སློབ་དཔོན་ཡོན་ཏན་འོད་དང་ངང་ཚུལ་བཟང་པོའི་གཙུག་ལག་ཁང་།

༡༢༽ ཡོན་ཏན་འོད་རང་གི་གཙུག་ལག་ཁང་དང་སློབ་དཔོན་ངང་ཚུལ་བཟང་པོའི་གཙུག་ལག་ཁང་།

 

རི་དེའི་ནུབ་བྱང་དུ་རྒྱང་གྲགས་སུམ་ཅུ་ཙམ་ན་གཙུག་ལག་ཁང་ཞིག་ཡོད་པར་དགེ་འདུན་ལྔ་བཅུ་ལྷག་ཙམ་འདུས་པ་ཐེག་ཆེན་པ་ཤ་སྟག་སྟེ། གུ་ཎ་མ་ཏི་སྟེ་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མུ་སྟེགས་པ་བཏུལ་བའི་གནས་སོ། །དེར་ཕྱིས་སུ་རིམ་པར་དགེ་འདུན་འཕེལ་མུ་སྟེགས་པ་བར་མ་ཆད་པར་ནང་པར་བསྒྱུར་ཏེ་འདུས་པས་ལྗོངས་སུ་གྱུར་ཏོ། །དེའི་གཡས་ལོག་ན་ཡོན་ཏན་འོད་རང་གིས་བཞེངས་པའི་གཙུག་ལག་ཁང་ཞིག་ཡོད་དོ། །ནུབ་ཕྱོགས་སུ་རྒྱང་གྲགས་ཉི་ཤུ་ཙམ་ན་རི་ཆིག་སྐྱ་ཅིག་འདུག་པར་གཙུག་ལག་ཁང་ཞིག་ཡོད་པ་ནི། སློབ་དཔོན་ཤཱི་ལ་བྷ་དྲ་སྟེ་ངང་ཚུལ་བཟང་པོས་བཞེངས་པ་སྟེ་སློབ་དཔོན་དེ་ནི་ས་མ་ས་ཐའི་ཡུལ་གྱི་རྒྱལ་པོའི་རིགས་རུས་གཅིག་པའི་ཉེ་དུ་བྲམ་ཟེ་ས་ལ་ཆེན་པོ་ལྟ་བུའི་རིགས་སུ་འཁྲུངས་ཏེ།

གཞོན་ནུ་ནས་སློབ་གཉེར་ལ་མོས་ཕས་རྒྱལ་ཁམས་རིས་སུ་མ་ཆད་པར་ཉལ་ཏེ་མཁས་པ་ཆེན་པོ་འཚོལ་གྱིན་ན་ལནྡཱའི་དགོན་པར་སླེབས་པ་ན། སློབ་དཔོན་མཁས་པ་ཆེན་པོ་ཤྲཱི་དྷ་རྨ་རཀྵི་ཏ་སྟེ་དཔལ་ལྡན་ཆོས་སྐྱོང་དང་མཇལ་ནས། དེ་ཉིད་ཀྱིས་བཏུལ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །ངང་ཚུལ་བཟང་པོའམ་ཚུལ་ཁྲིམས་བཟང་པོ་ཞེས་བྱ་བའི་སློབ་དཔོན་དེས་ཕྱི་རོལ་པ་གྲགས་པ་ཅན་མང་པོ་བཏུལ། སྙན་པའི་གྲགས་པ་འཛམ་བུ་གླིང་ཀུན་ཏུ་ཁྱབ་པར་གྱུར་པ་ན། རྒྱལ་པོས་གཟེངས་བསྟོད་ཀྱི་གཏང་རགས་སུ་གྲོང་ཁྱེར་ལྷ་འབངས་སུ་ཕུལ་བར། སློབ་དཔོན་གྱིས་དང་དུ་མ་བཞེས་སོ། །གོས་ངུར་སྨྲིག་གྱོན་པ་དག་ནི་ཆོག་ཤེས་དགོས་པས་བདག་ནི་རྒྱལ་པོའི་བཀའ་དྲིན་པ་རྟེན་ལྟོ་གོས་ལྷག་པ་ཆ་དུ་མས་འབྱོར་མོད། མི་ཁྱིམ་ཁྲལ་འུ་ལག་གི་ལྷ་འབངས་སྐྱོང་བ་གཡེང་བའི་རྒྱུ་ཡིན་པས་དགོས་པ་མེད་གསུངས་པས། རྒྱལ་པོས་ཡང་བསྐྱར་གྱིས་ཞུས་པས། སྟོན་པ་སྒྲོན་མེ་ནུབ་ནས་ཡུན་རིང་སོང་བས་འཇིག་རྟེན་ན་འདྲ་མིན་སྨྲ་བ་བྱུང་སྟེ། སེམས་ཅན་རྣམས་ལམ་གོལ་ལམ་སྟོར་གྱིས་འཇིག་རྟེན་མོག་མོག་པོར་གྱུར་པའི་དུས་འདིར། སློབ་དཔོན་ཆེན་པོས་རྒྱལ་བ་ཀུན་གྱིས་མཐུན་པ་ལུང་བསྟན་པས་སྟོན་པ་གཉིས་པར་ཕེབས་པས། ལོག་སྨྲ་མཐའ་དག་རྨེག་མེད་དུ་ཚར་བཅད་དེ་ཡང་དག་པའི་ལམ་གསལ་བར་མཛད་པའི་བཀའ་དྲིན་བསབས་པ་དང་། ཕྱིས་ཀྱི་སློབ་གཉེར་བ་དག་བསྐུལ་ཞིང་གཟེངས་བསྟོད་པའི་ཕྱིར་དང་དུ་བཞེས་པ་ཅི་གནང་ཞེས་ནན་གྱིས་ཞུས་ཀྱང་དགེ་སྦྱོང་གི་ཚུལ་མིན་ཞེས་མ་བཞེས་པར་གཙུག་ལག་ཁང་གསར་པ་ཞིག་བཞེངས་བཞུགས་སོ། །གཙུག་ལག་ཁང་དེའི་རྟེན་དང་རྟེན་པ་རྣམས་ནི། རྒྱ་གཞུང་དག་ནས་བཤད་པ་དང་མཐུན་པ་ཁོ་ནའོ།།[1]

[1] ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༩༤

Leave a Reply

Your email address will not be published. Required fields are marked *