས་ནས། མདོར་ན་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་ཡིན། ཤེས་ནས་དད་པ་ཐོབ་པ་དེ་ཇི་ལྟར་བྱས་ནས་ཡོང་ངམ་ཞེ་ན། གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང༌། སྔོན་ལ་བློ་གཟུ་བོར་གནས་པ་ཞིག་དགོས། དབུ་མ་རྒྱན་ལས།
ཕྱོགས་སུ་ལྷུང་བའི་སེམས་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །
ཞེས་གསུངས་པ་བཞིན་བློ་ཕྱོགས་ལྷུང་ཅན་གྱིས་སོ་སོའི་རྣམ་རྟོག་གིས་བསླད་ནས་དོན་ཡང་དག་པ་མཐོང་མི་ཐུབ་ཅིང་། དཔེར་ན། རྒྱ་མི་གུང་ཁྲན་རྣམས་རྣམ་རྟོག་གིས་བསླད་པར་བརྟེན་ང་ཚོས་གང་ཞིག་བྱེད་པ་དེ་དག་སྐྱོན་འབའ་ཞིག་ཏུ་མཐོང་གི་ཡོད། ཡང༌། ང་ཚོ་བོད་པའང་ཁོང་ཁྲོ་དང་འཁོན་འཛིན་གང་འཚམ་ཡོད་མཁན་ཞིག་གིས་རྒྱ་མིས་བྱེད་ཚད་སྐྱོན་དུ་མཐོང་གི་ཡོད། དེ་དག་བློ་གཟུ་བོར་མི་གནས་པའི་རྟགས་ཡིན། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོར།
གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། །
ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང༌། །
དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི། །
སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །
ཞེས་གསུངས་པ་ལྟར། བློ་ཕྱོགས་སུ་ལྷུང་སྟེ་རང་ཉིད་ཀྱི་རྣམ་རྟོག་གིས་བསླད་ནས་དོན་ཡང་དག་པའམ་དོན་ངོ་མ་དེ་ཤེས་མི་ཐུབ་པ་ཡིན། དཔེར་ན། མིག་ཤེལ་ཚོན་མདོག་མི་འདྲ་བ་ཞིག་བརྒྱབ་ཡོད་ན་ངོ་ཐོག་གི་ཚོན་མདོག་དེ་ཇི་མ་ཇི་བཞིན་ཤེས་རྟོགས་ཐུབ་མེད། ངོ་དངོས་ཚོན་མདོག་གང་ཡིན་ཤེས་པ་ལ་ཐོག་མར་མིག་ཤེལ་ཚོན་མདོག་མི་འདྲ་བ་མེད་པ་ཞིག་གིས་བལྟ་དགོས་པ་བཞིན། དེས་ན་བློ་གཟུ་བོར་གནས་པ་ཧ་ཅང་གལ་ཆེ་ཞིང༌། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་ཡིན་ནའང་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱས་ན་དོན་དངོས་བདེན་དོན་ཤེས་ཐུབ།
རང་ཉིད་ཀྱི་རྣམ་རྟོག་གིས་འདི་སྐྱོན་རེད་ཅེས་ཐག་བཅད་ནས་དེའི་ངོས་ནས་བལྟས་ན་སྐྱོན་ལས་ཡོན་ཏན་མི་མཐོང་ཞིང༌། ཡང་འདི་ལེགས་པ་དང་། ཡོན་ཏན་རེད་ཅེས་ཐག་བཅད་ཟིན་ན་གང་དུ་བལྟས་ཀྱང་ཡོན་ཏན་དུ་མཐོང༌བར་དེར་བརྟེན་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་བརྟག་ཅིང་དཔྱད་པའི་ཐོག་འགྲོ་དགོས་པ་ལས། བརྟག་དཔྱད་ཞིབ་འཇུག་གང་ཡང་མ་བྱས་པར་ལམ་སང་ཡིད་ཆེས་བྱས་ནས་ཕྱིན་ན་ཡག་པོ་མེད། འདི་ནི་དབང་རྟུལ་དད་པའི་རྗེས་འབྲང་གི་འགྲོ་སྟངས་ཡིན། དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་བརྟག་དཔྱད་བྱེད་དགོས། བརྟག་དཔྱད་བྱེད་པ་ལ་ཐེ་ཚོམ་དགོས་ཏེ། ཐེ་ཚོམ་མེད་ན་དོགས་པ་མི་ཡོང་ཞིང༌། དོགས་པ་མེད་ན་དྲི་བ་མི་ཡོང༌། དྲི་བ་མེད་ན་བརྟག་དཔྱད་མི་བྱེད། བརྟག་དཔྱད་མ་བྱས་ན་ལན་མི་རྙེད། དེར་བརྟེན་ཐེ་ཚོམ་དགོས། ཐེ་ཚོམ་ལ་དོན་མི་འགྱུར་གྱི་ཐེ་ཚོམ་དང༌། དོན་འགྱུར་གྱི་ཐེ་ཚོམ་དང༌། ཆ་སྙོམས་པའི་ཐེ་ཚོམ་བཅས་གསུམ་ཡོད་པ་ལས། སྐབས་འདིའི་ཐེ་ཚོམ་དེ་ཆ་སྙོམས་པའི་ཐེ་ཚོམ་ལ་བརྗོད་དགོས་པ་མིན་ནམ་སྙམ། བློ་ཕྱོགས་སུ་མ་ལྷུང་བ་ཡིན་པས་གང་ལ་ཡང་ཡིན་མིན་གཉིས་ཀའི་ཐོག་ཏུ་མ་ཕྱིན་པར་དྲང་པོ་དྲང་བཞག་དང་། བློ་གཟུ་བོར་གནས་པའི་ཐེ་ཚོམ་གྱི་ངང་ནས་དཔྱད་པ་བྱེད་པ་ཞིག་ཡིན། ཡིན་ནམ་མིན་ཕལ་ཆེར་ཡིན་རྒྱུ་མ་རེད་སྙམ་པའི་བློ་གཉིས་འཛིན་དེར་དོན་མི་འགྱུར་གྱི་ཐེ་ཚོམ་དང༌། ཕལ་ཆེར་ཡིན་ལས་ཆེ་ཞེས་དྲན་པ་དེར་དོན་འགྱུར་གྱི་ཐེ་ཚོམ་ཞེས་བརྗོད་པས། འདི་གཉིས་བློ་ཕྱོགས་སུ་ལྷུང་བ་ཡིན། དེས་ན་ཆ་མཉམ་པའི་ཐེ་ཚོམ་ཁོ་ནའི་སྟེང་ནས་བརྟག་དཔྱད་བྱེད་དགོས། ཞིབ་མོར་བརྟགས་ཤིང་། ཞེས་པ་ནི། རྒྱལ་བའི་གསུང་སྣ་གཅིག་གི་སྟེང་ནས་འདི་ཡིན་པ་རེད་སྙམ་ན་ནོར་བ་ཡིན། རྩ་བ་ཤེས་རབ་ཀྱི་ཚིག་གཅིག་དྲངས་ནས་ཀླུ་སྒྲུབ་ཀྱི་དགོངས་པ་འདི་རེད། ཅེས་བརྗོད་ནའང་ནོར་བ་ཡིན། རྩ་བ་ཤེས་རབ་དབུ་ནས་མཇུག་བར་ཤེས་པར་བྱེད་དགོས། དེའི་དགོངས་པ་ལེགས་ལྡན་འབྱེད་ཀྱིས་ཇི་ལྟར་བཀྲལ་བ་དང༌། སངས་རྒྱས་བསྐྱངས་ཀྱིས་ཇི་ལྟར་བཀྲལ་བ། ཟླ་བ་གྲགས་པས་ཇི་ལྟར་བཀྲལ་བ་ཐམས་ཅད་གུང་བསྒྲིགས་ནས། རྗེ་རིན་པོ་ཆེས་རྟོགས་བརྗོད་མདུན་ལེགས་མར།
གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །
ཚིམས་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །
ཞེས་གསུངས་པ་ལྟར། གཞུང་གོང་འོག་བསྒྲིགས་ནས་དོན་དག་འཚོལ་དགོས་པ་ཤིན་ཏུ་གལ་ཆེ། དཔེར་ན། རང་བཞིན་གྱིས་མེད། ཅེས་པའི་ཚིག་འདི་ཁོ་ནའི་སྟེང་ནས་རང་བཞིན་གྱིས་མེད་པ་དེ་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད་ཅེས་ཁྲིད་ན། དབུ་མ་རྒྱན་ལས།
རང་བཞིན་མེད་དེ་གཟུགས་བརྙན་བཞིན། །
ཞེས་རང་བཞིན་མེད་པའི་ཚིག་མང་པོ་ཐོན་ཡོང་གི་ཡོད། དེས་ན་མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་གྱི་ནང་རང་བཞིན་མེད་དེ་ཞེས་བཀོད་ཡོད་ཀྱང་། ཁོང་གིས་རང་བཞིན་མེད་པ་ཞེས་པ་དེ་དགོངས་པ་གང་ལ་བཞེས་མིན་སོགས་ཞི་བ་འཚོའི་གཞུང་ཡོངས་རྫོགས་གོང་འོག་བསྒྲིགས་ནས་བལྟས་ན་ཤེས་ཐུབ། སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་དུ་རང་བཞིན་མེད། ཅེས་གསུངས་པ་དེ་དང་འདི་གཉིས་གཅིག་པ་ཡིན་མིན་བསམ་བློ་གཏོང་རྒྱུ་ཡོད། དེ་བཞིན་དུ་དཔལ་ལྡན་ཟླ་བའི་གཞུང་གི་ནང་ཆོས་རྣམས་ཀྱི་རང་བཞིན་དང་གཤིས་ལུགས་ཞེས་པ་ལྟ་བུ་ཐོན་ཡོང་གི་ཡོད་ཅིང༌། རང་བཞིན་ཡོད་ཅེས་པ་དང༌། དེ་མེད་ཅེས་གསུངས་པའང་ཡོང་གི་ཡོད། གཞུང་གོང་འོག་བསྒྲིགས་ནས་དོན་ངོ་ཐོག་འདི་ལེགས་པར་ཤེས་པ་ཞིག་མ་བྱུང་བར་ཚིག་གཅིག་ཁོ་ནར་བརྟེན་ན་ཤེས་ཐུབ་རྒྱུ་དཀའ་བས། དེར་བརྟེན་ཞིབ་མོར་བརྟགས་ཤིང་ཞེས་བརྗོད་པ་ཡིན།
རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེས་ལ། ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་དེ་ནི་ཤེས་ནས་ཐོབ་པའི་དད་པ་དེ་ཡིན། དེ་ལྟར་སངས་རྒྱས་ཀྱི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཡོང་བ་ལ་བླ་མ་ཞིག་གིས་གསུངས་པ་རེད་ཅེས་དང༌། ངའི་རྩ་བའི་བླ་མས་གསུངས་བྱུང་ཟེར་བས་ཁུངས་འཁྱོལ་ཐབས་མེད། ཤེས་ནས་དད་པ་ཐོབ་པ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང༌། སངས་རྒྱས་བསྐྱངས་དང༌། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་འདི་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་བ་དང༌། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང༌། མཁས་པ་དེ་དག་གི་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༢ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།