རྒྱ་གར་ནང་པའི་གཙུག་ལག་ཁང་ཆེན་པོ་ཤྲཱི་ནཱ་ལནྡཱའི་བྱུང་བ་མདོ་ཙམ་བརྗོད་པ།

(ལྡི་ལི་བོད་ཁང་ནས་དཔར་འགྲེམས་གནང་བའི་ཟ་མ་ཏོག་ལས་དྲངས་པ་ཡིན།) ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས།

མི་ལོ་སྟོང་ཕྲག་ཁ་ཤས་ཀྱི་ཡར་སྔོན་ཙམ་ནས་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་དཔལ་གྱི་མགུལ་ནས་ལེགས་པར་གསུངས་པའི་དམ་ཆོས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད་སྐབས་དང་དུས་ཀྱི་རྐྱེན་པས་དར་རྒུད་ཅི་རིགས་བྱུང་ཡང་ད་ལྟའི་བར་དུ་བྱམས་བརྩེའི་རླབས་རྒྱུན་དང་འགྲོགས་ཏེ་འཇིག་རྟེན་འདི་ཉིད་དུ་འཚེ་བ་མེད་པའི་ཞི་བདེའི་འོད་སྣང་གི་རྒྱུན་ཡལ་མ་མྱོང༌། འོད་སྣང་འདི་ཉིད་ཇི་སྲིད་གནས་པ་དེ་སྲིད་དུ་སྐྱེ་འགྲོའི་སེམས་ཁམས་ཞི་བདེ་དང་འཚེ་བ་མེད་པའི་ངང་ཚུལ་ལ་གནས་ཤིང་སེམས་ཁམས་བྱམས་པ་དང་བརྩེ་བའི་ཀུན་སློང་བཟང་པོས་མ་བཏང་བ་དེ་སྲིད་དུ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་སྦྱོར་བར་བྱེད།


ཁྱད་པར་དུ་ད་ལྟའི་རིག་གསར་དར་རྒྱས་ཀྱིས་འཇིག་རྟེན་ཧྲིལ་པོ་གས་འཐོར་དུ་འགྲོ་བའི་ཉེན་ཁའི་དུས་རབས་འདིར་བྱམས་བརྩེའི་རྩ་བ་ཅན་གྱི་ནང་ཆོས་ཀྱི་ཕན་རླབས་འཇིག་རྟེན་འདིའི་ཡང་རྩེ་རུ་འཕྱོ་བཞིན་པར་སེམས་ལྡན་ཀུན་གྱིས་དམིགས་བསལ་དོ་སྣང་ཆེན་པོ་བྱེད་བཞིན་པ་འདི་ཉིད་ལགས། ཕན་རླབས་ཀྱི་ཕ་མཐའ་བཟུང་དུ་མེད་པའི་དམ་ཆོས་བདུད་རྩིའི་རྒྱུན་བཟང་གི་ཟེགས་མ་འཛམ་གླིང་ཡུལ་གྲུ་སོ་སོར་བར་མེད་དུ་འཇོ་བའི་འགོ་ཁུངས་སམ་བསྟི་གནས་ལྟ་བུ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་གྲྭ་ཆེན་པོ་དཔལ་ནཱལནྡཱ་དང༌། བིཀྲམཤཱིལ། ཨོ་ཏཱནྟ་པུ་རི། རྡོ་འཇོག་གཙུག་ལག་སློབ་གཉེར་ཁང་སོགས་ཡིན་ལ། དེ་རྣམས་ཀྱི་ནང་ནས་ཀྱང་ནཱལནྡཱ་དང་བིཀྲམཤཱིལ་གཉིས་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་བའི་རྒྱལ་ཁབ་དང་ཡུལ་གྲུ་སོ་སོའི་ལོ་ཙཱ་བ་རྣམས་ཀྱིས་ཐོག་མར་སློབ་གཉེར་གནང་ཡུལ་གཙོ་བོ་ཡིན་ཞིང༌། ཐམས་ཅད་ཀྱི་བགོ་སྐལ་དུ་སོན་པའི་འཆད་ཉན་སྒོམ་སྒྲུབ་ཀྱི་གཞི་རྩའི་འབྱུང་ཁུངས་ཀྱང་ཡིན། དེར་བརྟེན་གཙུག་ལག་སློབ་གཉེར་ཁང་འདི་རྣམས་ཀྱི་ལོ་རྒྱུས་ཤེས་པ་ཤིན་ཏུ་གལ་ཆེ་ཞིང༌། ད་ལྟའི་བར་སློབ་གཉེར་ཁང་འདི་རྣམས་ཀྱི་ལོ་རྒྱུས་ཕྲན་བུ་རེ་ཆོས་འབྱུང་དང་ལམ་ཡིག །རྣམ་ཐར་སོགས་ན་ཐར་ཐོར་དུ་གནས་པ་ལས་ཕྱོགས་སྒྲིག་བྱས་ཏེ་བོད་ཡིག་ཐོག་ཐོན་པ་ཞིག་མ་མཐོང་བས། ད་ལམ་རང་མཉམ་གྲོགས་པོ་འགའ་ལ་ཕྲན་བུ་ཕན་དུ་རེ་སྟེ་ལོ་རྒྱུས་དང་ཆོས་འབྱུང་སོགས་ནས་གང་མཐོང་བ་དང་ཐོས་པ་རྣམས་ཕྱོགས་གཅིག་ཏུ་བཏུས་ནས་ཤྲཱི་ནཱལནྡཱའི་བྱུང་བ་མདོར་བསྡུས་ཤིག་འབྲི་འདུན་བྱུང༌།

༡༽ ཤྲཱིནཱལནྡཱ་ཞེས་པའི་མིང་ཐོག་ཚུལ།

འདི་ལ་ལོ་རྒྱུས་སྨྲ་བ་ལ་ལས་ནཱལནདཱ་ཞེས་འདམ་བུ་ཅན་དང༌། ཡང་ལ་ལས་ནཱརེན་ཞེས་མི་དབང་གི་དོན་དུའང་བརྗོད། ཁ་ཅིག་གིས་རིན་ཆེན་ནལ་གྱིས་ཁེབས་པའི་ས་ཡིན་པས་ནཱལནྡཱ་ཞེས་མིང་ཐོག་པར་བཞེད། རྒྱ་ནག་ཆོས་འབྱུང་དང་རྒྱ་ཡི་བཙུན་པ་ཐང་ཟན་ཙང་ཞོན་ཙང་གིས་ཤྲཱིནཱལནྡཱ་སྟེ་དཔལ་སྦྱིན་པས་མི་སྐྱོ་བའམ་སྦྱིན་པས་ངོམས་པ་མེད་པ་ཞེས་བཤད། དེ་ལྟར་ཐོགས་དོན་ནི། རྒྱ་གར་ཡུལ་དབུས་དང་མཐའ་བཞི་སྡེ་ལྔའི་རྒྱལ་པོ་རྣམས་དང་། སྟོབས་འབྱོར་ཆེ་བའི་སྦྱིན་བདག་དང་ཚོང་དཔོན་སོགས་ཀྱིས་སྟོབས་གཅིག་ཏུ་བསྒྲིལ་ཏེ་དགེ་འདུན་འདུས་པའི་སྡེ་ཆེན་པོར་གདུགས་ཚོད་སོགས་འཚོ་བའི་ཡོ་བྱད་དང་གནས་མལ་སྟོབས་པ་དང༌། རིས་ཀྱིས་མ་ཕྱེ་པའི་ཉམ་ཐག་ལྟོ་གོས་ཀྱིས་ཕོངས་པ་རྣམས་ལ་ལོ་ནས་ལོ་བསྟུད་ནས་ཟས་གོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་རྒྱུན་མ་ཆད་པར་སྩལ་བས་མིང་དེ་ལྟར་ཆགས་པར་བཤད་པ་ལྟར་ཡིན་པར་མངོན།

༢༽ གནས་གཞི་གང་ཡིན་ངོས་བཟུང་བ།

རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས1

སངས་རྒྱས་གསུང་རབ་དགྲ་བཅོམ་ཐུགས་མངའ་རྣམས། །

རྒྱལ་ཚབ་འོད་སྲུང་ཆེན་པོ་གཙོར་མཛད་པས། །

བཀའ་ཡི་བསྡུ་བ་དང་པོ་མཛད་པ་ཡི། །

སྙན་པས་སྲིད་རྩེར་ཁྱབ་པ་ལ་ཕྱག་འཚལ། །

དེ་ལྟར་རཱ་ཛ་དགྱེས་པའི་དགའ་ཚལ་ནས། །

གནོད་སྦྱིན་ཕྱོགས་སུ་ཉེ་བར་ཕྱིན་པ་ན། །

ཤྲཱི་ནཱ་ལེནྡྲ་ཞེས་བྱ་བ་ཡི། །

སྤྲུལ་པའི་ཆོས་སྡེ་ཆེན་པོ་ལ་ཕྱག་འཚལ། །

དེ་ལྟར་མིང་དུ་ཆགས་པའི་གཙུག་ལག་སློབ་གཉེར་ཁང་འདིའི་གཞི་ནི། སྔོན་སྟོན་པ་ཐུགས་རྗེ་ཅན་སྟོན་འཁོར་གྲོང་ཁྱེར་དུ་གཤེགས་པའི་ལམ་བར་ཁྱེའུ་གཉིས་ཀྱིས་བྱེ་མའི་ཕུང་པོས་ཁང་བུ་བཅོས་པའི་རྩེད་མོར་གཡེང་ནས་ཡོད་སྐབས་སྟོན་པ་མཇལ་ཏེ་དད་པས་ཀུན་ནས་བསླངས་ཏེ་ཁང་བུ་འཆོས་བྱེད་ཀྱི་བྱེ་མ་ཕུལ་བས། སྟོན་པས་ཁྱེའུ་འདི་གཉིས་མ་འོངས་པར་ང་མྱ་ངན་ལས་འདས་པའི་འོག་ཏུ་མྱ་ངན་མེད་ཅེས་བྱ་བའི་འཛམ་གླིང་ཁ་ལོ་བསྒྱུར་བའི་རྒྱལ་པོ་དང༌། དེའི་མདུན་ན་འདོན་དུ་སྐྱེ་བར་ལུང་བསྟན་པའི་གནས་དེ་ཉིད་ཡིན་ཞིང༌། ཕྱིས་སུ་ཚོང་པ་ལྔ་བརྒྱས་རིན་གྱིས་ཉོས་ཏེ་སྟོན་པ་ལ་ཕུལ་བའི་ཨ་མྲའི་ཚལ་ཆེན་པོ་དེ་ཡིན། འདི་ནི་ནང་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་སྟོན་པས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་གནས་སུའང་གྲགས། རྒྱ་གར་ཆོས་འབྱུང་སོགས་ན་སྟོན་པའི་ཉན་ཐོས་ཆེན་པོ་ཤཱ་རིའི་བུ་སྐུ་བལྟམས་པའི་གནས་དང་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་མྱ་ངན་ལས་འདས་པའི་གནས་ཀྱང་ཡིན་པར་བཤད། མདོ་ལས་ཀྱང་འཕགས་པ་ཤཱ་རིའི་བུ་ཡུལ་འདམ་བུ་སྦྱིན་བྱ་བའི་གནས་སུ་བྲམ་ཟེ་རྒྱལ་གྱི་སྲས་སུ་འཁྲུངས་པར་གསུངས། བཤད་པ་འདི་རང་རེའི་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་སོགས་ནའང་གྲགས་ཆེ། འོན་ཀྱང་ཐང་ཟན་ཙང་ཞོན་ཙང་གིས། ནཱལནྡཱའི་རྭ་བའི་ཕྱི་རོལ་གྱི་ཁང་བརྩེགས་དྲུག་ཅན་གྱི་སྟོན་པའི་སྐུ་བརྙན་བཞུགས་སའི་རྒྱབ་ལོག་ནས་རྒྱང་གྲགས་གཉིས་གསུམ་གྱི་ས་ན་བོང་ཚོད་ཤིན་ཏུ་ཆེ་བའི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བྱིན་རླབས་ཅན་དེ་བཞུགས་པའི་གཙང་ཁང་ཡོད་པ་དང༌། གཙང་ཁང་དེའི་ཕྱི་རོལ་ནས་ལྷོ་ནུབ་མཚམས་སུ་རྒྱང་གྲགས་དགུ་ཙམ་ཕྱིན་ན་ཀུ་རུ་ཀའི་ལྗོངས་ཏེ་འཕགས་པ་མོ་འགལ་གྱི་བུ་འཁྲུངས་པའི་གནས་སུ་རྒྱལ་པོ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་བཞུགས་ཤིང༌། དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་ཉི་ཤུ་ཙམ་ཕྱིན་ན་ཀ་མ་བི་ཀའི་ལྗོངས་ཏེ་འཕགས་པ་ཤཱ་རིའི་བུ་སྐུ་བལྟམས་སའི་གནས་སུ་ཡང་ཨ་ཤོ་ཀས་འཕགས་པའི་སྐུ་གདུང་བཞུགས་པའི་མཆོད་རྟེན་བཞེངས་ཡོད་པར་བཤད།

གང་ལྟར་ཡང་སྟོན་པ་ཞལ་བཞུགས་པའི་དུས་སུ་ལྷ་དང་མིའི་རིགས་ཀྱི་འགྲོ་བ་མང་པོར་ཟླ་བ་བཞིའི་རིང་དམ་ཆོས་གསུངས་ཏེ་འཁོར་སྟོང་ཕྲག་མང་པོས་བདེན་པ་མཐོང་བའི་གནས་དང༌། ཕྱི་རོལ་པའི་དྲང་སྲོང་རྣམས་ཀྱིས་སྟོན་པར་ཚོད་བགམ་པའི་དྲི་བ་ཕུལ་བར་ལན་གྱིས་བཏུལ་བ། སྐོམ་པ་དང་ཚད་པས་གདུང་བའི་དེད་དཔོན་འཁོར་བཅས་སྟོན་པའི་མདུན་དུ་བརྒྱུགས་ཏེ་སྐྱབས་བཅོལ་བས་སྟོན་པས་མདུན་གྱི་སར་ཕྱག་མཛུབ་གཏད་པ་ཙམ་གྱིས་དྭངས་གཙང་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཡུར་གྱིས་བྱུང་བར་ཐམས་ཅད་ཀྱིས་འཐུང་ཞིང་ཁྲུས་ལ་རོལ་བའི་ཤུལ། སྟོན་པའི་ཚེམས་ཤིང་དོར་བ་ལས་སྲིད་ན་དཀོན་པའི་ལྗོན་ཤིང་ངོ་མཚར་ཅན་སོགས་བཞུགས་པའི་གནས་ཁྱད་པར་ཅན་དེ་ནི་སློབ་གཉེར་ཁང་ཆེན་པོ་འདི་ཉིད་ཕྱག་བཏབ་པའི་གནས་གཞི་ཡིན་ལ། བྷི་ཧར་ཞིང་ཆེན་གྱི་ལྟེ་གནས་པཊཎ་ (Patna) གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་སྤྱི་ལེ་ (94 km) ཙམ་དང་གནས་མཆོག་རྡོ་རྗེ་གདན་ནས་བྱང་ཤར་མཚམས་ཀྱི་སྤྱི་ལེ་ (80 km) ཙམ་ན་རཇིགར་སྟེ་རྒྱལ་པོའི་ཁབ་དང་དེ་ནས་སྤྱི་ལེ་ (20 km) ཙམ་གྱི་ས་ན་ཡོད་ཅིང༌། དེང་སང་ཡང་ནཱལནྡཱ་ (Nalanda) ཞེས་བརྗོད་ན་མི་གོ་བ་མེད།

༣༽ ཕྱག་འདེབས་པའི་དུས་དང་འདེབས་པ་པོ།

དེ་ལྟ་བུའི་གཞི་དེར་དུས་ནམ་ཞིག་ལ་ཕྱག་བཏབ་པ་ཡིན་གསལ་ཁ་མ་མཐོང་ཡང་ལོ་རྒྱུས་དང་བྱུང་རབས་མང་པོ་ཞིག་གུང་བསྒྲིགས་ཏེ་བལྟས་ན་སྟོན་པ་འདས་རྗེས་ཀྱི་ལོ་བརྒྱ་ཕྲག་གཉིས་པའི་ནང་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་སྨད་ཙམ་ན་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་དབུ་བརྙེས་པ་ཡིན་ཞིང༌། སྔོན་ཨཤོཀའི་སྐྱེ་བ་སྔ་མ་ཚོང་དཔོན་གྱི་བུས་སྟོན་པར་དད་པས་བྱེ་མ་ཕུལ་བར་སྟོན་པས་ཁྱེའུ་དེ་སྐྱེ་བ་ཕྱི་མ་ཨཤོཀར་སྐྱེ་བར་ལུང་བསྟན་པའི་གནས་དེར་ཨཤོཀས་དེ་བཞིན་གཤེགས་པའི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་བཞེངས་ཤིང་དེའི་ལོགས་སུ་སྟོན་པའི་སྐུ་བརྙན་བཞུགས་པའི་གཙུག་ལག་ཁང་ཞིག་ཀྱང་བརྩིགས། དེར་དགྲ་བཅོམ་གྲགས་པས་ངག་བཀོད་གནང་བ་ལྟར་ཆོས་གཞིས་རྒྱ་ཆེན་པོ་བཙུགས་ཏེ་གཉུག་མར་གནས་པ་དང༌། གློ་བུར་དུ་ལྷགས་པའི་དགེ་འདུན་པ་རྣམས་ལ་འཚོ་བའི་ཡོ་བྱད་སྦྱར་ནས་འཆད་ཉན་གྱི་སྡེ་ཐོག་མར་བཙུགས། རིམ་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་དགེ་འདུན་རྣམས་སྤྱན་དྲངས། འཚོ་བའི་མཐུན་རྐྱེན་སོགས་ཕོངས་མེད་དུ་སྦྱར། ཉམ་ཐག་དབུལ་ཞིང་ཕོངས་པའི་ཚོགས་ཐམས་ཅད་སྦྱིན་པས་ཚིམ་པར་བྱས་པས་སྙན་པའི་གྲགས་པ་མཐའ་དབུས་ཀུན་ཏུ་འབར། ལོ་ལྟར་དབྱར་ཟླ་བ་གསུམ་གྱི་རིང་ལ་ཕྱོགས་ཐམས་ཅད་ཀྱི་སྦྱིན་པ་ལ་དགའ་བ་དང་དགེ་འདུན་གྱི་སྡེ་ལ་དད་པའི་རྒྱལ་པོ་རྣམས་འདིར་འདུས་ཏེ་མཆོད་འབུལ་དང་སྦྱིན་པའི་བྱ་བར་ཞུགས་ཏེ་སྦྱིན་པ་གཏོང་བའི་ལྟེ་གནས་སུ་གྱུར། བསླབ་པར་བརྩོན་པའི་དགེ་འདུན་རྣམས་ཀྱང་རིམ་གྱིས་ཕྱོགས་འདིར་འདུས་ཏེ་དགེ་འདུན་གྱི་སྡེ་ཡང་མཐའ་མེད་དུ་འཕེལ། ཐང་ཟན་ཙང་ཞོན་ཙང་གི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ན་རྒྱལ་པོ་ལོ་ཀཱ་ཏི་རྒྱ་ལོཀཱདིཏསྟེ་འཇིག་རྟེན་ཉི་མ་ཞེས་པའི་ཐེག་པ་གཅིག་པུ་བ་དཀོན་མཆོག་ལ་དད་མོས་ཆེ་བ་དེས། ཐེག་པ་ཆེན་པོའི་བསྟན་པ་ཡུན་རིང་པོར་འཛིན་སྐྱོང་གི་གནས་གཞི་བཟང་པོ་ཞིག་རྙེད་ན། དེར་དགེ་འདུན་གྱི་ཆོས་གྲྭ་ཞིག་འཛུགས་པར་འདོད་དེ་ཕྱོགས་དང་རིས་སུ་མ་ཆད་པའི་ས་དཔྱད་མཁན་རྣམས་ལ་བཅོལ། ས་དཔྱད་ཀྱི་ལས་ལ་ཤིན་ཏུ་མཁས་པའི་གྲངས་ཅན་གྱི་གྲུབ་མཐའ་འཛིན་པ་ཞིག་གིས་གནས་འདི་རྙེད། གནས་འདིར་དགོན་པ་ཞིག་བཏབ་ན་དགེ་འདུན་ཐམས་ཅད་ཐུགས་མཐུན་ཞིང་བསླབ་སྦྱང་མཁས་པར་གྱུར་པ་མ་ཟད། དགེ་འདུན་གྱི་སྡེ་འཕེལ་ཞིང་འཚོ་བས་མི་ཕོངས་པར་དུས་རྒྱུན་དུ་སྦྱིན་བདག་བཟང་པོ་རྒྱུན་མི་འཆད་དུ་འབྱུང་བར་ཤེས་ནས་རྒྱལ་པོ་ལ་ཚུལ་བཞིན་ཞུས་པས། ཆོས་རྒྱལ་དེས་གཙུག་ལག་ཁང་ཐོག་མར་བཞེངས་པར་བཤད། བུ་སྟོན་ཐམས་ཅད་མཁྱེན་པ་དང་དཔའ་བོ་གཙུག་ལག་ཕྲེང་བས་པཱ་ལའི་རྒྱལ་པོ་ཐོག་མ་གཽ་པཱ་ལས་བརྩིགས་པར་གསུངས་ཀྱང༌། དེ་ནི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དང་ནོར་བའམ་ཡང་ན་ནཱལནྡཱར་ཆོས་གཞིས་གསར་པ་རེ་ཕུལ་བ་ལ་གོ་ན་ལས་གཞན་དུ་དུས་ཚིགས་ཀྱིས་བར་ཁྱད་ཆེ་བས་འགྲིགས་དཀའ། ལོ་རྒྱུས་ཁུངས་མ་མང་པོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དགུང་ལོ་བདུན་གྱི་ཚེ་སྐུ་གེགས་བཟློག་ཐབས་མེད་པར་ལུང་བསྟན་པས་ཡབ་ཡུམ་གྱིས་གཅེས་པའི་བུ་ཤི་བའི་ཕུང་པོ་མཐོང་མ་བཟོད་པར་གྲོགས་བྲམ་ཟེའི་བུ་དང་ཞལ་ཏ་བ་མང་པོ་ལྗོངས་རྒྱུ་བར་བཏང་བ་ནཱལནྡཱའི་གཙུག་ལག་ཁང་གི་སྒོ་དྲུང་དུ་སླེབས་ཏེ་སྙན་ངག་གྱེར་བའི་ཚེ་འཕགས་པ་སྒྲ་གཅན་འཛིན་མཇལ་ཞིང་ཕྱིས་སུ་དེས་མཁན་པོ་གནང་སྟེ་བསྙེན་པར་རྫོགས་པར་བཤད་པ་དང་འགལ་ཞིང༌། ལོ་སྟོང་ཕྲག་ཙམ་གྱི་བར་ཐག་རྒྱུགས་པས་དོགས་པའི་གནས་ཙམ་ཡང་མེད་དོ།།

ལ་ལས་ཨོ་ཏནྟ་པུ་རིའི་ཉེ་འཁོར་ན་ནཱལནྡཱ་གཞན་ཞིག་ཡོད་པ་དེ་ཡིན་པར་བཤད་ཀྱང་ད་ལྟའི་བར་ཨོ་ཏནྟ་པུ་རི་དང་ཤྲཱིནཱལནྡཱ་གཉིས་ཀྱི་བར་ན་ནཱལནྡཱ་གཉིས་པ་ཞིག་ཡོད་པའི་ལོ་རྒྱུས་ཁུངས་མ་ཞིག་མ་མཐོང༌། གོང་གི་རྒྱའི་བཙུན་པས་གསུངས་པའི་རྒྱལ་པོ་འཇིག་རྟེན་ཉི་མ་དུས་ནམ་ཞིག་ལ་བྱུང་མིན་མ་ཤེས་ཀྱང་ཁོང་གི་ལམ་ཡིག་ནང༌། གཙུག་ལག་སློབ་གཉེར་ཁང་འདི་ལོ་སྟོང་ཙམ་སོང་ཡང་དགེ་འདུན་གྱི་སྡེ་དང་ལོངས་སྤྱོད་འཕེལ་རྒྱས་ལས། འགྲིབ་རྒུད་ཙམ་ཡང་བྱུང་མ་མྱོང་ཞེས་གསུངས་པར་དཔག་ན་ཡང་གོང་གི་ལོ་དེ་ཙམ་དུ་བཞེངས་པར་འདོད་དེ། བཙུན་པ་རྒྱ་གར་དུ་བྱོན་པའི་དུས་ནི་སྤྱི་ལོ་ ༦༢༩ ནས་ ༦༤༥ བར་ཡིན་ཞིང༌། དེ་ནས་བརྩིས་ནའང་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་དང་མི་འགྲིགས་པ་མེད་དོ།།

༤༽ འཕེལ་རིམ་དང་ཁྱབ་ཚད།

དེ་ལྟར་ཆོས་རྒྱལ་མྱ་ངན་མེད་ཀྱིས་གཙུག་ལག་ཁང་འདི་ཐོག་མར་བརྩིགས་ནས་ཕྱོགས་དང་རིས་སུ་མ་ཆད་པའི་བསླབ་པར་བརྩོན་པའི་དགེ་འདུན་པ་རྣམས་ལ་འཚོ་བའི་ཡོ་བྱད་ཕུལ་ཏེ་བསྙེན་བཀུར་བསྟབས། དགེ་འདུན་གྱི་འདུ་ལོང་རྒྱས་ཤིང་བསླབ་སྦྱང་ལ་བརྩོན་པའི་དགེ་འདུན་ཤིན་ཏུ་རྒྱས་པས་རྒྱ་གར་གྱི་ཕྱོགས་བཞི་དང་དབུས་བཅས་དགེ་འདུན་ལ་དད་པའི་རྒྱལ་པོ་རྣམས་ཀྱིས་ཀྱང་གཙུག་ལག་ཁང་རེ་བཞེངས་ཏེ་ཆོས་གཞིས་མང་པོ་བཙུགས། དེའི་རྗེས་སུ་མྱ་ངན་མེད་ཀྱི་ཚ་བོ་མྱ་ངན་བྲལ་གྱི་རིང་ལ་ཕྱོགས་ཐམས་ཅད་ཀྱི་དགེ་འདུན་རྣམས་བསྡུས་ཏེ་དགེ་འདུན་བརྒྱད་ཁྲི་ཙམ་ལ་ལོ་གསུམ་ཙམ་རིང་འཚོ་བ་སྦྱར། སློང་མོ་བའི་ཚོགས་ཐམས་ཅད་ཀྱང་ཚིམ་པར་བྱས་ཏེ་དགོན་འདི་རྒྱ་ཆེར་བསྐྱེད། འདིའི་སྐབས་ཙམ་ན་རྒྱལ་པོ་ཀནིཥས་ཀྱང་ནཱལནྡཱར་ཆོས་གཞིས་མང་དུ་བཙུགས་ཤིང་དགེ་འདུན་ལ་འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་སྦྱར། རྒྱུན་ལྡན་བསླབ་སྦྱོང་ལ་བརྩོན་པའི་དགེ་འདུན་ལྔ་སྟོང་ཙམ་བཞུགས་པར་བཤད། དེ་དུས་སྤྱིར་ཐེག་པ་ཆེ་ཆུང་གི་སྡེ་སྣོད་རྣམས་ལ་འཆད་ཉན་སྒོམ་སྒྲུབ་བྱེད་པ་ཙམ་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས། རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་སོགས་སྡེ་ཚན་སོ་སོར་དབྱེ་སྟེ་སྦྱང་པའི་སྲོལ་ཆེར་མེད་པ་མ་ཟད། བསླབ་སྦྱང་མཐར་སོན་པ་རྣམས་ལའང་དམིགས་བསལ་ཐོབ་ཐང་གི་རིམ་པ་སོགས་གནང་སྲོལ་ཀྱང་མེད། འོན་ཀྱང་དེ་ནས་སློབ་སྦྱོང་གནང་བའི་མཁས་པ་རྣམས་ལ་ཡུལ་གྱི་རྒྱལ་པོ་དང་མཐའ་དབུས་ཀྱི་རྒྱལ་ཕྲན་སོགས་ནས་དམིགས་བསལ་བརྩི་མཐོང་དང་གདེང་འཇོག་ཤིན་ཏུ་ཆེ་བར་གྲགས།

འཕགས་པ་སྒྲ་གཅན་འཛིན་བཟང་པོ་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱི་སྐུ་རིང་ལ་ཐེག་པ་ཆེན་པོའི་སྡེ་སྣོད་འཆད་ཉན་དང་སྒོམ་སྒྲུབ་ཤིན་ཏུ་དར་རྒྱས་སུ་ཕྱིན། ཁྱད་པར་དུ་གསང་བ་སྔགས་ཀྱི་རྒྱུད་སྡེ་ལ་འཆད་ཉན་གྱི་རྒྱུན་དབྱར་མཚོ་བཞིན་འཕེལ་ཞིང་རྒྱས་པ་བྱུང༌། དེ་ལྟར་དཔལ་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་འདི་ཐོག་མར་ཆོས་རྒྱལ་མྱ་ངན་མེད་ཀྱིས་བརྩིགས། ཐེག་པ་ཆེན་པོའི་སློབ་དཔོན་ལྔ་བརྒྱ། གཞན་ཡང་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྐུ་མཆེད་སོགས་ཀྱིས་རྒྱས་པར་མཛད། སྒྲ་གཅན་འཛིན་བཟང་པོ་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ། དེའི་སློབ་མ་ཨརྱ་དེ་ཝ། དེའི་སློབ་མ་འཕགས་པ་མ་ཁོལ། སྒྲ་གཅན་འཛིན་བཟང་པོ་ཆུང་བ་སོགས་ཀྱིས་ཤིན་ཏུ་རྒྱས་པར་བྱས། དུས་སྐབས་འདི་ཙམ་ནས་སློབ་གཉེར་བའི་འཛིན་རིམ་ཁག་བགོས་ཀྱིས་མཐར་ཕྱིན་སློབ་མ་རྣམས་ཀྱི་སྦྱང་འབྲས་ལ་གཞིགས་ཏེ་གཟིགས་གསོལ་གནང་བ་སོགས་ཚད་ལྡན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཞིག་གི་རྣམ་པར་བསྒྱུར་ཞིང༌། པཎྜི་ཏ་རྣམས་ལ་ཡང་མཁས་ཁྱད་ལ་གཞིགས་ཏེ་གོ་སའི་ཆོ་ལོ་ཡུལ་གྱི་རྒྱལ་པོའམ་གཞུང་ཕྱོགས་ནས་གནང་བའི་མགོ་ཚུགས། དུས་རབས་གཉིས་པའི་ནང་ཙམ་ནས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སློབ་གཉེར་བ་མང་དུ་འདུས། རྒྱལ་ཁབ་ཕན་ཚུན་གཞུང་འབྲེལ་སློབ་མ་གཏོང་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་གྱུར། སྙན་པའི་གྲགས་པས་རྒྱལ་ཁབ་ཕྱི་ནང་གང་སར་ཁྱབ་སྟེ་ལེ་བར་ཁྲི་ཕྲག་མང་པོའི་ས་ནས་ཕེབས་པའི་དོན་གཉེར་ཅན་གྱི་སློབ་མ་ཉིན་བཞིན་ཇེ་མང་དུ་སོང༌། ལོ་རྒྱུས་ཐོག་རྒྱལ་ཁབ་ཕན་ཚུན་གཞུང་འབྲེལ་སློབ་མ་བསྡུ་ལེན་བྱ་སའི་སློབ་གྲྭ་ཆེས་ཐོག་མ་དེ་ཡིན་པར་ཡང་བཤད། དུས་རབས་བདུན་པ་ཙམ་ན་ལི་ཡུལ་དང༌། རྒྱ་ནག །བོད། སིངྒ་ལ། ཐའེ་ལན། བལ་པོ། འབར་མ། འཇའ་པན། ཝི་ཏི་ནམ། ཀོ་རི་ཡ་སོགས་རྒྱལ་ཁབ་དང་ཡུལ་གྲུ་འདྲ་མིན་དྲུག་ཅུ་ཙམ་གྱི་སློབ་གཉེར་བ་ཡོད་པར་གྲགས།

དེ་ནས་དུས་རབས་བཅུ་གསུམ་པའི་མགོ་སྟོད་ཙམ་གྱི་བར་དུ་དངོས་ཞུགས་སློབ་གཉེར་བ་དགེ་འདུན་ཆིག་ཁྲི་ནས་ཉིས་ཁྲིའི་བར་རྒྱུན་དུ་བཞུགས་ཤིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཐམས་ཅད་ལ་མཁས་པའི་དགེ་རྒན་པཎྜི་ཏའི་པ་ཏྲ་ཅན་གཅིག་སྟོང་ལྔ་བརྒྱ་ཙམ་ཡོད་ལ། ལོ་རེ་རེར་ཡང་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་སྦྱང་ཟིན་པའི་སློབ་མ་ལྔ་བརྒྱ་ནས་གཅིག་སྟོང་གི་བར་ཐོན་གྱི་ཡོད། དེ་ལྟ་བུའི་ནང་པའི་གཙུག་ལག་སློབ་གཉེར་ཁང་འདིའི་འཕྲིན་ལས་ཀྱིས་རྒྱ་གར་གཙོ་བོར་གྱུར་པའི་ནང་ཆོས་དར་བའི་རྒྱལ་ཁབ་དང་ཡུལ་གྲུ་ཐམས་ཅད་ལ་མ་ཁྱབ་པ་མེད་ཅིང་འཛམ་གླིང་གི་ཡུལ་གྲུ་གང་སར་ནང་ཆོས་དར་ཁྱབ་ཆེན་པོ་བྱུང་བ་ནི་ཡུལ་གྲུ་སོ་སོའི་ཆོས་འབྱུང་ན་གསལ་བ་ལྟར་རོ།།

དེས་ན་སློབ་གཉེར་ཁང་འདི་ཉིད་ནང་པ་སངས་རྒྱས་པའི་གསུང་རབ་ཉམས་ཞིབ་ཁང་ཆེ་ཤོས་དང་ལྟེ་བ་དེ་ཡིན་ཞིང་ཕྱིས་ཀྱི་ཡུལ་གྲུ་སོ་སོར་དམ་པའི་ཆོས་དར་བའི་མགོ་ཁུངས་ལྟ་བུའང་ཡིན། འདིར་ཕྱི་ནང་ཐམས་ཅད་ཀྱི་རིག་པའི་གནས་གང་ལ་ཡང་སྦྱང་དུ་ཡོད་ཀྱང་གཙུག་ལག་སློབ་གཉེར་ཁང་འདིར་ཞུགས་པའི་སློབ་གཉེར་བའི་གྲལ་དུ་ཕྱི་རོལ་པ་སོགས་འཛུལ་ཞུགས་བྱ་ས་མེད། ལ་ལས་སློབ་གཉེར་བ་ཕྱི་རོལ་པ་ཡོད་པའི་ཁུངས་ལ་འདིར་ཕྱི་ནང་གཉིས་ཀའི་རིག་པའི་གནས་སྦྱང་དུ་ཡོད་པ་དང༌། དཔལ་ལྡན་ཟླ་བའི་རྣམ་ཐར་ན་དཔལ་ལྡན་ཟླ་བ་གྲགས་པས་རྡོ་ཡི་སེངྒེ་ལ་བརྟེན་ནས་དུ་རུ་ཀའི་དམག་བཟློག་སྐབས། དཔལ་ལྡན་ཟླ་བས་ནང་པ་རྣམས་ཀྱི་དཀོན་མཆོག་ལ་གསོལ་བ་ཐོབས། ཕྱི་རོལ་པ་རྣམས་ཀྱིས་རང་རང་གི་ལྷ་དབང་ཕྱུག་སོགས་ལ་གསོལ་བ་ཐོབས་ཞེས་གསུངས་ནས་རྡོའི་སེངྒེའི་མགོ་ལ་དབྱུག་པས་ལན་གསུམ་བསྣུན་པས་དམག་རྣམས་བཟློག་སྟེ་ནཱལནྡཱ་དམག་གི་ཉེན་ཁ་ལས་གྲོལ་བར་གསལ་བས་ཀྱང་ཤེས་ཞེས་ཟེར། དེ་རྒྱུ་མཚན་དུ་འགྲོ་དཀའ་ཞིང་ཟླ་བའི་རྣམ་ཐར་ན་དཔལ་ལྡན་ཟླ་བས་དང་པོ་སློབ་གཉེར་སོགས་ལ་མི་བརྩོན་པའི་རྣམ་པ་ལྟ་བུར་བཞུགས་པའི་ཚེ་ནཱལནྡཱའི་དགེ་འདུན་རྣམས་ཀྱིས་འདི་སྔར་མུ་སྟེགས་པའི་གྲུབ་མཐར་ཤིན་ཏུ་སྦྱངས་པ་ཞིག་ཡིན་ན་ད་དུང་ཡང་མུ་སྟེགས་པའི་ལྟ་བ་དོར་མེད་པ་འདྲ་སྟེ་ནང་པའི་གསུང་རབ་ལ་ཐོས་བསམ་བྱེད་ཀྱི་མི་འདུག་པས་གནས་ནས་དབྱུང་བར་བགྲོས་པ་མཁན་པོ་ཟླ་བ་མགོན་པོས་མཁྱེན་ནས་དཔལ་ལྡན་ཟླ་བ་དགེ་འདུན་གྱི་ཞལ་ཏ་བར་བསྐོས་པར་བཤད་པས་ཀྱང་ཕྱི་རོལ་པ་འཛུལ་ཞུགས་བྱས་ཆོག་གི་མེད་པ་གོ་ནུས། གཞན་ཡང་ཐང་ཟན་ཙང་ཞོན་ཙང་གི་ལམ་ཡིག་ཏུ། བརྒྱ་ལམ་ན་མ་དད་པ་དང་ཀུན་སྤྱོད་མི་གཙང་བ། ལེ་ལོ་ཆེ་བ་འགའ་ཞིག་བྱུང་ན། དེའི་གྲིབ་མ་ལ་ཆད་པ་བཅད་དེ་ངོ་ཚ་བར་བྱེད་སོགས་གསུངས་པས་མ་དད་པ་དང་ལྟ་བ་མི་གཙང་བ་སོགས་ལ་ཆད་པའི་ལས་ཀྱིས་ཚར་གཅོད་ཀྱི་ཡོད་ན། ཕྱི་རོལ་པ་ཞིག་རང་དགར་སྡོད་དུ་མེད་ཅིང༌། ཕྱི་རོལ་པ་རྣམས་ཀྱང་སློབ་གྲྭ་དེར་ཞུགས་ཆོག་གི་ཡོད་ན་མ་དད་པ་སོགས་ལ་ཆད་པའི་ལས་གཅོད་དོན་མེད། དེས་ན་སློབ་གཉེར་ཁང་འདི་ནི་ལྟ་སྤྱོད་གཙང་ཞིང་གཞི་རྒྱ་ཆེ་བའི་ནང་པ་ཁེ་གཙང་གི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞིག་ཡིན་པ་ཤེས་དགོས།

འདིའི་རྒྱ་ཁྱོན་ཅི་ཙམ་ཡོད་མེད་སྔོན་གྱི་ཆོས་འབྱུང་དང་ལོ་རྒྱུས་སོགས་ནས་གསལ་ཆ་མ་མཐོང་ཞིང་རྒྱ་ནག་ཆོས་འབྱུང་དུ། འཛམ་གླིང་ན་འདི་ལས་ཆེ་བ་དང༌། འདི་ལས་བཟོ་བཀོད་ལེགས་པའི་ལྷ་ཁང་མེད་པར་གྲགས་ཞེས་དང༌། སྒོ་ཁང་རིམ་པ་བཞིར་བརྩེགས་པ་དཔངས་སུ་འདོམ་བཅུ་བཞི། རྭ་བའི་འཐུག་ཚད་ཁྲུ་དྲུག་དང་དཔངས་སུ་འདོམ་བཅུ་སོགས་གསུང་པ་ཙམ་ལས་དགོན་པ་སྤྱིའི་རྒྱ་ཁྱོན་དང་རྭ་བར་ཤོང་ཚད་སོགས་མ་གསུངས། ཕྱིས་ཀྱི་གནའ་ཤུལ་འཚོལ་ཞིབ་པས་རིག་གསར་གྱི་ལམ་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟར་ན། མཐའ་སྐོར་གྱི་བསམ་གཏན་ཁང་བུ་རྣམས་མ་ཐེ་བར་གཙུག་ལག་ཁང་དང་དྲི་གཙང་ཁང་གི་ཤུལ་རྙེད་སོན་བྱུང་བ་གཅིག་པུར་མི་ཊར་གྲུ་བཞི་མ་ཁྲི་བརྒྱ་ལྷག་ཙམ་དང་མཐའ་སྐོར་ན་བསམ་གཏན་ཁང་བུ་སུམ་བརྒྱ་ཙམ་གྱི་ཤུལ་རྙེད་ཡོད་པར་བཤད་དོ།།

༥༽ སློབ་ཚན་དང་སྒྲིག་འཛུགས།

སློབ་གཉེར་ཁང་འདིར་ཐུན་མོང་མ་ཡིན་པའི་རིག་གནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དང༌། ཐུན་མོང་བ་བཟོ་དང༌། གསོ་བ། སྒྲ། ཚད་མ། མངོན་བརྗོད། ཟློས་གར་དང་སྐར་རྩིས་ལ་སོགས་པའི་གནས་ཐམས་ཅད་དང༌། གཞན་ཡང་ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་དང༌། བྲམ་ཟེའི་གསང་ཚིག་སོགས་ཀྱང་བསླབ་ཏུ་ཡོད་པར་གྲགས། ནང་གསེས་ཀྱི་འཛིན་གྲྭའམ་གྲྭ་ཚང་ལྟ་བུ་ལྔ་ཡོད་པ་སྟེ་ཐུན་མོང་རིག་གནས་ཚན་ཁག་དང༌། འདུལ་བ། མདོ་སྡེ། མངོན་པ། བསམ་གཏན་སྒྲུབ་པའི་སྡེ་རྣམས་ཡིན་ལ། དེ་རེ་ལ་ནང་ཚན་འཛིན་རིམ་ཅི་ཡོད་མ་ཤེས་ཀྱང༌། ཐུན་མོང་རིག་གནས་འཛིན་རིམ་སྟེ་སྔོན་འགྲོའི་འཛིན་གྲྭ་ནས་རིགས་གཅིག་རྐང་འཛིན་དང་། ཞིབ་འཇུག་སློབ་མའི་བར་རིམ་བགྲོད་བྱས་ཏེ་མཐར་པཎྜི་ཏའི་བར་ཐོན་དགོས་ཤིང༌། པཎྜི་ཏ་ལ་ཡང་མཁས་ཁྱད་ལ་གཞིགས་པའི་གོ་ས་རིམ་འཕར་གྱིས་ལྷ་འབངས་ལྗོངས་གསུམ་ནས་བཅུའི་བར་དབྱེ་བ་ཡོད། དེ་ཐམས་ཅད་རྒྱལ་པོའམ་གཞུང་ནས་གནང་གི་ཡོད་པ་དང་ནཱལནྡཱ་དང་བིཀྲམཤཱིལའི་པཎྜི་ཏའི་པ་ཏྲ་ཐོབ་མཁན་ལ་ཕྱི་ནང་ཐམས་ཅད་ཀྱི་གདེང་འཇོག་མཐོན་པོ་བྱེད་ཅིང་། ཡུལ་ཕྱོགས་གང་དུ་བྱོན་ནའང་ཡུལ་གྱི་རྒྱལ་པོ་དང་མི་དམངས་རྣམས་ཀྱིས་མཆོག་ཏུ་བཀུར། ཐང་ཟན་ཙང་ཞོན་ཙང་རྒྱ་གར་དུ་ཕེབས་སྐབས་ནཱལནྡཱར་གོ་ས་ཅན་གྱི་པཎྜི་ཏ་སུམ་བརྒྱ་ལྷག་ཡོད་པར་བཤད། ཞིབ་འཇུག་སློབ་མཐར་ཕྱིན་སྐབས་རང་ཉིད་ཀྱིས་གང་དུ་རིགས་གཅིག་རྐང་འཛིན་བྱས་པའི་གཞུང་ལས་བརྩམས་ཏེ་བསྟན་བཅོས་རེ་རྩོམ་དགོས་ཤིང༌། དེ་ཉིད་པཎྜི་ཏ་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་བསྡུར་གནང་སྟེ་ཚིག་དོན་གཉིས་ཀར་བརྟག་དཔྱད་ནན་མོ་བྱས་ཤིང་སྐྱོན་མེད་དུ་གྲུབ་ཚེ་སྤུས་ཚད་ལ་གཞིགས་པའི་ཨང་རིམ་སྤྲོད་ཀྱི་ཡོད་པ་དང༌། གལ་ཏེ་ཚིག་དོན་གང་རུང་གི་ཆ་ནས་སྐྱོན་ཆགས་པའམ་དུས་རབས་དེའི་མི་རྣམས་ཀྱི་ཤེས་ཚད་དང་མ་འཚམ་པ། ཡང་ན་ཧ་ཅང་ཚིག་བརླིང་ཆེ་བ་སོགས་ཀྱིས་གོ་མ་ཐུབ་པ་བྱུང་ནའང་བསྟན་བཅོས་ཀྱི་སྐྱོན་དུ་བརྩི་བར་གྲགས། དེ་ལྟ་བུའི་བསྟན་བཅོས་སྐྱོན་ཅན་དུ་ངོས་འཛིན་བྱུང་ཚེ་ཁྱིའི་རྔ་མར་འདོགས་པའི་ལུགས་སྲོལ་ཞིག་ཀྱང་ཡོད། བཤད་སྲོལ་ལྟར་ན་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ཀྱང་ལ་ལས་དོན་མ་གོ་ལ་ལས་དོན་གོ་ཡང་ཕྲག་དོག་གི་དབང་གིས་ཁྱིའི་རྔ་མར་བཏགས་པས་མ་འོངས་པར་བསྟན་བཅོས་ཀྱི་འཕྲིན་ལས་མཐའ་མེད་དུ་འཕེལ་བའི་རྟེན་འབྲེལ་འགྲིག་པར་བཤད། ཁྱིའི་རྔ་མར་བཏགས་ཡོད་མེད་མི་ཤེས་མོད། ཚད་མ་རྣམ་འགྲེལ་དང་པོ་རྩོམ་སྐབས་དོན་མ་གོ་བ་དང་ཕྲག་དོག་དབང་གིས་མཐོང་ཆེན་བྱས་མེད་པ་བསྟན་བཅོས་ཀྱི་དགོས་འབྲེལ་ངག་གི་ཚིག་ཟུར་ལས་དཔག་ཐུབ། མདོར་ན་གསར་ཞུགས་ནས་གནས་བརྟན་རྒན་རབས་བར་ཐམས་ཅད་ཀྱིས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ཁོ་ནས་དུས་འདའ་ཞིང༌། སྦྱིན་བདག་དང་རྒྱལ་པོའི་སྐུ་རིམ་དུ་དགེ་འདུན་སུམ་ཅུ་བཞི་བཅུ་ཙམ་རེས་དབུས་ཀྱི་སྟོན་པའི་སྐུ་བརྙན་བཞུགས་པའི་གཙང་ཁང་དུ་ཚོགས་ནས་སྒྲུབ་པ་ལས་གཞན་དགེ་འདུན་རྣམས་ཀྱིས་ཉིན་ལྟར་གཞུང་སྒེར་གྱི་ཞབས་རིམ་ཆེད་རྔ་རྡུང་སྦུབ་དཀྲོལ་གྱིས་གཏོར་འབུལ་འཕྲིན་བསྐུལ་སོགས་ལ་འབད་པའི་སྲོལ་མེད། ལར་དེང་སང་མང་ཆེ་བས་དགེ་འདུན་པ་ནི་འཚོགས་ཚོགས་ཏེ་ཞབས་རིམ་སྒྲུབ་མཁན་ཡིན་གྱི། དགེ་འདུན་པས་མ་བསྒྲུབ་ན་སུས་བསྒྲུབ་ཅེས་དགེ་འདུན་པ་རྣམས་ཚོགས་འཚོགས་མཁན་ལྟ་བུར་ལྟ་ཞིང༌། དགོན་སྡེ་ཁག་གི་དགེ་བསྐོས་རྣམས་ཀྱིས་ཀྱང་ཚོགས་ལ་དོ་དམ་ཅི་ཙམ་ཐུབ་པ་དེ་ཙམ་གྱིས་སྒྲིག་འཛུགས་ཡག་པོ་སྡོམ་ཐུབ་པར་ངོས་འཛིན་བྱེད་ཀྱིན་འདུག་ཀྱང༌། ང་ཚོའི་བསྟན་པའི་འབྱུང་ཁུངས་ནཱལནྡཱ་དང་བིཀྲམཤཱིལ་སོགས་ན་ནི་དེ་ལྟར་ཡིན་པར་མི་མངོན་ཏེ། བཙུན་པ་ཐང་ཟན་ཙང་ཞོན་ཙང་གིས། ནཱལནྡཱའི་དབུས་ཀྱི་གཙུག་ལག་ཁང་ལ་སྟོན་པའི་སྐུ་བརྙན་བཞུགས་པའི་རྩར་དགེ་འདུན་བཞི་བཅུ་ཙམ་གྱིས་སྦྱིན་བདག་སོགས་ཀྱི་སྐུ་རིམ་བྱེད་པ་ལས། དགེ་འདུན་སྟོང་ཕྲག་མང་པོས་བསླབ་སྦྱང་ཁོ་ན་ལ་བརྩོན་པར་བྱེད་ཅིང༌། ཕལ་ཆེ་བ་གྲུབ་པའི་མཐའ་དང་རིག་པའི་གནས་ཐམས་ཅད་ལ་མཁས་སོ། །ཞེས་གསུངས་པས་ཀྱང་ཤེས་ནུས། དེར་བརྟེན་སྤྱི་སྒེར་སུ་ཡིན་ཡང་ཞབས་བརྟན་བསྐུལ་གང་ཐུབ་བྱེད་པ་འདི་དགེ་འདུན་གྱི་སློབ་གཉེར་ལ་བར་ཆད་ཅི་བས་ཆེ་ཕྱིར་དགེ་བ་བསྒྲུབས་ནས་སྡིག་པ་སྟོབས་ཆེ་བ་བསགས་སྲིད་པས་ཅིས་ཀྱང་གཟབ་དགོས་པར་སྣང་ཞེས་འཕྲོས་མོལ་ཙམ་མོ།།

སློབ་གཉེར་བ་རྣམས་མཐོང་རྒྱ་དང་ཐོས་རྒྱ་བསྐྱེད་ཆེད་གཞི་རྒྱ་ཆེ་བའི་དཔེ་མཛོད་ཁང་ཆེ་ཆུང་གསུམ་ཡོད་ལ། རེ་རེའི་ནང་དུ་ཡང་ནང་ཆོས་གཙོ་བོར་གྱུར་པའི་རིག་པའི་གནས་ཆེ་ཆུང་ཐམས་ཅད་དང་ཕྱི་རོལ་པའི་བསྟན་བཅོས་འདྲ་མིན་སོགས་དཔེ་ཚན་འབུམ་ཕྲག་མང་པོ་བཞུགས་པར་བཤད། གཞན་ཡང་སོ་ནམ་རིག་པ་དང་ཕྱུགས་ལས། གསོ་རིག །བཟོ་རིག་སོགས་ནས་མཐར་ཕྱིན་པ་རྣམས་ཀྱིས་དགེ་འདུན་སློབ་གཉེར་བ་གཙོ་བོར་གྱུར་པའི་སྤྱི་ཚོགས་ཞབས་ཞུའི་ཆེད་ལས་དེ་དང་དེའི་འཛིན་སྐྱོང་གནང་གི་ཡོད་ཅིང༌། དཔེར་ན་གསོ་བ་རིག་པའི་ཆེད་ལས་སློབ་ཐོན་པ་མང་ཆེ་བ་གནས་འདིར་བཞུགས་ནས་སྨན་བཅོས་ཁང་གི་ཕྱག་ལས་གནང་གི་ཡོད། སྨན་ཁང་འདི་དར་རྒྱས་ཤིན་ཏུ་ཕྱིན་ཏེ་རྒྱ་གར་ཤར་ནུབ་ཀུན་ནས་ནད་བཅོས་བྱེད་དུ་ཡོང་གི་ཡོད་ལ། འདི་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་རིང་ནས་ཡོད་ཅིང་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཉམ་ཐག་ནད་པ་རྣམས་ཀྱི་ཆེད་དུ་རིན་མེད་སྨན་སྦྱིན་ཁང་དང་ཆུ་ཆེན་ལ་ཟམ་པ། ཐག་རིང་གི་བགྲོད་ལམ། ངལ་གསོའི་བསིལ་ཁང༌། སྐོམ་པས་གདུང་བའི་ལམ་འགྲོན་དག་ལ་ཆུ་སྦྱིན་པའི་ས་ཚུགས། བཀྲེས་པས་ཉེན་པའི་འགྲུལ་པར་སྟབས་བདེ་ཟས་སྦྱིན་བཅས་བཙུགས་པའི་ནང་ནས་མ་ཉམས་པར་རྒྱུན་འཛིན་བྱས་པ་ཞིག་རེད།

ད་དུང་དགེ་འདུན་འཚོ་བའི་རམ་འདེགས་སུ་ཕྱུགས་གསོ་རྭ་བ་ཞིག་ཀྱང་ཡོད། དེ་ནས་དགེ་འདུན་ལ་དཀར་ཟས་འབུལ་གྱི་ཡོད་པར་བཤད། སློབ་གཉེར་ཁང་འདིའི་དབུ་འཛིན་ནི་གནས་བརྟན་བགྲེས་སོང་འཆད་རྩོད་རྩོམ་སོགས་ཀྱི་ཕ་རོལ་ཏུ་སོན་པ་ཞིག་མང་མོས་ཀྱིས་བདམས་ཏེ་དགེ་འདུན་ལས་ཀྱིས་མཁན་པོའམ་ཁྲི་པར་བསྐོ་ཞིང་དེ་ལ་ནི་དབུས་ཀྱི་ཀ་ཆེན་ཞེས་འབོད་ལ། པཎྜི་ཏ་ཐམས་ཅད་ཀྱི་བདག་པོ་ལྟ་བུ་ཡང་ཡིན། གཞན་པཎྜི་ཏ་མཁས་པ་ཕུལ་དུ་བྱུང་བ་རྣམས་ལས་ཕྱོགས་བཞིའི་སྒོ་ཆེན་སྲུང་བའི་པཎྜི་ཏར་བསྐོ་ཞིང་གློ་བུར་དུ་ལྷགས་པའི་ཕྱི་ནང་གི་གླགས་འཚོལ་བ་རྣམས་ལ་རྒོལ་ཞིང་རིགས་པའི་ཚར་གཅོད་པ་དང༌། ཚོད་དགམ་པ་དང་ཆོས་སྒོར་ཞུགས་པ་རྣམས་ལ་ཡང་བརྟག་སྟེ་དག་ན་ནང་གི་གནས་བརྟན་རྒན་པར་གཏད་པ་སོགས་བྱེད་ཅིང་གཞི་ནས་སློབ་སྦྱོང་གི་གོ་སྐབས་ཐོབ། སྒོ་སྲུང་པཎ་ཆེན་རྣམས་ཤར་ལྷོ་ནུབ་བྱང་གི་སྒོ་ཆེན་རྣམས་དང་མི་རིང་བར་ཆོས་འཆད་ཁང་ངམ་འཁྱམས་སོགས་སུ་ གལ་ཏེ་ཕྱི་རོལ་ནས་རྩོད་འདོད་པའི་རྒོལ་བ་རེ་བསླེབས་ན་འཚོལ་བདེ་བའི་ས་ཞིག་ན་ཆོས་འཆད་ཅིང་བཞུགས་པར་བཤད། དེ་རྣམས་དང་དབུས་ཀྱི་ཀ་ཆེན་དང་པོ་དང་གཉིས་པ་གཉིས་རེ་འཇོག་སྲོལ་ཡོད་ཅིང་། དེ་ནི་ལས་ཐོག་ཁྲི་པ་དང་ཁྲི་པ་གཞོན་པ་གཉིས་ལ་ཟེར་བ་མིན་ནམ་སྙམ། དེ་ཚོར་མཁས་པ་སྒོ་དྲུག་ཅེས་གྲགས། ཕྱིས་སུ་ནཱལནྡཱ་དང༌། བིཀྲམཤཱིལ། ཨོཏནྟ་པུ་རི་སོགས་འཛིན་སྐྱོང་གཅིག་གི་འོག་ཏུ་གནས་ཤིང་སྒོ་སྲུང་རྣམས་ཀྱིས་ཕྱོགས་ཐམས་ཅད་ལ་གཟིགས་རྟོག་གནང་གི་ཡོད་པར་གསུངས།

མཁས་པ་སྒོ་དྲུག་གིས་གླགས་མ་ཁེལ་བར་ནང་དུ་ཤོར་བའི་ལོ་རྒྱུས་བྱུང་མྱོང་མེད་དེ། དེ་ནི་སྒོ་སྲུང་གི་པཎྜི་ཏ་རྣམས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་གང་ལ་ཡང་ཆགས་ཐོགས་བྲལ་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། ཨརྱ་དེ་ཝ། དཔལ་ལྡན་ཟླ་བ་གྲགས་པ། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ། ཤནྟི་པ། ནཱ་རོ་པ་ལྟ་བུ་ཤ་སྟག་ཡིན་པས་རེད། ཕྱི་རོལ་པ་ཞིག་ལ་མཚོན་ན་ཤྲཱིནཱལནྡཱའི་སྒོ་སྲུང་གི་པཎྜི་ཏ་རྣམས་ལ་གླགས་འཚོལ་བ་ནི་ལས་སླ་བ་མ་ཡིན་ཏེ་རྒྱལ་པོ་དང་བློན་ཚོགས། ཕྱི་ནང་གི་པཎྜི་ཏ་ཐམས་ཅད་དཔང་པོར་གདན་འཛོམས་པའི་དབུས་སུ་བསྟན་པ་རྒྱན་དུ་བཙུགས་ཏེ་རྩོད་དགོས་པ་ཡིན་ཞིང༌། གལ་ཏེ་རྩོད་པ་ལས་ཕམ་ན་རང་ཉིད་གཅིག་པུ་ཕམ་པ་མ་ཡིན་པར་ཆོས་རྒྱུན་དང་བཅས་པ་ཕམ་པ་ཡིན་པས་རང་ཉིད་ཀྱི་གྲུབ་མཐའ་དོར་ནས་ནང་པའི་བསྟན་པ་ལ་འཇུག་དགོས་པ་ཡིན། འཕགས་པ་མ་ཁོལ་ཤྲཱིནཱལནྡཱའི་པཎ་ཆེན་འཕགས་པ་ལྷ་ལས་ཕམ་སྟེ་མ་ཁོལ་རང་ཉིད་ནང་པར་ཞུགས་པ་མ་ཟད། ཕྱོགས་མཚམས་ཐམས་ཅད་ཀྱི་ཕྱི་རོལ་པ་སྟོང་ཕྲག་མང་པོ་ནང་པར་ཞུགས་ཤིང༌། ནཱལནྡཱ་གཅིག་པོར་ཡང་མ་ཁོལ་གྱི་རྗེས་འབྲང་སྟོང་ཕྲག་ལྷག་ཙམ་རབ་ཏུ་བྱུང་བར་གསུངས་པ་ལྟར་རོ།།

སློབ་གཉེར་ཁང་འདིར་རྒྱ་ཆེ་ཞིང་གཏིང་ཟབ་པའི་རང་ཉིད་ཀྱི་རིག་གཞུང་དར་རྒྱས་དང་བསྟན་འགྲོར་ཕན་རླབས་མཐའ་མེད་དུ་འཕེལ་བའི་དགོངས་པ་རྒྱ་ཆེར་བཞེས་ཏེ་རྒྱལ་ཁབ་དང་མི་རིགས་གཞན་གྱི་སློབ་གཉེར་བ་རྣམས་ལ་དམིགས་བསལ་མཐོང་ཆེན་བྱེད་ཅིང་གནས་མལ་སོགས་མཐུན་རྐྱེན་གང་ལེགས་སྦྱོར། བོད་ཀྱིས་གཙོས་པའི་རྒྱལ་ཁབ་གཞན་གྱི་སློབ་གཉེར་བ་སྡོད་གནས་སྤྱི་ཁང་རེ་ཡང་བརྩིགས་ཡོད་ལ། གནས་ཀྱི་བླ་མ་ཡང་སྐབས་དུས་ཀྱི་མཁས་པ་སྒོ་དྲུག་གང་རུང་གིས་གནང་སྲོལ་ཡོད། དེ་ནི་དམིགས་བསལ་གྱིས་བརྩི་མཐོང་མཚོན་ཆེད་དུ་རེད། ནང་ཆོས་དར་སྤེལ་གྱི་གཟིགས་རྒྱ་ཤིན་ཏུ་ཡངས་ཤིང་མཁས་གྲུབ་གཉིས་འཛོམས་ཀྱི་པཎྜི་ཏ་རྣམས་རྒྱལ་ཁབ་སོ་སོས་རེ་འདོད་ལྟར་གཏོང་བར་མ་ཟད། འགྲོ་གྲོན་དང་མཐུན་རྐྱེན་ཀྱང་སྦྱོར་བར་བྱེད། ཐག་རིང་ནས་ཕེབས་པའི་མགྲོན་བཙུན་སྡེ་སྣོད་གཅིག་ཙམ་ཤེས་པ་ལ་སྒེར་མཆོད་ཉིན་རེར་བཟའ་བཅའ་བཟང་པོ་སྡེར་མ་ལྔ་རེ་དང༌། གཉིས་རེ་ཤེས་མཁན་ལ་བཅུ་རེ། སྡེ་སྣོད་གསུམ་ག་ཤེས་མཁན་ལ་སྡེར་མ་ཉི་ཤུ་རེ་དང༌། འབྲས་སཱ་ལུ་བྲེ་གང༌། ག་བུར་སྲང་གང༌། འོ་མ་དང་ཞུན་མར་སྦྲང་རྩི་སོགས་འཚོ་བ་འདང་ངེས་དང༌། ཞལ་ཏ་བྱེད་མཁན་གཅིག །ཕྱག་དར་བྱེད་མཁན་གཅིག་སོགས་གནང་སྲོལ་ཡོད་པ་རྒྱ་ཡི་བཙུན་པ་ཐང་ཟན་ཙང་ཞོན་ཙང་ལ་ཡང་དེ་ལྟར་གནང་བར་བཤད། རྒྱལ་ཁབ་དང་མི་རིགས་གཞན་གྱི་སྐད་ཡིག་ཐོག་བཀའ་དང་བསྟན་བཅོས་བསྒྱུར་བར་རོགས་རམ་དཔེ་མེད་གནང་ཞིང༌། རྒྱ་དཔེ་ཕབ་བཤུ་སོགས་གང་ཐད་དུ་ཚོགས་ཆུང་ལྟ་བུས་ལྟ་རྟོག་འོག་མདོ་རྒྱུད་གསུང་རབ་བསྒྱུར་བར་ཞིབ་འཇུག་དང་འགྱུར་བཅོས་སོགས་ཐུགས་འཁུར་རྒྱ་ཆེན་པོ་བཞེས། སློབ་གཉེར་ཁང་ཆེན་པོ་འདིས་དམིགས་ཡུལ་གཙོ་བོ་ཡང་བསྟན་པ་འཛིན་སྐྱོང་དང༌། གང་བཟུང་བའི་བསྟན་པ་དེ་ཉིད་གཞན་ལ་དར་སྤེལ་གཏོང་རྒྱུ་དེ་ཡིན། དེར་བརྟེན་ལྟ་རྟོག་གང་གི་ཆ་ནས་ཀྱང་གཞན་གྱི་མིག་དཔེར་འོས་པ་ཞིག་བྱེད་དགོས་པ་དང་། མིག་དཔེར་བྱས་ཏེ་ལུགས་སྲོལ་བཟང་པོ་དེ་ཡུལ་ལུང་དང་སྐད་རིགས་མི་གཅིག་པའི་རྒྱལ་ཁབ་འདྲ་མིན་ལ་རྒྱུན་བསྲིང་དགོས་པའི་ཕྱིར་སྒྲིག་འཛུགས་དང་ཀུན་སྤྱོད་སོགས་ལ་ཡང་གཟབ་ནན་ཤིན་ཏུ་ཆེ་ཞིང་དམ་ཆོས་འདུལ་བའི་ཕྱག་བཞེས་ཁོ་ན་ཉམས་སུ་བསྟར།

སྤྱིར་གླིང་ཧྲིལ་པོ་འཛིན་སྐྱོང་གཅིག་གི་འོག་ན་གནས་ཤིང་གླིང་ལྔ་གའི་གླིང་གཙོ་ལྟ་བུ་ནི་དབུས་ཀྱི་ཀ་ཆེན་ནམ་ཁྲི་པ་ཡིན། སློབ་གཉེར་ཁང་འདིའི་སྒྲིག་འཛུགས་ཐམས་ཅད་དམ་ཆོས་འདུལ་བའི་ཕྱག་ལེན་གཞིར་བཟུང་གིས་སྐྱོང་ཞིང་དགེ་འདུན་ལས་ཀྱི་སྣེ་མོ་བ་ཐམས་ཅད་ཀྱང་མང་མོས་ཐོག་བསྐོ་བཞག་བྱེད་དགོས་པ་ལས་མཁན་པོ་དང་ཁྲི་པ་སོགས་སྒེར་གྱིས་ཐག་གཅོད་བྱེད་པ་དང་སྒེར་གྱིས་འཛིན་སྐྱོང་གི་རྣམ་པ་གཅིག་ཀྱང་མེད། དགེ་འདུན་གཉེར་གྱི་ཕྱག་ལས་པས་འཚོ་བའི་ཞལ་ཏ་ཕུལ་བའི་ཚེ་ཡང་དགེ་འདུན་ལ་གནང་བ་ཞུས་ཏེ་འཚོ་བའི་འབྱུང་ཁུངས་གཞན་གནོད་ཀྱི་གཞི་དང་འབྲེལ་བ་ཡོད་མེད་དང་། ཡུལ་དུས་ཀྱི་གནས་ཚད་ལས་བརྒལ་ཡོད་མེད་ལེགས་པར་བརྟགས་ནས་དགེ་འདུན་གྱི་གནང་བ་ཐོབ་དགོས། དེ་ལྟར་མ་ཐོབ་པར་དགེ་འདུན་ལོག་འཚོར་སྦྱོར་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ། ལས་གྱི་སྣེ་མོ་བ་དེ་གནས་ནས་དབྱུང་བའི་ཆད་ལས་ཀྱང་གཅོད་སྲིད།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ནཱལནྡཱའི་ཞལ་ཏ་བ་གནང་བའི་ཚེ་དགེ་འདུན་དབྱར་གནས་ལ་བཞུགས་པའི་འོག་ཏུ་ཡུལ་ཁམས་སུ་མུ་གེ་ཆེན་པོ་བྱུང་སྟེ་འཚོ་བས་ཉེན་པའི་སྐབས་སུ་གསེར་འགྱུར་རྩི་བསྒྲུབས་ཏེ་དགེ་འདུན་ལ་གདུགས་ཚོད་བཟང་པོ་ཕུལ། ཕྱིས་དབྱར་ནས་ཐོན་པ་དང་མི་རྣམས་རིད་པ་དང་ཤི་བ་མཐོང་སྟེ་དྲིས་པ་ན་མུ་གེ་ཆེན་པོ་བྱུང་བ་ཐོས། དེ་ལྟ་བུའི་མུ་གེ་བྱུང་ཡང་དགེ་འདུན་ལ་འཚོ་བ་བཟང་པོ་སྦྱར་བ་གང་ནས་བྱུང་ཚུལ་དྲིས་པས་སློབ་དཔོན་གྱིས་སྔར་གྱི་ཚུལ་ཞུས། དགེ་འདུན་ལ་མ་ཞུས་པར་དགེ་འདུན་ལོག་འཚོར་སྦྱོར་འདུག་པས་རེ་ཞིག་ཆད་པའི་ལས་སུ་གཙུག་ལག་ཁང་དང་མཆོད་རྟེན་མང་པོ་རྩིགས་ཤིག་ཅེས་གནས་ནས་ཕྱུང་བར་གསུངས་པ་ལྟར་ཡིན་ལ། དེ་བཞིན་དུ་ལྟ་སྤྱོད་རྩིང་བ་དང་བསླབ་སྦྱོང་ལ་མི་བརྩོན་པར་ལེ་ལོ་ཆེ་བ་སོགས་བྱུང་ཚེ་དེ་དག་གི་གྲིབ་མ་ལ་ཆད་པའི་ལས་བྱས་ཏེ་ངོ་ཚ་བར་བྱེད་ཅིང༌། གལ་ཏེ་དེས་ཀྱང་མ་བཟློག་ན་དངོས་སུ་བསྒོ་བ་དང་གཞམ་བསྒོ་སོགས་རིམ་བཞིན་བྱས་ཏེ་མ་ཉན་ཚེ་གནས་ནས་དབྱུང་བ་སོགས་འདུལ་བའི་གཞུང་ནས་བཤད་པ་ལྟར་ཕྱག་བཞེས་ལགས་བསྟར་གནང་གི་ཡོད་པར་གསུངས།

ཁྱད་པར་དུ་བསླབ་ཁྲིམས་ལ་དམ་ཆོས་འདུལ་བ་ནས་གསུང་པའི་གནས་ཕྲ་མོ་ཚུན་ཆད་ཀྱང་དོགས་མཐར་བཟུང་སྟེ་སྲུང་སྡོམ་ནན་ཆེར་བྱེད་དེ། རྡོ་རྗེ་རྣལ་འབྱོར་མས་བརྩེ་བས་རྗེས་སུ་བཟུང་སྟེ་གཏུམ་མོའི་གདམས་པ་དངོས་སུ་གནང་ཞིང་ཕན་ཚུན་མི་དང་མི་ལབ་པ་བཞིན་བྱུང་བའི་གཏུམ་མོའི་བཀའ་བབས་ནཱལནྡཱའི་གྲུབ་ཆེན་བི་རཱུ་པ་ལྟ་བུའི་ཉམས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་ཉིད་ཀྱང་རྡོ་རྗེ་རྣལ་འབྱོར་མ་མིའི་གཟུགས་སུ་སྤྲུལ་ནས་སློབ་དཔོན་གྱི་གཟིམ་སྤྱིལ་དུ་འགྲོ་འོང་བྱེད་པ་དགེ་ཚུལ་ཞིག་གིས་མཐོང་སྟེ་དགེ་འདུན་ལ་གསོལ་བས་དགེ་འདུན་གྱི་གནས་ནས་ཕྱུང་བ་དང༌། བིཀྲམཤཱིལར་མངའ་བདག་མཱཻཏྲི་པ་ཞེས་བྱང་ཆུབ་སེམས་དཔའ་སྒྲུབ་པ་མཆོག་གི་དངོས་གྲུབ་བརྙེས་པ། ཡི་དམ་ལྷ་ཡི་ཞལ་མངོན་སུམ་དུ་གཟིགས་པ། ཕྱི་ནང་གི་རིག་པའི་གནས་ཐམས་ཅད་ལ་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་ཅིང༌། འདུལ་བ་འཛིན་པ་ཀུན་གྱི་མཆོག་ཏུ་གྱུར་པ་དེས། རྣལ་འབྱོར་མ་ལ་ཐུགས་དམ་མཛད་པའི་དམ་རྫས་ཀྱི་རྟེན་དུ་ཆང་ཕྲན་བུ་ཞིག་སྒྲུབ་རྟེན་གྱི་སྟེགས་བུར་བཞག་ཡོད་པ་དགེ་སློང་ཞིག་གིས་གཟིགས་ཏེ་དགེ་འདུན་ལ་གསོལ། དགེ་འདུན་འདུས་ནས་ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པ་དང༌། གྲུབ་བརྙེས་འདི་ལ་མི་གནོད་དུ་ཆུག་ཀྱང༌། འདིར་འདུས་ཀྱི་དགེ་འདུན་གཞན་རྣམས་ལ་གནོད་ཅིང་སྡེ་པ་ཕལ་ཆེན་པས་ཆང་ཡང་རྩ་བར་འདོད་པས་དོགས་མཐའ་བཟུང་སྟེ་མཱཻ་ཏྲི་པ་གནས་ནས་ཕྱུང༌། དེས་ཀྱང་གལ་ཏེ་ཉམས་པ་ཡིན་ན་དགེ་འདུན་གྱི་སྒོ་ནས་འགྲོ་མི་རུང་གསུངས་ནས་རྩིག་པ་ལ་ཟང་ཐལ་གྱིས་ཕྱིན་པ་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་དང་ཇོ་བོ་རྗེའི་སྐྱེས་རབས་ལས་གསུངས་པ་ལྟར་རོ།།

གནས་འདི་རྣམས་ཐེག་པ་ཆེན་པོ་སྔགས་དང་བཅས་པའི་འཆད་ཉན་སྒོམ་སྒྲུབ་གནང་ས་གཙོ་བོ་ཡིན་ཡང༌། ཉམས་རྟོགས་མཐོ་དམན་སོགས་དབྱེ་བསལ་མེད་པར་ལུས་ངག་གི་ཀུན་སྤྱོད་ཀྱི་རིམ་པ་དམ་པའི་ཆོས་འདུལ་བ་ཁོ་ནར་གཞི་བཅོལ་བ་ལས་ཁ་གཡར་ས་དང་ཁག་དཀྲི་ས་གང་ཡང་མེད། དགེ་འདུན་བཞུགས་གྲལ་དུ་འཁོད་སྐབས་ཀྱང་རང་ཉིད་ཀྱི་བསླབ་གྲལ་ཁོ་ནར་བཞུགས་པ་ལས་མཁན་པོ་ཡིན་ཡང་གྲལ་གྱི་མགོར་མི་བཞུགས། མདོ་འདོན་པ་དང་ཆོས་འཆད་པའི་སྐབས་མ་གཏོགས་བཞུགས་གདན་བརྩེགས་མའི་ཐོག་བཞུགས་པ་སོགས་གྲལ་རོགས་ལས་མཐོ་བའི་ཁྲི་སྟན་ལ་བཞུགས་སྲོལ་མེད་པ། ལོ་ཙཱ་བས་བི་ཀྲ་མ་ཤཱི་ལར་དཔལ་ལྡན་ཇོ་བོ་རྗེ་ཐོག་མར་མཇལ་ཚུལ་གསུངས་པ་ལས་གོ་ནུས།

མདོར་ན་འཛིན་སྐྱོང་ཐམས་ཅད་མང་མོས་ཀྱིས་གནང་བ་ལས་མང་མོས་མ་བྱུང་ཕྱིན་གང་ཟག་རེ་ཟུང་གིས་དབང་ཤུགས་དང་ཐག་གཅོད་གང་ཡང་བྱེད་མི་ཆོག་པ་སོགས་མི་ལོ་ཉིས་སྟོང་སྔོན་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་གནང་པའི་མང་གཙོའི་ངོ་བོ་རྒྱུན་འཛིན་གནང་སའི་སྒྲིག་འཛུགས་ཚོགས་པ་ཐོག་མ་དེ་ཡིན་པ་དང༌། འཛམ་གླིང་སྔོན་ཐོན་གྱི་མང་གཙོ་རིང་ལུགས་པ་རྣམས་ཀྱི་མིག་དཔེར་གཟི་བརྗིད་དང་ལྡན་པའི་སྒོ་ནས་ཀྲོང་ངེར་འགྱིངས་པའི་རྡོ་རིང་ལྟ་བུའང་ཡིན། དེའི་ཕྱིར་མཁས་དབང་ལ་ལས་ནང་ཆོས་ནི་མང་གཙོའི་ཨ་མ་ཡིན་པ་དང༌། དེ་བསྐྱེད་བསྲིང་བྱ་སའི་ཐོག་མའི་སྒྲིག་འཛུགས་ཚོགས་པ་ནི་ནང་པའི་དགོན་སྡེ་ཁག་ཡིན་པར་བཤད་པ་དོན་ལ་གནས་སོ།།

དགེ་འདུན་གྱི་གསོལ་ཚིགས་དང་ཁྲུས་ལ་འཇུག་པ་ཐམས་ཅད་དྲིལ་བརྡ་བཏང་སྟེ་རྒན་གཞོན་ལྟར་རིམ་གྱིས་འཇུག །གཙུག་ལག་ཁང་དུ་ཟས་ལ་རོལ་སྐབས་ཤིང་གི་སྟེགས་བུར་བྱམས་བཞུགས་ཀྱིས་ཟས་ཟ་ཞིང༌། གསར་བུ་པས་རྒན་རིམ་ལ་ཟས་བྲིམས། བྱིན་ལེན་མ་བྱས་པ་དང་གསོག་འཇོག་བྱས་པ་ཟ་བ་སོགས་ལ་ཤིན་ཏུ་འཛེམས་ཤིང༌། ཟན་གྲུབ་མཚམས་སུ་ཞབས་དང་ལག་པ་གཙང་མ་འཁྲུ་བ་སོགས་དམ་ཆོས་འདུལ་བ་ལྟར་བྱེད་པ་རྒྱའི་བཙུན་པ་ཨིའ་ཙིང་གིས་བཤད།

འཚོ་བའི་མཐུན་རྐྱེན་ནི་སྔོན་སྟོན་པ་ཞལ་བཞུགས་སྐབས་ལྟར་བསོད་སྙོམ་ལ་ཕེབས་ཏེ་གྲོང་སོགས་སུ་འཇུག་པར་མི་བྱེད་ཅིང་དགེ་འདུན་རྣམས་ལ་དུས་ཐོག་ཏུ་དགེ་འདུན་སྤྱི་ཐབ་ཆེན་པོ་ནས་ཞལ་ཟས་འབུལ་བར་བྱེད། དེ་ནི་ཡུལ་དང་མཐའ་བཞིའི་རྒྱལ་པོ། གཞན་ཡང་སྦྱིན་བདག་སོ་སོས་ཕུལ་བའི་དགེ་འདུན་རྙེད་པ་དང༌། གཙོ་བོ་པཎྜི་ཏ་སོ་སོར་གོ་སའི་ཐོབ་དབང་གི་མཁས་ཁྱད་ལ་གཞིགས་པའི་རྒྱལ་པོ་དང་གཞུང་ཕྱོགས་ནས་གཟིགས་གསོལ་གནང་བའི་ས་ཞིང་དང༌། གསེར། དངུལ། རྟ་གླང་ཡུལ་ལྗོངས་སོགས་དང༌། ཡུལ་གྱི་རྒྱལ་པོས་གནང་པའི་གྲོང་སྡེ་ཉིས་བརྒྱ་ཙམ་ཡོད་པ་དེ་རྣམས་ཀྱིས་ལས་གང་བྱས་ཀྱང་རྒྱལ་པོ་ལ་ཁྲལ་དང་འུ་ལག་འཇལ་མི་དགོས་པར་གཙུག་ལག་སློབ་གཉེར་ཁང་འདིའི་ལྷ་སྡེ་ལྟ་བུར་གནས་ཡོད་པ་རྣམས་ཀྱིས་ས་ཞིང་འདེབས་ལས་དང༌། བུད་ཤིང་འཐུ་སྒྲུག་ཀྱི་རོགས་རམ། ཕྱུགས་ཟོག་འཚོ་སྐྱོང་སོགས་བྱེད་ཀྱི་ཡོད།

༦༽ གཙུག་ལག་སློབ་གཉེར་ཁང་འདི་ནས་བསྐྱེད་བསྲིང་བྱས་པའི་

མཁས་པ་དང་དེ་དག་གི་འཕྲིན་ལས།

སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པ་ཙམ་ནས་དུས་རབས་བཅུ་གསུམ་པའི་མགོ་སྟོད་ཙམ་གྱི་བར་མི་ལོ་བརྒྱ་ཕྲག་བཅོ་ལྔའི་རིང་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་ནས་མཐར་ཕྱིན་པའི་མཁས་བཙུན་བཟང་གསུམ་གྱི་བསུང་ཞིམ་སྲིད་པའི་རྩེ་མོར་འཐུལ་ཞིང༌། འཆད་རྩོད་རྩོམ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པའི་པཎྜི་ཏ་དང་ལོ་ཙཱ་བ་གྲངས་ཀྱིས་མི་ཆོད་ལ། དེ་རྣམས་ཀྱིས་བསྟན་པ་རིན་པོ་ཆེར་བྱ་བ་མཛད་པའི་རླབས་ཆེན་གྱི་ཤུལ་རྗེས་ད་ལྟའི་དུས་མཐའ་འདིར་ཡང་དངོས་སུ་མཇལ་དུ་ཡོད་པ་འདི་དག་གིས་ཀྱང་ཤེས་ནུས། དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང༌། ཐོགས་མེད་སྤུན་མཆེད། ཕྱོགས་གླང་ཆོས་གྲགས་ཏེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང༌། ཡོན་ཏན་འོད་དང་ཤཱཀྱ་འོད་དེ་བསྟན་པ་རིན་པོ་ཆེ་འཛིན་པའི་མཆོག་གཉིས། སློབ་དཔོན་སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཞི་བ་ལྷ། ཞི་བ་འཚོ། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། པདྨའི་ངང་ཚུལ། སློབ་དཔོན་སེངྒེ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་བསྟན་པ་སྐྱོང་བའི་པཎ་ཆེན་བཅུ། ཨོ་རྒྱན་གྱི་གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ། འཕགས་ཡུལ་གྱི་པཎ་ཆེན་བི་མ་མི་ཏྲ་སྟེ་འཛམ་གླིང་མཁས་གྲུབ་རྣམ་གཉིས། ཤར་སྒོ་བ་རཏཨཀརཤཱནྟི་པ་དང༌། ལྷོ་སྒོ་བ་ཤེས་རབ་འབྱུང་གནས་བློ་གྲོས། ནུབ་སྒོ་བ་ངག་གི་དབང་ཕྱུག་གྲགས་པ། བྱང་སྒོ་བ་པཎ་ཆེན་ནཱ་རོ་པ་སྟེ་མཁས་པ་སྒོ་བཞི། ལོ་རྒྱུས་ལ་ལར་ཤར་སྒོ་བ་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ། ལྷོ་སྒོ་བ་སློབ་དཔོན་ནག་པོ་བརྟུལ་ཞུགས། ནུབ་སྒོ་བ་ནཱ་རོ་པ། བྱང་སྒོ་བ་ཤེས་རབ་འབྱུང་གནས་ཞེས་ཀྱང་བྱུང་བྲམ་ཟེ་ཆེན་པོ་རཏ་བཛྲ། པཎྜི་ཏ་ཛྙཱ་ན་ཤྲཱི་མི་ཏྲ་ལྟ་བུའི་དབུས་ཀྱི་ཀ་ཆེན་གཉིས་ཏེ་མཁས་པ་སྒོ་དྲུག་སོགས་ཀྱིས་མཚོན། འཕགས་ཡུལ་ན་ཉི་ཟླ་རྣམ་གཉིས་སུ་གྲགས་པའི་ཆོས་སྡེ་འདི་གཉིས་ནས་ཐོན་པའི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ནམ་མཁའི་སྐར་ཚོགས་ལས་ཀྱང་གྲངས་མང་ཞིང༌། དེ་རྣམས་ཀྱིས་གདམས་པ་དང་རྗེས་སུ་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དུས་ཀྱི་མཐར་ཡང་ཐོས་བསམ་གྱི་ཡུལ་དུ་བཞུགས་པ་འདི་རྣམས་ཡིན།

སློབ་གཉེར་ཁང་འདི་ཉིད་དང་དེ་ནས་བསྐྱེད་བསྲིངས་པའི་པཎ་གྲུབ་རྣམས་དང་། ལོ་ཙཱ་བའི་འཕྲིན་ལས་ཀྱིས་རིམ་བཞིན་སིངྒ་ལ་དང་། ལི་ཡུལ། རྒྱ་ནག །ཀོ་རི་ཡ། ཝི་ཏི་ནམ། འབར་མ། ཐའེ་ལན། བོད་སོགས་སུ་དམ་པའི་ཆོས་ཀྱི་སྣང་བས་ཁྱབ་པར་མཛད། བོད་གཅིག་པུ་ནས་ཀྱང་མཁས་བཙུན་བཟང་གསུམ་གྱི་གྲགས་སྙན་བསྐལ་བའི་མཐར་ཡང་ཉམས་པ་མེད་པ་ལོ་ཙཱ་བ་བཀའ་དྲིན་གྱི་བདག་ཉིད་ཐོན་མི་སམ་བྷོ་ཊས་ཐོག་དྲངས། ལོ་ཆེན་བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ། གཉག་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག །སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་ལོ་ཆེན་མཁས་པ་རབས་དགུས་མཚོན་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཆེན་བརྒྱ་རྩ་བརྒྱད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་དུ་གྲགས་པ་སོགས་མདོར་ན་ཐོན་མི་སམ་བྷོ་ཊ་ནས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཡན་ཆད་དུ་ལོ་ཙཱ་བ་ལྔ་བརྒྱ་ཙམ་བྱུང་བ་རེ་ཟུང་མ་གཏོགས་ཐམས་ཅད་ཆོས་གྲྭ་འདི་ནས་ཐོན་པ་ཤ་སྟག་ཡིན་ཅིང་། བསྒྱུར་བ་དང་བརྩམས་པ་སོགས་རིན་ཐང་དང་བྲལ་བའི་མདོ་རྒྱུད་བསྟན་བཅོས་སོགས་ཀྱིས་གངས་ལྗོངས་འཛིན་མའི་ཁྱོན་ཀུན་དོག་པོར་བྱས། དེ་བཞིན་དུ་རྒྱ་ནག་གི་མཁས་པ་ཧཕ་ཤན་དང༌། ཞོན་ཙང༌། ཨིའ་ཙིང་སོགས་སྡེ་སྣོད་འཛིན་པ་མང་པོས་གནས་འདི་ནས་སློབ་སྦྱོང་གནང་སྟེ་རང་ཡུལ་ཆོས་ཀྱི་བསྟི་གནས་སུ་བསྒྱུར། གཞན་ཡང་ཀོ་རི་ཡའི་སྡེ་སྣོད་གསུམ་པ་ཝེན་ཚེགས་སོགས་ཀྱིས་ཀྱང་རྒྱལ་བསྟན་ཉི་མ་ཤར་བ་ལྟར་སྤེལ་བར་མཛད། མདོར་ན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་སྤྱད་སྙིང་རུས་ཀྱིས་གདན་འདྲེན་གནང་པའི་དམ་པའི་ཆོས་ཀྱི་རྒྱུན་དུས་མཐའ་འདིར་ཡང་མ་ཉམས་པར་སྐྱེ་བོའི་ཚོགས་ལ་ཕན་པ་དང་བདེ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། རྣོ་མྱུར་ཚན་རིག་གི་རིགས་འཕྲུལ་དང་འགྲོགས་ཏེ་འཛམ་གླིང་གི་སྐྱེ་འགྲོའི་ཚོགས་ལ་ཞི་བདེའི་འོད་སྣང་སྤྲོ་བཞིན་པའང་སློབ་གཉེར་ཁང་འདི་དང་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་འཕྲིན་ལས་ཉག་ཅིག་ལས་བྱུང་བ་ཡིན་ནོ།།

༧༽ དེ་ལྟ་བུའི་ཆོས་གྲྭ་ཆེན་པོ་དེ་མཐར་རྨེག་མེད་དུ་སོང་བའི་རྒྱུ་རྐྱེན།

སྤྱིར་རྒྱ་གར་དུ་ནང་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་དུ་གཙུག་ལག་སློབ་གཉེར་ཁང་འདིར་དགྲ་ལན་གསུམ་བྱུང་སྟེ་མདོ་རྒྱུད་ཀྱི་གསུང་རབ་དང་། དེའི་འཆད་ཉན་སྒོམ་སྒྲུབ་གནང་མཁན་དགེ་འདུན་གྱི་སྡེ་ཁ་འཐོར་དུ་ཕྱིན་པ་སོགས་གོད་ཆག་ཆེན་པོ་བྱུང་ཡང༌། པཎ་གྲུབ་རྣམས་དང་ཆོས་རྒྱལ་ཚོས་འབད་པ་ཆེ་ཐང་དུ་བགྱིས་པས་རིམ་བཞིན་སོར་ཆུད་དེ་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་རྣམས་སྔར་བཞིན་རྒྱས་པ་ལས་རྒྱ་གར་ཡུལ་དབུས་འདིར་དམ་པའི་ཆོས་ཀྱི་སྣང་བ་རིང་དུ་གནས་ཀྱང་སྟོན་པ་འདས་རྗེས་ཀྱི་ལོ་ཆིག་སྟོང་བརྒྱད་བརྒྱ་མ་ཟིན་ཙམ་དང་སྤྱི་ལོ་ ༡༢༠༠ ཡས་མས་སུ་སྐུ་གཟུགས་དང་མཆོད་རྟེན་ལ་ཕྱག་བྱེད་པ་རྣམས་ཅི་ཙམ་གསོད་པ་དང་མེད་པར་བྱེད་ཐུབ་ན་དེ་ཙམ་གྱི་དགེ་བ་རླབས་ཆེན་བསགས་པར་འདོད་པའི་ཀླ་ཀློའི་ཆོས་ལུགས་ཀྱི་དམག་དཔུང་གིས་རྒྱ་གར་ནུབ་ཕྱོགས་ནས་རིམ་གྱིས་ཡུལ་དབུས་བར་དུ་བསད་གཏུབ་ཁྲག་གི་མཚོ་མོ་བསྐྱིལ་ཏེ་མ་ག་དྷར་སླེབས། དེར་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ཡོད་ཚད་བཤིག །དགེ་འདུན་རྣམས་བཙན་ཐབས་ཀྱིས་ཀློ་ཀློའི་ཆོས་ལུགས་སུ་བཅུག །ཞུགས་མི་འདོད་པ་རྣམས་སྐེ་གཅོད་པ་དང་། ཆུར་བསྐྱུར་བ། གསོན་པོར་དུར་དུ་སྦས་པ་སོགས་གསོད་ལུགས་སྣ་ཚོགས་པའི་སྒོ་ནས་བཀུམ། ཁ་ཤས་ལི་ཡུལ་དང་། བལ་པོ། བོད་སོགས་སུ་བྲོས། གསུང་རབ་རྣམས་མེར་བསྲེགས་ནས་གཅིག་ཀྱང་མ་ལུས་པ་བྱས། ཐ་ན་གཙུག་ལག་ཁང་དང་མཆོད་རྟེན་སོགས་ཀྱི་རྨང་རྡོ་ཚུན་ཆད་ཀྱང་ཆུར་བསྐྱུར་ཏེ་ཤུལ་ཙམ་ཡང་ངོས་ཟིན་དཀའ་བར་བཟོས། དེ་ཐམས་ཅད་ཀྱང་གཙོ་བོ་ཨིས་ལམ་ཆོས་ལུགས་པ་ཐམས་ཅད་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཁོ་རང་ཚོའི་ཆོས་ལུགས་ལ་དད་པ་མེད་མཁན་ཅི་ཙམ་གསོད་ཐུབ་པ་དང་མཆོད་གཞིས་ཅི་ཙམ་གཏོར་བཤིག་ཐུབ་པ་དེ་ཙམ་གྱིས་ཐར་པ་རུ་ཉེ་བར་རློམ་པའི་ཉེས་བཤད་ཀྱི་སློབ་གསོ་ལོག་པས་རམ་འདེགས་དང༌། ནང་པར་རྒྱལ་པོ་དང་གཞུང་ཕྱོགས་ཀྱིས་མགོ་འདོན་མེད་པ། ནང་པའི་རྒྱལ་ཁབ་རྣམས་དང་ཆོས་བྱེད་མི་སྣས་ཕན་ཚུན་མཉམ་སྦྲེལ་གྱིས་སྟོབས་ཤུགས་མ་བཏོན་པ་བཅས་རྐྱེན་འདྲ་མིན་ལ་བརྟེན་དུས་རབས་བཅུ་གསུམ་པའི་དཀྱིལ་ཙམ་ནས་སློབ་གཉེར་ཁང་འདི་རྣམས་རྩ་མེད་དུ་བཏང་ཞིང༌། དེའི་རྐྱེན་གྱིས་རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་བསྟན་པ་མིང་ཙམ་ཡང་མ་ལུས་པར་གྱུར། འདི་ནི་ནང་པའི་བསྟན་པ་ལ་བྱུང་བའི་དགྲ་བཞི་པ་དེ་ཡིན་ལ། འཛམ་གླིང་ས་གཞི་ཆེན་པོའི་ཞི་བདེ་དང་ལྷིང་འཇགས་ལ་ཐེབས་པའི་གྱོང་གུད་ཆེ་ཤོས་ཀྱང་ཡིན། བར་སྐབས་ཞིག་ནས་སིངྒ་ལ་དང་འཇའ་པན་སོགས་ནང་པ་རྣམས་ཀྱིས་རྒྱ་གར་ནང་པའི་གནས་ཆེན་ཁག་གི་མཆོད་རྟེན་དང་གཙུག་ལག་ཁང་སོགས་ཕྲན་བུ་ཉམས་གསོ་བྱས་ཡོད་ན་ཡང་སློབ་གཉེར་ཁང་འདི་རྣམས་ནི་ད་དུང་ཡང་ཤུལ་ཙམ་ཡང་རྙེད་དཀའ་བ་ལྟ་བུར་གནས་པ་ལས་སུས་ཀྱང་ཉམས་གསོ་བྱེད་དགོས་པའི་སྣང་བ་ཙམ་ཡང་ཤར་མི་འདུག་གོ།

དཔྱད་གཞིའི་ཡིག་ཆ།

མདོ་མང་། ༼ཆ༽ སྙིང་རྗེ་པདྨ་དཀར་པོ། ཞོལ་པར།

མདོ་མང་། ༼ཚ༽ སྤྲིན་ཆེན་པོའི་མདོ། ཞོལ་པར།

མདོ་མང༌། ༼ཤ༽ མདོ་སྡེ་ལས་བརྒྱ་པ། ཞོལ་པར།

འཆིམས་ཐམས་ཅད་མཁྱེན་པས་མཛད་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ། ཞོལ་པར་ཁང༌།

འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས། ཞོལ་པར།

ཀུན་མཁྱེན་ཏཱ་ར་ནཱ་ཐས་མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ། གསུང་རབ་ཀྱི་འོད་རྒྱུན་སྤེལ། ༡༩༧༠

ཀུན་མཁྱེན་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང༌། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ༡༩༨༦

བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད། ལྡི་ལི། ༡༩༧༡

རྒྱའི་བཙུན་པ་ཐང་ཟན་ཙང་གིས་མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག ལག་བྲིས་དཔེ་རྙིང༌།

༡༠ དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང༌། ༡༩༨༥

༡༡ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ༡༩༩༡

༡༢ འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ༡༩༨༥

༡༣ ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད་པའི་སྔ་འགྱུར་ཆོས་འབྱུང་ངོ་མཚར་གཏམ་གྱི་རོལ་མོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ༡༩༩༢

༡༤ རྣལ་འབྱོར་པ་ཁྲག་འཐུང་རྒྱལ་པོས་མཛད་པའི་སྒྲ་བསྒྱུར་མར་པའི་རྣམ་ཐར་མཐོང་བ་དོན་ལྡན། ངོམ་ཚང་རོང་ཤིང་སྤར།

༡༥ ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང༌། ལྡི་ལི། ༡༩༦༩

༡༦ དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་ཆོས་འབྱུང་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ༡༩༩༠

༡༧ མི་བཟང་ལོ་ཆེན་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཡུལ་དུ་དམ་པའི་ཆོས་དར་ཚུལ་གཙོ་བོ་བཤད་པ་བློ་གསལ་ཀུན་ཏུ་དགའ་བའི་རྣ་རྒྱན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ༡༩༨༣

༡༨ དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ༡༩༩༠

༡༩ དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ༡༩༩༠

༢༠ དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ༡༩༩༠

༢༡ བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པའི་ཆོས་འབྱུང་གཡུལ་ལས་རྣམ་པར་རྒྱལ་བའི་རྔ་བོ་ཆེ། ཀ་ལོན་སྦུག ༡༩༦༤

༢༢ དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ། བོད་ལྗོངས་དཔེ་སྐྲུན་ཁང༌། ༢༠༠༢

༢༣ མཁས་བཙུན་བཟང་པོས་ཕྱོགས་བསྒྲིགས་བྱས་པའི་རྒྱ་གར་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨའི་འཛུམ་ཞལ། དྷ་ས་བོད་ཀྱི་དཔེ་མཛོད། ༡༩༧༣

༢༤ མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་མཁས་འཇུག་གསར་འགྲེལ་ལ་དཔྱད་པ་བདེན་རྫུན་གསལ་བའི་སྒྲོན་མེ། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང༌། ༢༠༠༢

༢༥ ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ༡༩༩༧

༢༦ ཐུབ་བསྟན་མཆོག་སྒྲུབ་ཀྱིས་བརྩམས་པའི་འཕགས་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ། ལྡི་ལི་བོད་ཁང༌། ༢༠༠༤

1 ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཐ༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་ ༡བ༡ ནས་ ༢ན༦ བར།

One comment

  1. ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ཆོས་བརྒྱུད་དེ་དག་ལོ་ངོ་སྟོང་ཕྲག་རིང་ང་ཚོ་བོད་པ་ཚོས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་ཡོད་པ་དང་། ད་ཆར་འཛམ་གླིང་འདིར་ང་ཚོའི་ངོས་ནས་ཞབས་འདེགས་སྒྲུབ་པའི་དུས་སྐབས་ཤིག་ཆགས་ཡོད། ཅེས་གསུངས་སོ།།

Leave a Reply

Your email address will not be published. Required fields are marked *