སློབ་དཔོན་ཙནྡྲ་གཽ་མིའི་རྣམ་ཐར།

ཙནྡྲ་གོ་མི། ༼ལེགས་སྦྱར།༽ དུས་རབས་བདུན་པའི་ནང་བྱུང་བའི་རྒྱ་གར་གྱི་སློབ་དཔོན་དགེ་བསྙེན་ཟླ་བ་ཞེས་བྱ་བ་ནི། ཤར་ཕྱོགས་བྷཾ་གར་འཁྲུངས་ཤིང་། གཞོན་ནུའི་དུས་ནས་མཁས་པར་གྱུར་ཏེ། བ་རེནྡྲའི་རྒྱལ་པོའི་སྲས་མོ་ཏཱ་ར་ཞེས་བྱ་བ་བག་མར་བླངས་ཏེ་འདུག་པ་ན། སྐབས་ཤིག་འཁོར་གཡོག་ཞིག་གིས་ཏཱ་ར་ཞེས་འབོད་པ་ཐོས་ཏེ་བསམས་པ་ན། དེ་ཡི་དམ་གྱི་མཚན་དང་མཐུན་པས་མི་རུང་བར་དགོངས་ཏེ་བཟོད་པ་གསོལ་ཞིག་འགྲོ་བར་ཆས་པ་ན། འཁོར་རྣམས་ཀྱིས་བཟུང་སྟེ་ཅིའི་ཕྱིར་འགྲོ་ཞེས་འདྲི་བ་ལ་རྒྱུ་མཚན་བརྗོད་དོ། །དེ་རྒྱལ་པོས་ཐོས་པ་ན་ཁྲོས་ཏེ་ངའི་བུ་མོ་དང་ལྷན་ཅིག་མི་འདུག་ན་གངྒཱ་ལ་སྐྱུར་ཅིག་ཅེས་བཀའ་བཏང་། གཤེད་མ་དག་གིས་གངྒཱ་ལ་བསྐྱུར་བ་ན། སློབ་དཔོན་གྱིས་སྒྲོལ་མ་ལ་གསོལ་བ་བཏབ་པས། སྒྲོལ་མས་ཆུ་དབུས་སུ་གླིང་སྤྲུལ། ཞལ་མངོན་སུམ་དུ་བསྟན་ཏེ་བྱིན་གྱིས་བརླབས་པས་དེང་སང་ཡང་ཙནྡྲའི་གླིང་ཞེས་གྲགས་སོ།།

དེ་ནས་ཉ་པས་བསྒྲལ་ཏེ་བ་རེནྡྲའི་རྒྱལ་པོའང་དད་ནས་མཆོད་གནས་མཛད། མཐར་གྱིས་ནཱ་ལེནྡྲར་ཕེབས་ཡོན་ཏན་ཅི་ཤེས་འདྲི་བ་ལ་སྒྲ་པཱ་ཎི་དང་། མཚན་བརྗོད། བསྟོད་པ་བརྒྱ་ལྔ་བཅུ་པ་གསུམ་ཤེས་བརྗོད་པས། མཁས་པ་ཆེན་པོར་ཤེས་ཏེ་བསུ་བ་དང་བཀུར་བསྟི་རྒྱ་ཆེན་པོ་བྱས་སོ། །བསྟན་བཅོས་ཀྱང་། ཟླ་བ་སྒྲོན་མེའི་འགྲེལ་པ་དང་། སྐུ་གསུམ་ལ་འཇུག་པ། རྟ་མགྲིན་གྱི་སྒྲུབ་ཐབས། སེངྒེ་སྒྲའི་སྒྲུབ་ཐབས། རྣམ་འཇོམས་ཀྱི་སྒྲུབ་ཐབས་མདོར་བསྡུས། འཇམ་དབྱངས་མཇིང་ཡོན་གྱི་བསྟོད་པ་བྱིན་རླབས་ཅན། སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་འཛིན། བཤགས་པའི་བསྟོད་པ། སྒྲ་དང་སྨན་དཔྱད་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་དོ།།

དེའི་སློབ་དཔོན་ཟླ་བ་གྲགས་པས་སྒྲའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ལེགས་པར་ཞིག་གཟིགས་པ་ན། རང་གིས་བྱས་པའི་བསྟན་བཅོས་མི་ལེགས་པར་སྣུབ་བོ་སྙམ་དུ་དགོངས་ཏེ་ཁྲོན་པར་བསྐྱུར་བ་ན། འཕགས་པ་སྤྱན་རས་གཟིགས་ཀྱིས་ཁྱོད་ཀྱི་ལྷག་བསམ་གྱིས་བྱས་པས་བསྟན་འགྲོར་ཕན་ཐོགས་ཆེན་པོ་འབྱུང་བར་འགྱུར་གྱི་ཐོན་ཅིག་ཅེས་གསུངས་ཏེ་བཏོན། ཁྲོན་པ་དེ་ལ་ཙནྡྲའི་ཁྲོན་པ་ཞེས་གྲགས་ཤིང་། དེ་ལས་ཆུ་འཐུང་ན་བློ་རྣོ་བར་འགྱུར་རོ་ཟེར། དེའི་ཚེ་སློབ་དཔོན་ཟླ་བ་གྲགས་པ་དང་རྩོད་པ་མཛད་དེ། དེ་རིང་གི་ལན་སྤྱན་རས་གཟིགས་ལ་ཞུས་ཏེ་ཕྱི་ཉིན་བཏབ་པས། ཟླ་གྲགས་ཐེ་ཚོམ་དུ་གྱུར་ཏེ་ཕྱི་བཞིན་བསྙེགས་པ་ན། འཇིག་རྟེན་དབང་ཕྱུག་གིས་སློབ་པར་གཟིགས་པ་ན། འཕགས་པ་ཉེ་རིང་མ་མཛད་ཅེས་གསོལ་བས། ཕྱག་མཛུབ་བསྐུམ་པ་མ་བྱུང་བར་ལུས་པས། དེང་སང་ཡང་ཐུགས་རྗེ་ཆེན་པོ་མཛུབ་ཀེར་ཞེས་གྲགས་སོ།།

སྒོམ་སྡེ་ཚིག་མཛོད་ཆེན་མོ། སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ། ཐེ་ཝན་དེབ་གཟུགས། གླེགས་བམ། གསུམ་པ། ཕ-ཞ། ཤོག་གྲངས་ ༤༣༣ ནས་ ༤༣༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *