སློབ་དཔོན་ཀླུའི་བཤེས་གཉེན་གྱི་རྣམ་ཐར།

སློབ་དཔོན་ཀླུའི་བཤེས་གཉེན་གྱི་རྣམ་ཐར།

 

དེ་ཡང་སློབ་དཔོན་འདིའི་ལེགས་སྦྱར་མཚན་ལ་ (Nagamitra) དང་། བོད་སྐད་དུ་ཀླུའི་བཤེས་གཉེན་ཞེས་ཞུ་ཞིང་། རྒྱ་གར་ཆོས་འབྱུང་ལས། རྒྱལ་པོ་སངས་རྒྱས་ཕྱོགས་དང༌། དེའི་རྗེས་སུ་དྷརྨཱ་ཙནྡྲའི་ཚ་བོ་ཀརྨ་ཙནྡྲ་ཞེས་བྱ་བ་བྱུང་སྟེ། དེ་དག་གི་རིང་ལ་སློབ་དཔོན་དགའ་བྱེད་སྙན་པ་དང༌། སློབ་དཔོན་རྟ་དབྱངས་ཆུང་བ་དང༌། སྒྲ་གཅན་འཛིན་བཟང་པོའི་སློབ་མ་སྒྲ་གཅན་འཛིན་བཤེས་གཉེན་ཡིན་ལ། དེའི་སློབ་མཀླུའི་བཤེས་གཉེན་རྣམས་བྱུང་སྟེ། དེ་དག་གིས་ཐེག་པ་ཆེན་པོ་དར་བར་མཛད་དོ། །

ཞེས་བླ་མ་སྒྲ་གཅན་འཛིན་བཤེས་གཉེན་གྱི་སློབ་མ་ཡིན་པར་གསུངས་ལ། ཡང་རྒྱ་གར་ཆོས་འབྱུང་ལས། སློབ་དཔོན་སངས་རྒྱས་བསྐྱངས་ནི། ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་བྱ་བར་འཁྲུངས། ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ཞིང་མང་དུ་ཐོས་པར་མཛད་པ་ཞིག་སློབ་དཔོནཀླུའི་བཤེས་གཉེན་གྱི་སློབ་མ། སློབ་དཔོན་དགེ་འདུན་སྲུང་བ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་བྱས་ནས། རྩེ་གཅིག་ཏུ་བསྒོམ་པས་ཡེ་ཤེས་མཆོག་བརྙེས། ཞེས་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བཤེས་གཉེན་དང་། དེའི་སློབ་མ་དགེ་འདུན་སྲུང་བ། དེའི་སློབ་མ་སངས་རྒྱས་བསྐྱངས་ཡིན་པར་གསུངས་སོ།།

སློབ་དཔོན་ཀླུའི་བཤེས་གཉེན་དུས་ནམ་ཞིག་བྱོན་པ་ནི། དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ལས།  བྱང་སེམས་ཀྱི་སྡོམ་བརྒྱུད་ལ་ཀླུ་སྒྲུབ། ཨཱརྱ་དེ་ཝ། ཀླུའི་བཤེས་གཉེན། ཟླ་གྲགས་བྱ་བ་ཡོད་པས། སློབ་དཔོན་ཟླ་བ་དང་ཀླུའི་བར་ན་སློབ་དཔོན་གཉིས་གསུམ་ཡོད་དགོས་ནའང་། ཀླུ་བྱང་ཚེའི་རིག་འཛིན་བརྙེས་པས་གཅིག་གིས་ཆོག་པ་སྲིད་ཙམ་ཡིན་གསུངས། ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱི་རྗེས་སུ་ཀླུའི་བཤེས་གཉེན་བྱོན་པར་གསལ་ལ། ཀླུ་བྱང་དང་ཀླུའི་བཤེས་གཉེན་ཐ་དད་ཡིན་པ་ལྟ་བུར་གསལ་ལོ།།

རྒྱ་གར་ཆོས་འབྱུང་ལས། རྒྱལ་པོ་ཟབ་མོའི་ཕྱོགས་རྒྱལ་སྲིད་དུ་འཁོད་ནས་ལོ་བཅུ་གཉིས་ལོན་པའི་ཚེ། རྒྱལ་པོ་ཀརྨ་ཙནྡྲ་འདས། དེའི་བུ་བྲྀཀྵ་ཙནྡྲ་རྒྱལ་སྲིད་ལ་བསྐོས་ཀྱང་དབང་ཐང་ཆུང་ངུར་བྱུང་ནས། ཨོ་ཊི་སའི་རྒྱལ་པོ་ཛཱ་ལེ་རུ་ཧ་ཞེས་བྱ་བས་ཤར་ཕྱོགས་ཕལ་ཆེར་ལ་དབང་བསྒྱུར། རྒྱལ་པོ་དེ་དག་གི་སྐབས་སུ་དགེ་སློང་ཆེན་པོ་ཨརྷ་ཏ་ཞེས་བྱ་བའི་སྐུ་ཚེའི་སྨད་ཀྱི་དུས་དང༌། འཕགས་པ་ཐོགས་མེད་ཀྱི་འགྲོ་བའི་དོན་མཛད་པའི་དུས་ཡིན་ཞིང༌། སློབ་དཔོན་དབྱིག་གཉེན་དང༌། སངས་རྒྱས་འབངས་དང༌། དགེ་འདུན་འབངས་རྣམས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་སོ། །སློབ་དཔོནཀླུའི་བཤེས་གཉེན་ཚེ་རིང་པོར་གནས་པ་དེའི་སློབ་མ་དགེ་འདུན་སྲུང་བ་ཞེས་པའང་བྱུང་། ཞེས་གསལ་ལོ།།

ཀླུའི་བྱང་ཆུབ་དང་། ཀླུའི་བློ། ཀླུའི་བཤེས་གཉེན་བཅས་ནི་སློབ་དཔོན་ཀླུ་བྱང་གི་མཚན་གྱི་རྣམ་གྲངས་ཡིན་ཚུལ་ནི། དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ལས། སློབ་དཔོན་ཀླུ་བྱང་ནི། སྔར་སློབ་དཔོན་ལི་ཁ་ར་ཤིང་འཕེལ་ན་གསར་འགྱུར་མཛད་དུས། དེར་བྲམ་ཟེ་རྒས་འཁོགས་གཉིས་ཀྱང་ཡོད། དེ་ལ་སྦྱིན་པ་བྱིན་པས་མགུ་སྟེ། རྒན་པོས་སློབ་དཔོན་གྱི་ཉེ་གནས་བྱས། དེ་ནས་ཤི་འཕོས་མ་ཧེ་འཚོ་བའི་བུ་ཞིག་ཏུ་སྐྱེས། མ་ཧེ་འཚོ་བའི་བུས་བག་ཆགས་དྲན་ཏེ། ཀླུ་སྒྲུབ་ཀྱི་སྒོ་དྲུང་དུ་བྱོན་གྲུབ་པ་ང་སྐྱོ་སྒོམ་སྟོན་ཅིག་ཟེར། མ་ཧེ་སྒོམས་བྱས་པས་བསྒོམས། ཇི་ཞིག་ན་སློབ་དཔོན་ཅན་བྱུང་། ད་ངའི་རྭ་འདི་མ་བདེ་དམིགས་པ་སྤོས་ཟེར། མདུན་དུ་མི་དཀར་པོ་ཐལ་མོ་སྦྱར་བ་གཅིག་སྒོམས་གསུངས། བསྒོམས་པས་དེ་དངོས་སུ་བྱུང་། དངོས་གྲུབ་ཅི་དགོས་ཟེར་བས། ཁྱོད་རང་དེ་རུ་སྡོད། ངས་གྲུབ་པ་ལ་དྲིའོ་བྱས། དྲིས་པས། ཁྱོད་རང་ངའི་སྙིང་ལ་ཞུགས་གྱིས་ཤིག་གསུངས། དེ་སྐད་བྱས་པས། ཞུགས་པའི་སྣང་བ་བྱུང་ངོ་།།

དེ་ནས་སློབ་དཔོན་གྱི་དྲུང་དུ་རབ་བྱུང་བསྙེན་པར་རྫོགས། མཚན་ཀླུའི་བྱང་ཆུབ་ཅེས་ཀྱང་བྱ། ཀླུའི་བློ་དང་། ཀླུའི་བཤེས་གཉེན་ཞེས་ཀྱང་ཟེར་རོ། །དེར་སློབ་དཔོན་གྱིས་འདུས་པའི་དཀྱིལ་འཁོར་དུ་བཅུག །ལམ་བསྟན་པས་གྲུབ་པ་བརྙེས་སོ། །ཀླུ་བྱང་གིས་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་མཛད་ཅིང་། སྦྱིན་སྲེག་གི་ཆོ་ག་མཛད་ཟེར་ཡང་བོད་དུ་མ་འགྱུར། བསྐྱེད་རིམ་སྟོན་པ་རྣམ་གཞག་རིམ་པ། རྫོགས་རིམ་སྟོན་པ་ལས་མཐའ་རྣམ་འབྱེད་དེ། འདི་འགོས་རྡོག་པ་ལ་མེད་པར་བཤད། ཆག་གིས་བསྒྱུར། རིམ་ལྔའི་དོན་བསྡུས་ཀྱི་འགྲེལ་པ་ཁོངས་སུ་བསྡུ་བ་འདི་པ་ཚབ་ཀྱིས་བསྒྱུར་ཅིང་འདི་ཡང་འགོས་རྡོག་པ་ལ་མེད་པ་འདྲ་ཞེས་གསུངས། གཞན་ཀླུ་བྱང་གི་རྩ་རྒྱུད་ཀྱི་འགྲེལ་པ་ནོར་བུའི་ཕྲེང་བ། འགྲེལ་ཆེན་འགྲེལ་པ་དོན་གསལ་བྱ་བ་གསུམ་ཙམ་ལ་ཀླུ་བྱང་གིས་མཛད་ཟེར་བ་ཡོད་ཀྱང་། འདི་ནི་པཎྜི་ཏ་ཕྲ་ལ་རིང་གྲོང་འཇུག་བྱས་པ་ཡིན་ཟེར་བ་ཟོམ་རོང་ཆོས་བཟང་ཁོང་གིས་བྱས་པ་ཡིན་ནམ། ཁོང་གི་རྗེས་སུ་རོང་དུ་དེ་ལྟ་བུའི་བསྟན་བཅོས་མང་པོ་བརྩམས་ནས་ཁ་འཕང་བྱེད་མཁན་མང་པོ་བྱུང་བ་དེ་རྣམས་ཀྱིས་བྱས་པར་ངེས་ཀྱི་ཀླུ་བྱང་གིས་མཛད་པ་མིན་ཞེས་བླ་མ་གོང་མ་རྣམས་གསུངས་སོ། །ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་རྣམས་ཀྱང་སློབ་དཔོན་གྱི་དངོས་སློབ་ཡིན་མོད་ཀྱི་གསང་འདུས་པ་ལ་མ་གྲགས་སོ། །ཞེས་བྱུང་བ་ནི་དཔྱད་གཞི་ཆེན་པོ་ཞིག་གོ།

དེ་ལྟར་དབུ་མ་པ་ཆེན་པོ་སློབ་དཔོནཀླུའི་བཤེས་གཉེན་གྱིས་མཛད་པའི་གསུང་སྡེ་དགེ་བསྟན་འགྱུར་དཀར་ཆག་ལྟར་ན། སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པའི་བསྟན་བཅོས་ལ། དབུ་མ་ཧ་པ་ལ། ༡༽ སྐུ་གསུམ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་དང་། ༢༽ སེམས་ཙམ་ཧི་པ་ལ། རྣལ་འབྱོར་སྤྱོད་པའི་བསྒོམ་པའི་དོན་མདོར་བསྡུས་ནས་བསྟན་པ། སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པ། རྩ་བ་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་གཉིས་ལས་མི་བཞུགས་ཀྱང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལས། སློབ་དཔོནཀླུའི་བཤེས་གཉེན་གྱིས་མཛད་པའི་སྒྲུབ་པའི་ཐབས་ཀྱི་རྣམ་གཞག་དང༌། དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ། ཞེས་བྱུང་བས་འདི་ཉིད་ཀྱང་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པའི་བསྟན་བཅོས་ཡིན་པར་གསལ་ལ། ཀླུ་བྱང་དང་ཀླུའི་བཤེས་གཉེན་གང་ཟག་གཅིག་ཡིན་ན། ཀླུ་བྱང་གི་མཛད་བྱང་གསལ་བའི་བསྟན་བཅོས་མང་དུ་བཞུགས་པས་དཔྱད་དགོས་ལ། སློབ་དཔོན་ཀླུའི་བཤེས་གཉེན་གྱི་རྣམ་ཐར་རྒྱས་པ་མ་མཇལ་ཞིང་། དཔལ་ནཱ་ལེནྡྲ་དང་འབྲེལ་བ་ཡོད་པའི་དཔྱད་གཞི་གང་ཡང་མ་ཐོབ་པས་དཔྱད་པར་འཚལ་ལོ།།  །།

Leave a Reply

Your email address will not be published. Required fields are marked *