༄༅། །རིག་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སེངྒེ་ང་རོ་བཞུགས་སོ།།[1]
༼ངག་དབང་མཁྱེན་རབ་ (འཁྲུངས་དུས། དུས་རབས་18པ།) ཀྱིས་མཛད་པ།༽
བསྐལ་བཟང་འདྲེན་མཆོག་ཚད་མའི་སྐྱེས་བུ་ཡི། །རླབས་ཆེན་མཛད་བཟང་སྣང་བའི་མུ་ཁྱུད་ཅན། །བསྟན་འགྲོའི་ལྷ་ལམ་ཡངས་པོར་འདྲེན་མཁས་པ། །པཎ་ཆེན་ཉི་མའི་ཤིང་རྟ་རྒྱལ་གྱུར་ཅིག །གང་ཐུགས་དགའ་མའི་དཀྱུས་རིང་ཟུར་མིག་གིས། །ཀུན་གཟིགས་རབ་འབྱམས་ཟག་མེད་ཡེ་ཤེས་དབྱིངས། །དམར་སེར་གཞོན་ནུའི་ལང་ཚོའི་སྡུག་གུ་ཅན། །མཛའ་བོའི་ཁུག་པ་ཆོས་ཀུན་མཁྱེན་པའི་དཔྱིད། །
རིག་པའི་ཀླུང་ཆེན་འཐུང་བས་རབ་ངོམས་སྤྲིན། །ལུང་རིགས་འཁོར་གསུམ་གློག་གི་ཞགས་པ་ཅན། །གཏན་ཚིགས་ཚད་མའི་རྡོ་རྗེའི་ཐོག་མདའ་འབུམ། །ཕས་རྒོལ་བྲག་རིའི་གཤེད་དུ་བཟློག་མེད་འབབ། །སྲིད་པའི་ཆར་པ་སློང་བྱེད་མཐར་འཛིན་མེ། །རྩོད་ངག་སྤྲིན་གྱི་མེ་ཏོག་གིས་བཅིལ་ཚེ། །མུ་སྟེགས་རྟ་གདོང་ཞུགས་ཀྱིས་མ་བཟོད་ནས། །ལྷོ་ཕྱོགས་མཚོ་མཐར་བྲོས་ཀྱང་ད་དུང་འབར། །ཕྱོགས་གླང་གཞུང་ལུགས་ཁ་བའི་རི་སུལ་དུ། །སྒྲུབ་ངག་སུན་འབྱིན་གཡུ་རལ་ཆེར་གསིག་ཅིང་། །དངོས་སྟོབས་ཚད་མའི་མཆེ་སྡེར་བགྲད་པ་ན། །ཕྱིར་རྒོལ་གླང་ཆེན་དྲེགས་པའི་འགྱིངས་པ་ཞིག །ཡོངས་རྫོགས་ཤེས་བྱའི་གངྒཱ་ཧུབ་གཅིག་གིས། །འདྲེན་མཛད་རྣམ་དཔྱོད་དྲང་སྲོང་མགྲིན་པ་ལས། །རྒྱལ་བསྟན་ཁྱབ་འཇུག་རྐང་པའི་ལོག་རྟོག་དྲི། །འཁྲུད་ཕྱིར་སྡེ་བདུན་ཆུ་བོ་ལྷུང་ལྷུང་འབབ། །རིག་པའི་རྟ་བདུན་ཞོན་པའི་དཔའ་བོ་ཞིག །བརྒལ་བརྟག་སྡང་མིག་དམར་པོ་བགྲད་པའི་མོད། །རྟག་ཆད་ཧཱུཾ་སྒྲ་སྒྲོགས་པའི་འབྱུང་པོའི་བྱ། །རྣམ་དཔྱོད་མིག་ཟུམ་མུན་པའི་ཁུང་བུར་བྲོས། །ཚུལ་གསུམ་རྟགས་ཀྱི་མེ་ལྕེ་རབ་འབར་བའི། །ཐལ་འགྱུར་གནམ་ལྕགས་འཕེན་པའི་ཐོག་སྒྲ་ཡིས། །ཀུན་གསལ་སྒེག་མོའི་བཞིན་རས་འཐོར་དོགས་ནས། །འཇིག་རྟེན་མེས་པོས་དགུ་ཚིགས་ཞགས་པས་བཅིངས། །རིག་པའི་ཉི་མ་འོད་སྟོང་བཞད་པའི་གཟིས། །ཕྱི་ནང་ལོག་སྨྲའི་ཚོགས་ཀྱི་དམ་བཅའ་ཡི། །རྒྱུ་སྐར་དོ་ཤལ་ཐག་པ་ཆད་པའི་ཚེ། །ཕྱོགས་ལས་རྣམ་རྒྱལ་རྔ་ཆེན་ལན་བརྒྱར་བརྡུངས། །ཆོས་མིན་ཆུ་ལས་ཆོས་ཀྱི་འོ་མའི་བཅུད། །དཔྱད་གསུམ་བ་མོས་ཕྱེ་བའི་གྲིབ་བསིལ་དཔལ། །སྲིད་གསུམ་བུ་མོའི་རིན་ཆེན་རྣ་ལུང་ན། །པད་དཀར་ཟོལ་གྱིས་མཆུ་སྒྲོས་འཛུམ་བཞིན་གླེང་། །རིག་པའི་དབང་ཕྱུག་ཆོས་ཚུལ་ཀུན་གཟིགས་ཤིང་། །ཕྱོགས་ལས་རྣམ་རྒྱལ་སྙན་པའི༌བ་དན་གཡོ། །སྨྲ་བའི་ཉི་མ་འཛམ་གླིང་མཛེས་པའི་རྒྱན། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དེང་ནས་ཚེ་རབས་མ་ལ་ཡ་ཡི་རིར། །དལ་མེད་ཚེར་མའི་རྐང་འཐུང་འཁྲིགས་མིན་པར། །རྟེན་བཟང་ཙན་དན་རྣམ་དཔྱོད་ཡལ་འདབ་བརྟས། །ཚངས་སྤྱོད་མངར་བའི་དྲི་བསུང་འཐུལ་བར་ཤོག །པཎ་ཆེན་ཆོས་གྲགས་ཡབ་སྲས་གཞུང་ལུགས་ལ། །འཆད་ཉན་ལྷུར་ལེན་ཐོས་བསམ་མཐར་ཕྱིན་ཏེ། །ལོག་རྟོག་འཆིང་རྒྱར་ཚུད་པའི་རང་གཞན་རྣམས། །རིགས་པས་ཚར་བཅད་བསྟན་འདིར་འཇུག་པར་ཤོག །ཕྱོགས་ཀྱི་མཐའ་མེད་ཐུབ་བསྟན་གླིང་བཞིའི་མཁར། །ལྷག་བསམ་ཤིང་རྟས་དྲངས་པའི་བློ་གྲོས་ཉིད། །ཆོས་སྤོངས་སྤྲིན་གྱི་སྒྲིབ་བྱེད་སྐྱོན་བྲལ་ནས། །མདོ་སྔགས་པད་ཚལ་འབུམ་ཕྲག་བཞད་གྱུར་ཅིག །ཅེས་རིག་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སེངྒེའི་ང་རོ་ཞེས་བྱ་བ་འདི་ནི་རང་ཉིད་ཀྱི་དད་པའི་གསོས་སུ་མཁྱེན་རབ་མིང་ཅན་གྱིས་སོ།། །།
[1] ངག་དབང་མཁྱེན་རབ་ཀྱི་གསུང་འབུམ། པོད། ༼༡༽ ༼ཇ༽ དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༢ བར།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།