སློབ་དཔོན་ཨཱརྱ་བྷ་ཊའི་རྣམ་ཐར།

སློབ་དཔོན་ཨཱརྱ་བྷ་ཊའི་རྣམ་ཐར།

 

སློབ་དཔོན་ཨཱརྱ་བྷ་ཊ་ (आर्यभट) མཆོག་ནི་ཕྱི་ལོ་ ༤༧༦ ལོར་ཨཥམཀའམ་དེང་གི་པར་ཎའི་ (Patna) མངའ་ཁོངས་ཀུ་སུམ་པུ་རའི་ཡུལ་དུ་སྐུ་འཁྲུངས་ཤིང་། སློབ་དཔོན་འདིའི་མཚན་ལ་ཨཱརྱ་བྷ་ཊ་ (Aryabhata) དང་། ཨཱརྱ་བྷ་ཊི་ཡ་ (Aryabhatiya) ཞེས་མཚན་གྱི་དག་སྡེབ་འབྲི་སྲོལ་མི་འདྲ་བ་གཉིས་སྣང་ཞིང་། ཁོང་གིས་མཛད་པའི་ཨཱརྱ་བྷ་ཊ་ཡམ་ནང་ཁོང་ཉིད་དགུང་ལོ་ཉེར་གསུམ་ཡིན་པས།

ལོ་ངོ་རྩོད་དུས་ (Kali Yuga) ཤར་ནས་ལོ་ངོ་ ༣༦༠༠ འཁོར་བར་གཞུང་དེ་ཉིད་དུ་གསུངས་པ་ལྟར་ན། སྐབས་དེར་ཕྱི་ལོ་ ༤༩༩ ཡིན་པས། སློབ་དཔོན་འདི་པའི་འཁྲུངས་ལོ་དེ་ཕྱི་ལོ་ ༤༧༦ ཡིན་པ་བསྟན་པར་འགྲེལ་ཡོད། དུས་རབས་བཅུ་པའི་ནང་བྱོན་པའི་རྒྱ་གར་གྱི་རྩིས་རིག་པ་ཁོང་དང་མཚན་གཅིག་ཏུ་ཡོད་པ་དེ་དང་མི་འཁྲུགས་པའི་ཕྱིར་ཁོང་ལ་ཨཱརྱ་བྷ་ཊ་དང་པོའམ་ཨརྱ་བྷ་ཊ་བགྲེས་པ་ཞེས་ཀྱང་འབོད།

ཁོང་གི་མཚན་སྙན་ཀུ་སུམ་པུ་ར་སྟེ་པ་ཊ་ལི་པུ་ཏྲའམ་སྐྱ་ནར་བུའི་གྲོང་ཁྱེར་གྱི་གུཔྟའི་རྒྱལ་བརྒྱུད་ཀྱི་རྒྱལ་སར་མཐོ་རིམ་གྱི་སློབ་གཉེར་ལ་ཞུགས་པ་ནས་སྙན་གྲགས་རྒྱས་འགོ་ཚུགས་ཤིང་། དེར་ཁོང་གིས་སློབ་གཉེར་ཁང་ཞིག་གི་དབུ་འཛིན་གྱི་ཐུགས་འགན་ཡང་བཞེས་པ་གནང་ཡོད། སྐབས་དེ་དུས་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཡང་དེར་ཡོད་པར་མ་ཟད། སློབ་ཁང་དེར་གཟའ་སྐར་དཔྱད་རིག་གི་བརྟག་དཔྱད་ཁང་ཞིག་ཡོད་པས། ཁོང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་ཁང་གི་དབུ་འཛིན་ཡང་གནང་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད། སྐབས་དེ་དུས་ཁོང་གིས་ཨཱརྱ་བྷ་ཊི་ཡ་ (༤༩༩) དང་། ཨཱརྱ་བྷ་ཊའི་གྲུབ་མཐའ་ཞེས་པ་གཉིས་མཛད་པ་ལས། སྔ་མ་དེ་ད་ལྟ་མཇལ་རྒྱུ་ཡོད་ཀྱང་ཕྱི་མ་དེ་བཞུགས་མེད་པར་གྲགས། ཨཱརྱ་བྷ་ཊའི་གྲུབ་མཐའ་ (Aryabhatasiddhanta) དེ་ནི་རྒྱ་གར་ནུབ་བྱང་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་ཨི་རན་ནང་ས་ནི་ཡན་རྒྱལ་བརྒྱུད་ (224-651) སྐབས་དར་ཁྱབ་ཆེ་བས། ཁ་ཆེའི་ལུགས་ཀྱི་གཟའ་སྐར་དཔྱད་རིག་གསར་གཏོད་བྱ་རྒྱུའི་ཐད་ཤུགས་རྐྱེན་གཙོ་བོ་ཞིག་ཆགས་ཡོད། དེའི་ནང་དོན་ཕྱིས་ཀྱི་མཁས་པ་ཝ་ར་ཧ་མི་ཧི་ར་དང་། བྷ་ཥ་ཀར་སོགས་ཀྱི་གསུང་རྩོམ་ནང་གསལ་བར་མ་ཟད། མིའི་ཉིན་རེའི་འཚོ་བ་སྔ་དྲོ་ནམ་ལངས་ནས་མཚན་དགུང་བར་གཟའ་སྐར་རྩིས་གཞི་སྟོན་པར་བྱེད་པའི་གཞུང་ལུགས་སྔ་ཤོས་གྲས་ཤིག་ཡིན།

སློབ་དཔོན་ཨཱརྱ་བྷ་ཊི་ཡ་ (Aryabhatiya) ནི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གྲགས་ཆེན་པོ་བྱུང་བ་དེ་ཡང་། ལྷོ་ཕྱོགས་ཁུལ་དུ་ཕྱིས་བྱུང་གི་རྩིས་རིག་མཁས་པ་དུ་མས་དེར་འགྲེལ་པ་རྒྱས་བསྡུས་མང་པོ་མཛད་ཡོད། དེའི་ནང་དོན་གཙོ་བོ་ནི། རྩིས་རིག་དང་གཟའ་སྐར་སྐོར་ཡིན་ལ། ཚིགས་བཅད་རྐང་གཉིས་མའི་ཐོག་བཞུགས་ཡོད། དེ་ཡང་ནང་གསེས་གསུམ་དུ་ཕྱེ་སྟེ། ཐོག་མར་གྷ་ནི་ཏ་ (Ganita) སྟེ་རྩིས་རིག་གམ་སིལ་གྲངས་ནས་བཟུང་ཨང་རྩིའི་འགྲོ་ལུགས་མང་པོ་ཞིག་བསྟན་ཡོད་ལ།

གཉིས་པ་ཀ་ལ་ཀྲིཡ་ (Kala-kriya) སྟེ་དུས་ཀྱི་བྱེད་པའམ་རྩིས་གཞི་སྟེ། གྲངས་ཀྱི་ཆ་ཕྱེ་ཚུལ་འདྲ་མིན་དང་རྒྱུ་སྐར་གྱི་གཡོ་འགུལ་གྱི་ཁྱབ་ཚད་འཇལ་བ་སོགས་ལས། བྱ་བ་གསར་པ་རྩོམ་པར་དུས་བཟང་ངན་སོགས་གཏན་འབེབས་བྱེད་པ་སོགས་སྐར་རྩིས་ཀྱི་ལམ་ལུགས་བསྟན་ཡོད།

གསུམ་པ་གྷོ་ལ་ (Gola) སྟེ་གོ་ལའི་སྐོར་དེ་ཡང་ཟུར་གསུམ་གྱི་རྩིས་རེག་དེ་དབྱིབས་རྩིས་རིག་པར་བཀོལ་ནས་ཉི་འཛིན་དང་ཟླ་འཛིན་སོགས་ཚོད་དཔག་བྱེད་ནུས་པར་བྱས་ཐོག །གོ་ལའི་ཚངས་ཐིག་ཐོག་འཁོར་འགྲོས་ལས་རྒྱུ་སྐར་གཞན་གྱི་གཡོ་འགུལ་གསལ་བར་བསྟན་པ་དང་། ཨཱརྱ་བྷ་ཊས་ཟླ་བ་དང་རྒྱུ་སྐར་གཞན་དག་གི་འོད་ཤུགས་ཆེ་ཆུང་ཡང་གསལ་བར་བསྟན་ཡོད།[1]

དེ་བཞིན་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས[2]། གཞན་ཡང་སྔོན་གྱི་ཡིག་ཆ་དང་། གནའ་དུས་ཀྱི་ཁང་པའི་གྱང་རོ་དང་ཤུལ་སོགས་སྔོག་འདོན་བྱས་པའི་གྲུབ་དོན་ལྟར་ན། དཔལ་ནཱ་ལེནྡྲར་ཆེས་སྔ་ཙམ་ནས་རྒྱུ་སྐར་རིག་པའི་སྲོལ་དར་ཡོད་པར་སྣང་སྟེ། ནཱ་ལེནྡྲ་རང་དུ་གོ་ལ་རྟོག་ཞིབ་ཀྱི་མཁར་ (Astronomical Observatory) ཡོད་ཚུལ་རྒྱའི་བཙུན་པ་ཐང་སན་ཙང་གི་ལམ་ཡིག་ལས་ཐོན་ལ། མཁར་དེའི་མིང་ལ་ཁ་གོ་ལ་ཞེས་གྲགས་པ་དང་། དེ་བཞིན་དུ་ཕྱི་ལོའི་དུས་རབས་ལྔ་པ་ཡས་མས་སུ་བྱོན་པའི་ནཱ་ལེནྡྲའི་མཁས་པ་རྒྱ་གར་གྱི་རྩིས་དང་རྒྱུ་སྐར་རིག་པ་བ་གྲགས་ཅན་ཨཱརྱ་བྷ་ཊས་ཀྱང་ནཱ་ལེནྡྲར་རྒྱུ་སྐར་སོགས་ལ་དཔྱད་ཞིབ་མཛད་པ་སོགས་དེང་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་བཤད། སློབ་དཔོན་དེའི་གཞུང་དུ་རྩིས་ཀྱི་རིག་པའི་ཚད་མཐོན་པོའི་གནས་མང་དག་ཅིག་གཏན་ལ་ཕབ་ཡོད་པ་དང་། དེ་བཞིན་དུ་ཉི་ཟླ་གཟའ་འཛིན་གྱི་བཤད་པ་དེང་རབས་ཀྱི་ཚན་རིག་དང་མཐུན་པར་ཉི་ཟླ་གཉིས་དང་སའི་གོ་ལའི་བར་གཅིག་གིས་གཅིག་སྒྲིབ་པའི་ཚེ་བྱུང་ཚུལ་དང་། གཞན་ཡང་དེང་རབས་ཀྱི་ཚན་རིག་པས་བཤད་པ་ལྟར་གྱི་སའི་གོ་ལ་དེ་ཉིན་རེ་བཞིན་རང་ཉིད་འཁོར་ཐེངས་རེ་བྱས་ཏེ་ཉི་མར་སྐོར་བ་རྒྱག་པ་སོགས་ཀྱི་བཤད་པ་ཡོད་པར་གྲགས། སློབ་དཔོན་འདིས་རྩིས་རིག་པའི་ཐོག་བློ་སྐྱེད་ཇི་ལྟར་བཏོན་ཡོད་ཚུལ་གྱི་བཤད་པ་མདོར་བསྡུས་ཤིག །བལ་ཤམ་གྱིས་ཕྱི་ལོ་ ༡༩༦༣ ལོར་བརྩམས་ཏེ་པར་དུ་བཏབ་པའི་དེབ་ 《རྒྱ་གར་ཞེས་པའི་ངོ་མཚར་གྱི་བྱུང་བ་》 ཞེས་པ། (Wonder That Was India) ཤོག་ ༤༩༧ ནང་དུ་འབྱུང་ཞེས་གསལ་བ་ལྟར་རོ།།

སློབ་དཔོན་འདི་ཉིད་ཕྱི་ལོ་ ༥༥༠ ལོར་སྐུ་གཤེགས་ཚུལ་དྲ་ཐོག་ཏུ་གསལ་ཡང་དེའི་ཁུངས་གསལ་པོར་བཀོད་པ་ཞིག་མི་སྣང་ལ། ཁོང་གི་འཁྲུངས་ཡུལ་སྐོར་དོགས་དཔྱོད་གནང་བ་འགའ་ཞིག་མཇལ་རྒྱུ་ཡོད་པ་ལས། སྤྱིའི་ཆ་ནས་ཁོང་གི་སྐུ་ཚེའི་རྣམ་ཐར་སྐོར་གང་དུ་ཡང་ཞིབ་རྒྱས་དང་ཁུངས་དག་དེ་ཙམ་མཇལ་རྒྱུ་མེད་ཀྱང་། ཁོང་གི་མཛད་རྗེས་གང་དག་འཇོག་གནང་མཛད་པའི་སྐོར་དྲ་ཐོག་ཏུ་རྒྱས་པར་མཇལ་རྒྱུ་ཡོད་ལ། སློབ་དཔོན་འདི་ཉིད་ཀྱི་སྣང་བརྙན་བྲིས་མ་དང་འབུར་གཟུགས་ཅན་སོགས་མང་དུ་མཇལ་རྒྱུ་ཡོད་པ་དག་གི་དབུའི་ལྟག་རྒྱབ་ནས་དཔུང་པ་བར་དབུ་སྐྲ་རིང་པོ་ཡོད་པ་ཤ་སྟག་བཞེངས་བསྐྲུན་གནང་ལུགས་ལ་གཞིགས་ཚེ་རྟེན་རབ་བྱུང་ཨེ་ཡིན་སྙམ་པས་དཔྱད་དགོས་སོ།།  །།

[1] https://en.wikipedia.org/wiki/Aryabhata?fbclid

[2] ནང་པའི་ཚ་རིག་དང་ལྟ་གྲུབ་ཀུན་བཏུས། པོད། ༼༡༽ དགའ་ལྡན་ཕོ་བྲང་ཡིག་ཚང་། ༢༠༡༤ ལོ། ཤོག་གྲངས་ ༢༩

Leave a Reply

Your email address will not be published. Required fields are marked *