མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཐེམ་སྐས་མ།

སློབ་དཔོན་འཕགས་མཆོག་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུ་འབྲས་སྨོན་ལམ་བཞུགས་སོ། །

 

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་བླ་མ་དང་། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །ལྷ་ཡི་དྲང་སྲོང་སྨོན་ལམ་ཅན། །ལྷག་པའི་སྨོན་ལམ་འགྲུབ་པར་ཤོག །མིར་གྱུར་ཡུལ་དབུས་སྐྱེས་པ་དང་། །དབང་པོ་ཚང་ཞིང་གནས་ལ་དད། །དེ་བཞིན་ལས་མཐའ་མ་ལོག་པ། །རང་འབྱོར་ལྔ་དང་ལྡན་པར་ཤོག །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་རྟག་ཏུ་སྙིང་བརྩེ་བས[1]། །གཞན་འབྱོར་ལྔ་དང་ལྡན་པར་ཤོག །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་ཀྱིས་སྟོངས་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་བར་ཤོག །དད་པ་དང་ནི་གཏོང་བ་དང་། །ཐོས་དང་ཚུལ་ཁྲིམས་ཤེས་རབ་དང་། །ཁྲེལ་ཡོད་ངོ་ཚ་ཤེས་པ་སྟེ། །འཕགས་ནོར་བདུན་དང་ལྡན་པར་ཤོག །

སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །འཆད་རྩོད་དགོངས་འགྲེལ་མངའ་བ་དང་། །ཐུགས་རྗེ་རྒྱུན་ཆད་མེད་པ་ཡི། །བླ་མ་རྣམས་དང་མཇལ་བར་ཤོག །དེས་གསུངས་སོ་ཐར་བྱང་སེམས་དང་། །རིག་འཛིན་སྔགས་ཀྱི་བསླབ་བྱ་རྣམས། །ཇི་ལྟར་ནོས་ཤིང་བསྲུང་བ་རྣམས། །གོང་ནས་གོང་དུ་འཕེལ་བར་ཤོག །གསལ་སྟོང་དབྱེར་མེད་རྟོགས་པ་དང་། །སྣང་སྟོང་ཟུང་དུ་འཇུག་པ་དང་། །བདེ་སྟོང་བླ་ན་མེད་པ་ཡིས། །སྒྲིབ་གཉིས་བག་ཆགས་དག་པར་ཤོག །འདོད་པ་ཆུང་ཞིང་ཆོག་ཤེས་དང་། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །ལོག་པའི་འཚོ་བ་ཀུན་སྤངས་ནས། །ཆོས་ཀྱི་འཚོ་བས་འཚོ་བར་ཤོག །གང་ཞིག་དགྲ་བཅོམ་ཕ་མ་གསོད། །མཐུན་པའི་དགེ་འདུན་དབྱེན་འབྱེད་[2]ཅིང་། །དེ་བཞིན་གཤེགས་ལ་སྐུ་ཁྲག་འབྱིན། །མཚམས་མེད་ལྔ་ལས་ཐར་བར་ཤོག །མཆོད་རྟེན་བཤིག་ཅིང་བྱང་སེམས་གསོད། །དགེ་སློང་མ་ལ་སུན་འབྱིན་པ། །སློབ་པ་བསོད་དང་མཆོད་ནོར་བརྐུ[3]། །ཉེ་བ་ལྔ་ལས་ཐར་བར་ཤོག །གསོད་བརྐུ་[4]རྫུན་དང་འདོད་ལོག་སྤྱོད། །ཕྲ་མ་ཚིག་རྩུབ་ངག་འཁྱལ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ། །མི་དགེ་བཅུ་ལས་ཐར་བར་ཤོག །མནར་མེད་ཚ་བ་རབ་ཚ་དང་། །ངུ་འབོད་ཅན་དང་ངུ་འབོད་ཆེ། །བསྡུས་འཇོམས་ཐིག་ནག་ཡང་སོས་[5]ཏེ། །ཚ་དམྱལ་བརྒྱད་ལས་ཐར་བར་ཤོག །ཆུ་བུར་ཅན་དང་ཆུ་བུར་རྡོལ། །སོ་ཐམ་ཨ་ཆུ་ཀྱི་ཧུད་དང་། །ཨུཏྤལ་པདྨ་པད་ཆེར་གས། །གྲངས་དམྱལ་བརྒྱད་ལས་ཐར་བར་ཤོག །ཉི་ཚེ་ཉེ་འཁོར་རོ་མྱགས་[6]འདམ། །མི་གཙང་འདམ་དང་མེ་མ་མུར། །ཆུ་བོ་རབ་མེད་ཤལ་མ་ལི། །དེ་དག་གནས་ལས་ཐར་བར་ཤོག །ཕྱི་སྒྲིབ་ཅན་དང་ནང་སྒྲིབ་ཅན། །ཟས་སྐོམ་གཉིས་ཀའི་སྒྲིབ་པ་ཅན། །མེ་ལྕེའི་འཁོར་ལོ་ཅན་ལ་སོགས། །ཡི་དྭགས་གནས་ལས་ཐར་བར་ཤོག །བྱིང་ན་གནས་དང་ཁ་འཐོར་གནས། །གླེན་ལྐུགས་གཅིག་ལ་གཅིག་ཟ་དང་། །གསོད་གཅོད་བཀོལ་བརྡུང་བྱེད་ལ་སོགས། །དུད་འགྲོའི་གནས་ལ་ཐར་བར་ཤོག །ལྷ་ལ་འཕོ་དང་ལྟུང་བ་དང་། །ལྷ་མ་ཡིན་ལ་འཐབ་རྩོད་དང་། །མི་ལ་སྐྱེ་རྒ་ན་འཆི་དང་[7]། །སྡུག་བསྔལ་གནས་ལས་ཐར་བར་ཤོག །འཇམ་དཔལ་དབྱངས་ཀྱི་མཁྱེན་རབ་དང་། །སྤྱན་རས་གཟིགས་ཀྱི་སྙིང་རྗེ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཤཱ་རཱི་[8]བུ་ཡི་ཤེས་རབ་དང་། །མོ་འུ་འགལ་བུ་ཡི་རྫུ་འཕྲུལ་དང་། །ཀུན་དགའ་བོ་ཡི་ཐོས་པ་ཡིས། །བདེ་བ་ཅན་དུ་སྐྱེ་བར་ཤོག །ས་ར་ཧ་ཡི་རྟོགས་པ་དང་། །ཀླུ་སྒྲུབ་སྙིང་པོའི་མཁྱེན་པ་དང་། །བིར་ཝ་པ་ཡི་བྱིན་རླབས་ཀྱིས། །བདེ་བ་ཅན་དུ་སྐྱེ་བར་ཤོག །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སངས་རྒྱས་བྱང་སེམས་བྱིན་རླབས་དང་། །ཚོགས་གཉིས་ཡོངས་རྫོགས་མངའ་ཐང་སྟེ། །ཆོས་ཉིད་བདེན་པ་འགྲུབ་པར་ཤོག །སྤངས་རྟོགས་མཐར་ཕྱིན་སངས་རྒྱས་དང་། །ལུང་དང་རྟོགས་པ་དམ་པའི་ཆོས། །ས་བཅུའི་བྱང་སེམས་དགེ་འདུན་ཏེ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག ། དགེའོ།། ཤུབྷཾ།།   །།

སྨོན་ལམ་འདི་ཉིད་བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༧༢༠ ནས་ ༧༢༢ བར་གསལ་བ་ལས་བཏུས་པ་གཞི་རྩར་འཛིན་ཅིང་། དེའི་ཐོག་ཀཾ་ཚང་ཆོས་སྤྱོད་གསལ་རབ་གསལ་གྱི་སྨོན་ལམ་ཐོར་བུའི་དཔེ་གཟུགས་ཤོག་གྲངས་ ༢༠ མདུན་ཤོག་ཡིག་ཕྲེང་དང་པོ་ནས་ ༢༡ རྒྱབ་ངོས་ཡིག་ཕྲེང་ ༦ པ་བར་གསལ་བ་དང་དཔེ་བསྡུར་ཞུས་ཏེ་དག་སྡེབ་མི་འདྲ་བ་རྣམས་བསྡུར་མཆན་དུ་བཀོད་ཡོད་ལ། བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས་ལས་མཚན་བྱང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུ་འབྲས་སྨོན་ལམ་བཞུགས། ཞེས་དང་། ཀཾ་ཚང་སྨོན་ལམ་ཐོར་བུའི་སྐབས་སུ་མཚན་བྱང་ཐོག་སློབ་དཔོན་འཕགས་མཆོག་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུ་འབྲས་སྨོན་ལམ་བཞུགས་སོ། །ཞེས་ཕལ་ཆེར་འདྲ་མཚུངས་སུ་འཁོད་ཅིང་། ནམ་རྒྱུན་ཡོངས་གྲགས་སྨོན་ལམ་ཐེམ་སྐས་ཞེས་བརྗོད། འོན་ཀྱང་། ཀླུ་སྒྲུབ་སྙིང་པོའི་མཁྱེན་པ་དང་། །ཞེས་སོགས་ཀྱི་ཚིགས་སུ་བཅད་རྣམས་པ་གཅིག་མཚུངས་སུ་སྣང་བས། མཇུག་གི་སྨོན་ལམ་རྣམས་དུས་ཕྱིས་ཁ་སྣོན་མཛད་པ་ཞིག་ཡིན་ན་ལས། དེ་མིན་ཀླུ་སྒྲུབ་རང་ཉིད་ཀྱིས་རང་ཉིད་ལ་བསྟོད་ཕྱག་བྱེད་མི་སྲིད་པས། རྒྱུ་འབྲས་སྨོན་ལམ་འདི་ཉིད་ཀླུ་སྒྲུབ་ཀྱིས་མཛད་པ་ཡོངས་གྲགས་ཡིན་པས་དཔྱད་དགོས་པར་སྣང་ལ། སྨོན་ལམ་རྒྱུ་འབྲས་མ་འདི་བསྟན་འགྱུར་དུ་འཁོད་པ་མི་སྣང་བས་སྐབས་འདིར་ཞལ་སྐོང་ཞུས་པ་ནི་ཕྱོགས་སྒྲིག་པའི་གསལ་བཤད་ཙམ་མོ།།

[1] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། ཤོག ༢༠ན༤ ལས། བརྩེ་བའི། ཞེས་གསལ།

[2] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། ཤོག ༢༠བ༥ ལས། བྱེད་ཅིང་། ཞེས་གསལ།

[3] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། ཤོག ༢༠བ༦ ལས། ནོར་རྐུ། ཞེས་གསལ།

[4] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། ཤོག ༢༡ན༡ ལས། གསོད་རྐུ། ཞེས་གསལ།

[5] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། ཤོག ༢༡ན༢ ལས། ཡང་གསོས། ཞེས་གསལ།

[6] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། ཤོག ༢༡ན༤ ལས། རོ་མྱག ཅེས་གསལ།

[7] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། ཤོག ༢༡བ༡ ལས། སོགས། ཞེས་གསལ།

[8] ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུ། ཤོག ༢༡བ༢ ལས། ཤཱ་རི། ཞེས་གསལ།

Leave a Reply

Your email address will not be published. Required fields are marked *