ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར།

ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར།

ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་མཆོག་ནི། རྗེ་མར་པ་ལོ་ཙཱ་བ་རང་ཉིད་ཀྱིས་བསྒྱུར་བའི་འགྱུར་བྱང་དུ་དྷརྨ་བློ་གྲོས་ཞུ་སྲོལ་ཀྱང་འདུག ཁོང་ཉིད་ཀྱི་འཁྲུངས་ལོ་ལ་དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་རྣམ་ཐར་དུ། རྣམ་ཐར་སྔ་རབས་མ་གཅིག་ཏུ་ཆུ་ཕོ་རྟ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་སྐར་མ་རྒྱལ་ལ་འཁྲུངས་པར་བཤད་ཀྱང་། དེ་ལྟ་ན་ཇོ་བོ་རྗེ་དང་དགུང་གྲངས་མཉམ་པར་འགྱུར་བས་མ་དག་པར་སེམས།

ཇོ་བོ་རྗེ་རྗེ་འཁྲུངས་ནས་ (982ལོ།) ལོ་བཅོ་བརྒྱད་སོང་བའི་ལྕགས་བྱི་ལ་འཁྲུངས་ནས་གྱི་དྲུག་བཞུགས་པར་མཚུར་ཕུ་བའི་བཀའ་ བརྒྱུད་གདུང་རབས་ལས་[1]བཤད། དུང་དཀར་རིན་པོ་ཆེས་རྣམ་ཐར་མཐོང་བ་དོན་ལྡན་ལ་གཞི་བྱས་ཏེ་གོང་ལས་ལོ་སྐོར་གཅིག་གི་རྗེས་ཀྱི་རབ་བྱུང་མ་ཚུགས་གོང་གི་ཕྱི་ལོ་ ༡༠༡༢ ལོར་བཞག་ཡོད་འདུག །ཚལ་པའི་དེབ་དམར་ལས། དེ་ལས་ལོ་གཉིས་ཀྱིས་སྔ་བའི་མེ་བྱ་ལ་འཁྲུངས་ནས་གྱ་བརྒྱད་ལ་བཞུགས་པར་བཤད།

འཁྲུངས་ཡུལ་ནི་གཡོ་རུའི་རྒྱུད་ལྷོ་བྲག་ནང་མའི་སྟོད་གངས་ལུང་སྤེ་སར་དཀོན་མཆོག་སྟོད་ཀྱི་བཀྲ་ཤིས་ལིང་ང་ཞེས་བྱ་བའོ། །ཡུལ་དེར་ཡབ་མར་པ་དབང་ཕྱུག་འོད་ཟེར་དང་། ཡུམ་རྒྱལ་མོ་འོད་ཟེར་འཚོའམ་སྨན་མོ་ཁྱེ་འདྲེན་ནམ་སྐལ་ལྡན་སྐྱིད་ཅེས་བྱ་བའི་སྲས་སུ་སྐུ་འཁྲུངས།[2] སྐུ་མཆེད་ལྔ་ཡོད་པའི་ལྔ་ཚིགས། ལོ་བཅུ་གཉིས་ལོན་ནས་ཆོས་དང་འཕྲད། ལོ་བཅུ་གསུམ་ལ་མང་མཁར་མྱུ་གུ་ལུང་དུ་ཕེབས་ཏེ་འབྲོག་མི་ཤཱཀྱ་ཡེ་ཤེས་ལས་སྒྲ་སྒྱུར་བསླབས་ཤིང་ལེགས་པར་མཁྱེན།

ལོ་བཅོ་ལྔ་ལ་བལ་པོར་བྱོན། དེ་ནས་ཁ་རག་གི་གཉོས་འབྱུང་པོ་སྔར་ཡང་རྒྱ་གར་དུ་ཕྱིན་པ་གཅིག་དང་ལམ་འཛོམས། ང་ལ་གསེར་མང་ཡོད་ལྷན་ཅིག་ཏུ་བྱ་ཞེས་ཁ་ཞོ་བླུད་པས་ཁོང་གི་གྲོགས་དན་ཀྱང་མཛད།[3] མར་པ་རང་ཉིད་ས་ཆུའི་འཕྲོད་བསྟེན་གྱི་ཆེད་དུ་བལ་པོར་ལོ་གསུམ་རིང་བཞུགས་ཏེ་དེའི་རིང་བལ་པོ་སྤྱི་ཐེར་བའི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན། དེ་ནས་པཎ་ཆེན་ནཱ་རོ་པའི་དྲུང་ནས་གསང་འདུས་དང་མཧཱ་མ་ཡ་གསན། དེར་གསེར་འཚོལ་བའི་ཆེད་དུ་བོད་དུ་ཚུར་ཕེབས། གསེར་མང་པོ་བསྒྲུབས་ཏེ་རྒྱ་གར་དུ་ཕེབས་སྐབས་པཎ་ཆེན་ནཱ་རོ་པ་སྤྱོད་པ་ལ་གཤེགས་ཟིན་ཡང་དཀའ་བ་མང་པོ་སྤྱད་ནས་བཙལ་བས་ནགས་གསེབ་ཅིག་ཏུ་མཇལ།

དགུང་ལོ་ཞེ་གཉིས་པ་ལ་བོད་དུ་ཕེབས་ཏེ་བདག་མེད་མ་ཁབ་ཏུ་བཞེས། ལོ་ཤས་ནས་སླར་ཡང་གསེར་བསྣམས་ཏེ་རྒྱ་གར་དུ་ཐེངས་གཉིས་པ་ཕེབས་པར་བླ་མ་མཻ་ཏྲི་པ་དང་མཇལ་ཞིང་གསང་སྔགས་ཀྱི་ཆོས་མང་པོ་གསན། བོད་དུ་ཕེབས་སྐབས་གསང་སྔགས་ཀྱི་ཆོས་དཔེ་མང་པོ་བསྣམས་ཤིང་། དེ་དག་བོད་སྐད་དུ་བསྒྱུར་བ་གནང་། དགུང་ལོ་གྱ་དྲུག་པ་རབ་བྱུང་གཉིས་པའི་མེ་གླང་ཕྱི་ལོ་ ༡༠༩༧ ལོར་སྐུ་གཤེགས།

ཁོང་གི་འགྱུར་ལ། བཀའ་འགྱུར་ལས། རྒྱུད་ ༼ཆ༽ པོད་དུ། དཔལ་དེ་བཞིན་གཤེགས་པ་ཐམས་པ། བསྟན་འགྱུར་ལས། རྒྱུད་ ༼ཉ༽ པོད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པ། རྒྱུད་ ༼ཏ༽ པོད་དུ། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་བསྡུས་པ་ཞེས་བྱ་བའི་རྗེས་འབྲང་པའི་སྒྲུབ་ཐབས་སློབ་དཔོན་ལྷའི་བརྟུལ་ཞུགས་ཞེས་བྱ་བས་མཛད་པ། དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ་སློབ་དཔོན་དྲི་མེད་གྲགས་པས་མཛད་པ། རྒྱུད་ ༼མ༽ པོད་དུ། གཉིས་ཀའི་བཤད་སྦྱར་ཞེས་བྱ་བ་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། རྒྱུད་ ༼ཝ༽ པོད་དུ། དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་ཞེས་བྱ་བ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ། རྒྱུད་ ༼ཟ༽ པོད་དུ། རང་བྱིན་གྱིས་བརླབས་པའི་མན་ངག་གི་སྒྲུབ་ཐབས་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གཞོན་ནུ་དཔལ་གྱི་ཞལ་སྔ་ནས་མཛད་པ། གསང་བ་རིན་ཆེན་ཡིད་བཞིན་གྱི་ནོར་བུ་སྙན་ནས་སྙན་དུ་བརྒྱུད་པ། པུ་ལླ་ཧ་རིའི་དགོན་པར་བསྒྱུར་བ། གསང་བ་རིན་པོ་ཆེ། བདུད་རྩི་འོད་ཟེར་ཅན། དཔལ་རྡོ་རྗེ་མཁའ་འགྲོ་ལུས་མེད་པའི་ཆོས་ཞེས་བྱ་བ་རྗེ་ལོ་པས་ནཱ་རོ་པ་ལ་གསུངས་པ། རྡོ་རྗེ་མཁའ་འགྲོ་མ་ལྟ་སྒོམ་སྤྱོད་གསུམ་གྱི་བརྡ་བསྟན་པ། དཔལ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་མཁའ་འགྲོའི་གསང་ཚིག་པུ་ལླ་ཧ་རིར་བསྒྱུར་བ། དཔལ་འཁོར་ལོ་སྡོམ་པ་ལ་བསྟོད་པ་ལ་སོགས་པའི་གཞུང་མང་པོ་བསྒྱུར་ཡོད་པ་བཅས་སོ།།

[1] རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༤

[2] རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༣

[3] རྗེ་བཙུན་མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༨

 

Leave a Reply

Your email address will not be published. Required fields are marked *