སློབ་དཔོན་དཔའ་བོའི་རྣམ་ཐར་མདོར་བསྡུས།

སློབ་དཔོན་དཔའ་བོའི་རྣམ་ཐར་མདོར་བསྡུས།

འཕགས་ཡུལ་གྱི་ཆེན་པོ་བཞིའི་ཡ་གྱལ་སློབ་དཔོན་དཔའ་བོ་སྟེ། རྒྱ་གར་ནུབ་ཕྱོགས་སུ་ཡབ་བྲམ་ཟེ་ཆེའི་རིག་བྱེད་ཡན་ལག་བརྒྱད་ལ་བྱང་ཆུབ་པ་སྨན་པ་ཆེན་པོ་སེང་གེ་གསང་བ་དང༌། ཡུམ་རིན་ཆེན་དངོས་གྲུབ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཆོས་རིག་བྱེད་བཞི་དང༌། རིག་བྱེད་ཀྱི་ཡན་ལག་བཞི། ཉེ་བའི་ཡན་ལག་བཞི། ལས་དྲུག་སོགས་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན། ཕྱི་པའི་བསྟན་པ་ལ་ཞུགས། གསུང་སྙན་པས་རྟ་དབྱངས་སུ་གྲགས། མུ་སྟེགས་རྟག་པ་སྨྲ་བའི་ལུགས་ལ་མཁས་པར་གྱུར་ནས་ནུབ་ཕྱོགས་ཀྱི་ནང་པའི་པཎྜི་ཏ་རྣམས་དང་བརྩད་པས་རྟ་དབྱངས་རྒྱལ་ཏེ་ནང་པའི་བསྟན་པ་བསྣུབས་ནས་ཕྱི་པའི་ལུགས་སུ་བསྒྱུར་ཞིང་ལྷོ་ཕྱོགས་སུ་རྩོད་པར་ཕེབས་པ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷ། རྟ་དབྱངས་དང་ཕྱི་ནང་གི་གྲུབ་མཐའ་རྩོད་པར་ཕེབས་ནས་རྟ་དབྱངས་ཚར་བཅད་དེ་ནང་པའི་རིང་ལུགས་སུ་བསྒྱུར། ཕྱིས་སུ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་མཛད། ཕྱི་ནང་གཉིས་ཀྱི་གྲུབ་མཐའ་དང་སྙན་ངག་སོགས་རིག་བྱེད་ལ་ཤིན་ཏུ་མཁས་པར་གྱུར། མཚན་དཀོན་ཅོག་འབངས་ཞེས་གྲགས། སྔར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་ལས་བྱས་པ་རྣམས་བཤགས་པའི་ཆེད་དུ་སྟོན་པ་རིན་པོ་ཆེའི་སྐྱེས་རབས་ལ་བསྟོད་པ་བརྒྱ་རྩ་བརྒྱད་ཀྱིས་མཚོན་པའི་བསྟན་བཅོས་སྤྱི་དང༌། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ་སོགས་རིག་པའི་གནས་ལྔའི་གཞུང་མང་དུ་མཛད་པར་གྲགས་སོ།།

 

(བོད་རྒྱ་ཚིག་མཛོད་ཆེན་མོ་ལས་བཏུས་པའོ།།)

Leave a Reply

Your email address will not be published. Required fields are marked *