ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ།

ཁོང་གི་མཚན་ལ་དགེ་བཤེས་གུང་ཐང་བའང་ཞུ་ཞིང་། འདི་ཉིད་ལྕགས་ཕག་ལོ་སྟེ། སྤྱི་ལོ1011ལོར་མངའ་རིས་རྫོང་དགའི་ལྷ་གདོང་ཞེས་པའི་ས་ཆར་ནག་ཚོ་གདུང་རྒྱུད་དུ་སྐུ་འཁྲུངས།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 那措茨诚杰布 མིང་གཞན། འདུལ་འཛིན་པ།དགེ་བཤེས་གུང་ཐང་བ།
འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1011-1064) འཁྲུངས་ཡུལ། མངའ་རིས་རྫོང་དགའི་ལྷ་གདོང་ས་ཆ།
ཐོབ་ཐང་། ལོ་ཙཱ་བ། འཐུས་ཚབ་བརྩམས་ཆོས། 《མ་ག་དྷ་བཟང་མོའི་རྟོགས་བརྗོད》ཀྱི་འགྱུར་སོགས་མང་ངོ་།།
མཛད་སྤྱོད། མདོ་སྔགས་ཀྱི་རྒྱ་གཞུང་མང་བོ་བོད་དུ་བསྒྱུར། ལྷ་བླ་མ་བྱང་ཆུབ་འོད་ཀྱི་བཀའ་བཞིན་ཇོ་བོ་རྗེ་བོད་དུ་གདན་དྲངས་ནས་གདམས་ངག་ཡོངས་རྫོགས་གནང་བར་བསྐུལ། ཇོ་བོའི་ལུང་བསྟན་བཞིན་སྒྲུབ་པ་ཉམས་བཞེས་མཛད་ནས་ཡི་དམ་གྱི་ཞལ་གཟིགས་ཏེ་མཆོག་གི་དངོས་གྲུབ་བརྙེས།    

དཀར་ཆག

1   མི་སྣའི་ངོ་སྤྲོད།

2   བརྩམས་ཆོས།

1 མི་སྣའི་ངོ་སྤྲོད།

ཁོང་གི་མཚན་ལ་དགེ་བཤེས་གུང་ཐང་བའང་ཞུ་ཞིང་།  འདི་ཉིད་ལྕགས་ཕག་ལོ་སྟེ།  སྤྱི་ལོ1011ལོར་མངའ་རིས་རྫོང་དགའི་ལྷ་གདོང་ཞེས་པའི་ས་ཆར་ནག་ཚོ་གདུང་རྒྱུད་དུ་སྐུ་འཁྲུངས།  རབ་ཏུ་བྱུང་བའི་མཚན་ལ་ཚུལ་ཁྲིམས་རྒྱལ་བ་དང་འདུལ་བ་མཁས་པར་མཁྱེན་པས་འདུལ་འཛིན་པར་ཡང་གྲགས།  རྒྱ་གར་དུ་སློབ་གཉེར་ལ་བྱོན་པ་ན་རྒྱ་བརྩོན་འགྲུས་སེང་གེས་མགོ་གཉེར་མཛད་དེ་ཇོ་བོ་ལ་སོགས་པའི་པཎྜི་ཏའི་ས་ནས་ཆོས་མང་དུ་གསན་པ་དང་། རྒྱ་བརྩོན་འགྲུས་སེང་གེ་ལས་མངོན་པ་གསན།  སླར་བོད་དུ་ཕེབས་པ་ན་ལྷ་བླ་མ་བྱང་ཆུབ་འོད་ཀྱི་བཀའ་བཞིན་རབ་བྱུང་དང་བོའི་མེ་གླང་ལོ་སྟེ།  སྤྱི་ལོ1037ལོར་འདི་ཉིད་འཁོར་ལྔ་དང་བཅས་ཕྱག་རྟེན་གསེར་སྲང་སུམ་ཅུ་སོ་གཉིས་དང་།  གསེར་ལིང་བ་གཅིག་བསྐུར་བ་རྣམས་བསྣམས་ཏེ་རྒྱ་གར་དུ་ཇོ་བོ་གདན་འདྲེན་པར་ཕེབས།  ཇོ་བོ་རྗེ་ལོ་བཅུ་དགུའི་བར་ཚུལ་བཞིན་དུ་བསྟེན་ཅིང་།  མཐར་ནག་ཚོས་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་ལ་ཇོ་བོ་བོད་དུ་ལོ་གསུམ་བཞུགས་ནས་རྒྱ་གར་དུ་ཕར་གདན་དྲངས་རྒྱུའི་མནའ་དམ་ཕུལ་ཏེ་བོད་དུ་གདན་དྲངས།  འདི་ཉིད་ཀྱིས་ཇོ་བོ་སྤྱན་དྲངས་ནས་བོད་ཁམས་ལ་དྲིན་ཆེ་བས་སྐབས་དེར་བོད་སྟོན་ཐམས་ཅད་ཀྱིས་འདི་ཉིད་ལ་སློབ་དཔོན་ཞེས་བརྗོད།  ནག་ཚོ་སྙེ་ཐང་ནས་མངའ་རིས་སུ་འབྱོན་ཁར་ཇོ་བོས་བསླབ་བྱ་མང་བོ་མཛད་པ་དང་།  དམ་ཚིག་གསུམ་བཀོད་ཀྱི་སྐུ་ཕྱག་ཏུ་བཟུང་ནས་བྱིན་རླབས་མཛད། འདུལ་བའི་མདོ་རྩ་དང་། གསང་འདུས་རྒྱུད་དཔེ།  སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྐོར་སོགས་སྦས་ཆོས་ཉི་ཤུ་གནང་། དེ་རྗེས་ཇོ་བོ་རྗེས་ལུང་བསྟན་པ་བཞིན་སྒྲུབ་པ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པར་གྲགས།མཐར་རབ་བྱུང་དང་བོའི་ཤིང་འབྲུག་ལོ་སྟེ། སྤྱི་ལོ1064ལོར་སྐུ་གཤེགས།

2 བརྩམས་ཆོས།

འདི་ཉིད་ཀྱི་འགྱུར་ལ།  མདོ་མང་སྐོར་ལས།  《མ་ག་དྷ་བཟང་མོའི་རྟོགས་བརྗོད》  《འཕགས་པ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོགས་པ་ལེའུ་ལྔ》 《དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རབ་བྱེད་བཞི་བཅུ་རྩ་གཅིག་པ》སོགས་དང་། བསྟན་འགྱུར་ལས། 《བདུད་བཏུལ་བ་ལ་བསྟོད་པ》 《ཆོས་དབྱིངས་བསྟོད་པ》 《དཔེ་མེད་པར་བསྟོད་པ》 《འཇིག་རྟེན་ལས་འདས་པར་བསྟོད་པ》《སེམས་ཀྱི་རྡོ་རྗེའི་བསྟོད་པ》 《དོན་དམ་པར་བསྟོད་པ》 《སྐུ་གསུམ་ལ་བསྟོད་པ》 《དགེ་བ་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ》ཞེས་བྱ་བ་སོགས་མང་ངོ་།།

དཔྱད་གཞིའི་ཡིག་ཆ།

1  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002-4པའི་པར་གཞི་དང་པོ། ཤོག་ངོས1197-1198ན་གསལ།

 

 

 

 

 

རྒྱ་བརྩོན་འགྲུས་སེང་གེ།

ཁོང་གི་མེས་པོའི་རྒྱུད་ནི་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཇོ་བོ་སྤྱན་འདྲེན་མཁན་གྱད་མི་ལྷ་དགའ་དང་། ཁྲི་སྲོང་སྐབས་ཀྱི་རྒྱ་སང་ཤི་དང་སྦ་གསལ་སྣང་བཅས་ཡིན་པར་གྲགས།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 嘉尊智僧格 འཐུས་ཚབ་བརྩམས་ཆོས། 《ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་དང་བཅས་པའི་གཟུངས》སོགས་ཀྱི་འགྱུར་མང་ངོ་།།

དཀར་ཆག

1   མི་སྣའི་ངོ་སྤྲོད།

2   བརྩམས་ཆོས།

1 མི་སྣའི་ངོ་སྤྲོད།

ཁོང་གི་མེས་པོའི་རྒྱུད་ནི་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཇོ་བོ་སྤྱན་འདྲེན་མཁན་གྱད་མི་ལྷ་དགའ་དང་།  ཁྲི་སྲོང་སྐབས་ཀྱི་རྒྱ་སང་ཤི་དང་སྦ་གསལ་སྣང་བཅས་ཡིན་པར་གྲགས། རྒྱ་བརྩོན་འགྲུས་སེང་གེ་རྒྱ་གར་ལ་ཆོས་སློབ་པར་བཞུགས་སྐབས། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྒྱ་གར་དུ་སློབ་གཉེར་ལ་ཕེབས་པས།  རྒྱ་བརྩོན་འགྲུས་སེང་གེས་མགོ་གཉེར་མཛད་དེ་ཇོ་བོ་ལ་སོགས་པའི་པཎ་ཊི་ཏའི་ས་ནས་ཆོས་མང་དུ་གསན།  ནག་ཚོ་སླར་གུང་ཐང་དུ་ཕེབས་པ་ན་ལྷ་བཙུན་པས་ཇོ་བོ་སྤྱན་འདྲེན་པར་མངགས།  རྒྱ་བརྩོན་འགྲུས་སེང་གེས་ནག་ཚོ་ཇོ་བོའི་སྤྱན་སྔར་ཁྲིད་དེ་ཇོ་བོར་བོད་ཀྱི་རྒྱལ་བོས་ཇོ་བོ་སྤྱན་འདྲེན་པ་ལ་སྐུ་ལས་ཅི་ཙམ་བསྐྱོན་པ་དང་།  ཇོ་བོ་བོད་དུ་ཕེབས་ཚེ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཡོད་ཚུལ་སོགས་ཐེངས་མང་ཞུས་པས་ཇོ་བོ་བོད་དུ་ཕེབས་རྒྱུའི་ཞལ་བཞེས།  རབ་བྱུང་དང་བོའི་ས་ཡོས་སམ་ལྕགས་འབྲུག་ལོ་སྟེ།  སྤྱི་ལོ1039ལོའམ1040ལོར་ཇོ་བོ་གདན་དྲངས་ནས་བལ་ཡུལ་དུ་ཕེབས་སྐབས་རྒྱ་བརྩོན་འགྲུས་སེང་གེ་སྐུ་གཤེགས།

2 བརྩམས་ཆོས།

འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས།  《ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་དང་བཅས་པའི་གཟུངས》 བསྟན་འགྱུར་ལས། 《དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ》 ཞེས་བྱ་བ་མཆོག་གི་དངོས་གྲུབ་བརྙེས་པ་སློབ་དཔོན་དཱ་རི་ཀ་བས་མཛད་པ།《གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག》ཛ་ཡ་སེ་ནཱས་མཛད་པ། 《དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས》ཞེས་བྱ་བ་ཏྲི་ས་ར་ཧ་བས་མཛད་པ།《རིན་པོ་ཆེ་རྒྱན་གྱི་སྒྲུབ་པ》《རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས》 《དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས》 ཞེས་བྱ་བ་རྣམས་རྗེ་དཱི་བམ་ཀཱ་ར་ཤྲཱི་ཛྙཱ་ནས་མཛད་པ།  《ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ》ཞེས་བྱ་བ་སོགས་མང་ངོ་།།

དཔྱད་གཞིའི་ཡིག་ཆ།

1  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2002ལོར་དཔར་ཐེངས་དང་བོ་དཔར། ཤོག་ངོས645-646ན་གསལ།

 

 

 

 

བུ་སྟོན་རིན་ཆེན་གྲུབ།

བུ་སྟོན་རིན་གྲུབ་བམ་བུ་སྟོན་ཐམས་ཅད་མཁྱེན་པ་ནི་རབ་བྱུང་ལྔ་བའི་ནང་དུ་བྱོན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཞིག་ཡིན་ཞིང་། བཀའ་བརྒྱུད་པ་ཁྲོ་ལོའི་ཡང་སློབ་ཡིན། ཁོང་རྒྱ་གར་དུ་ཕེབས་མ་མྱོང་ཡང་། ཐར་ལོ་ཉི་མ་རྒྱལ་མཚན་གྱི་དྲུང་དུ་སྒྲ་རིག་པ་ལ་སྦྱངས་པ་མཛད་དེ། སྔར་བོད་དུ་མ་འགྱུར་བའི་རྒྱ་དཔེ་འགའ་ཞིག་ཀྱང་བོད་སྐད་དུ་བསྒྱུར་བར་མཛད་པ་མ་ཟད། མདོ་སྔགས་རིག་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཞེས་བོད་ཀྱི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས། ཁོང་གིས་བོད་དུ་འགྱུར་བའི་བསྟན་བཅོས་རྣམས་ལེགས་བསྒྲིགས་བྱས་ཤིང་མདོ་སྔགས་རིག་གནས་ཆེ་ཆུང་གི་གཞུང་བརྒྱ་ཕྲག་མང་པོ་མཛད་ཡོད་དོ། །

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 布顿•仁钦竹 མིང་གཞན། བུ་སྟོན་ཐམས་ཅད་མཁྱེན་པ།
འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1290—1364) འཁྲུངས་ཡུལ། གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས།
ཡབ། རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་། ཡུམ། བསོད་ནམས་འབུམ།
གྲུབ་མཐའ། བཀའ་བརྒྱུད་པ། འཐུས་ཚབ་བརྩམས་ཆོས། 《བསྟན་པ་སྤྱིའི་ཆོས་འབྱུང》

དཀར་ཆག

1   ངོ་སྤྲོད།

2   བསྟན་འགྲོའི་དོན་མཛད་ཚུལ།

3   མཛད་རྗེས།

4   སློབ་མའི་སྡེ།

5   བརྩམས་ཆོས།

6   འགྱུར་ཆོས།

1 ངོ་སྤྲོད།

ལོ་ཙཱ་བ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ནི་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་ཞེས་བྱ་བའི་ཡུལ་དུ་ཡབ་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང༌། ཡུམ་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་བའི་ལྕགས་སྟག་སྤྱི་ལོ1290ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ངོ་མཚར་གྱི་ལྟས་བཟང་པོ་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་ལྔ་ནས་མ་ཡུམ་ལས་ཡི་གེའི་སྦྱོར་ཀློག་དང༌། དབོན་རྒྱམ་སེང་ལས་རྩིས་དང་ཡི་གེའི་རིག་པ་ལ་སྦྱངས། དགུང་ལོ་བདུན་པར་ཁྲོ་ཕུ་བསོད་ནམས་སེང་གེའི་དྲུང་དུ་ཐེག་ཆེན་སེམས་བསྐྱེད་གསན། དགུང་ལོ་བརྒྱད་པ་ལ་རྙིང་མའི་བླ་མ་ཚུལ་ཁྲིམས་དཔལ་བཟང་གི་སྤྱན་སྔར་གསང་སྔགས་རྙིང་མའི་ཆོས་སྐོར་ཡོངས་རྫོགས་གསན། གཞན་ཡང་གསོ་བ་རིག་པའི་སྐོར་གྱི་སྨན་དཔྱད་དང་བཟོ་རིག་སྐོར་གྱི་ཐིག་ཚད་ཀྱང་སྦྱང་བརྩོན་གནང༌།         དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་མེ་ལུག་སྤྱི་ལོ1307ལོར་ཁྲོ་ཕུར་མཁན་ཆེན་སེང་གེ་དཔལ་དང་སློབ་དཔོན་ཚད་མའི་སྐྱེས་བུ་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས། སློབ་དཔོན་བསོད་ནམས་མགོན་ལས་ཕར་ཕྱིན་དང་འདུལ་བ་ཚད་མའི་གཞུང་སོགས་མ་ལུས་པ་གསན་ཏེ་ལོ་གཉིས་ཙམ་གྱི་རིང་ཉིན་མོ་གསོལ་བ་དལ་ལྷོད་ཀྱིས་བཞེས་ལོང་དང༌ན་བཟའ་རལ་པའང་ཚེམས་ལོང་མེད་ལ། མཚན་མོ་དཀར་མེའི་འོད་ལ་དཔེ་གཟིགས་མཛད་པ་སོགས་དཀའ་སྤྱད་བརྩོན་པ་ཆེན་པོ་མཛད་པས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན། དགུང་ལོ་ཉེར་གཅིག་བཞེས་པ་ན་དབུས་གཙང་གི་ཆོས་སྡེ་ཆེན་པོ་རྣམས་སུ་གྲྭ་སྐོར་མཛད། དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང་ཁ་རག་བྱང་གཞོན། གཙང་ནས་མཁས་པ་དཔལ་ལྡན་སེང་གེ་དང༌། འཇམ་སྐྱ་སོགས་ལུང་རིགས་ཀྱིས་བཏུལ་བས་སྙན་གྲགས་དབུས་གཙང་ཀུན་ཏུ་ཁྱབ། མཁས་པའི་ཁྲོད་དུ་ཕ་སྟོན་པ་ལ་བུའང་སྟོན་པ་བྱུང་འདུག་ཅེས་བུ་སྟོན་ཞེས་པའི་མཚན་ཡང་དེ་ནས་ཐོགས། དགུང་ལོ་ཉེར་གསུམ་པ་ཆུ་བྱི་སྤྱི་ལོ1312ལོར་མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ་དང༌། སློབ་དཔོན་བསོད་ནམས་གྲགས་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཁྲོ་ཕུར་ཕར་ཕྱིན་དང༌། འདུལ་བ། མངོན་པ་བཅས་ཀྱི་འཆད་ཉན་ལེགས་པར་མཛད། དེ་ནས་ཐར་པ་གླིང་དུ་ཕེབས་ནས་ལོ་ཙཱ་བ་ཆེན་པོ་ཐར་ལོ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན། ལོ་བཞི་ཙམ་འབད་པ་ལྷོད་མེད་མཛད་པས་སྒྲ་ཙནྡྲ་བ་དང་ཀ་ལཱ་པའི་མདོ་འབྲེལ་དང་བཅས་སྒྲ་རིག་པའི་སྐོར་ལེགས་པར་གསན་པ་དང་ཆབས་ཅིག་སྙན་ངག  སྡེབ་སྦྱོར། ཟློས་གར་སོགས་ལ་མཁས་པ་མ་ཟད།  རྒྱ་གར་སོགས་སུ་ཕེབས་མ་མྱོང་ནའང་རྒྱ་གར་ཤར་ནུབ་དང༌། ཁ་ཆེ། སིང་ག་ལ་སོགས་ཀྱི་སྐད་རིགས་མཁྱེན་ཏེ་འགྲན་ཟླ་དང་བྲལ་པའི་ལོ་ཙཱ་བ་ཞིག་ཏུ་གྱུར། བཀའ་དང་བསྟན་བཅོས་མང་དག་ཅིག་བོད་བསྒྱུར་མཛད། དེ་ནས་གསུང་ངག་རིན་པོ་ཆེ་ལས་དུས་འཁོར་གྱི་དབང་གོང་མ་ཞུས་ཏེ། འདག་སྦྱར་གྱི་སྐུ་མཚམས་ལ་རྩེ་གཅིག་ཏུ་བསྒོམས་པས་བདེ་སྟོང་དབྱེར་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། གཞན་ཡང་སྦྱོར་བ་དྲུག་དང་རྒྱུད་ཕྱི་མ་སོགས་དུས་འཁོར། རྡོ་རྗེ་སྙིང་འགྲེལ་ལ་སོགས་པ་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་དུ་མ་གསན། དེ་རྗེས་དཔལ་དུས་ཀྱི་འཁོར་ལོ་ལ་ཐུགས་སྦྱོང་དཔྱིས་ཕྱིན་མཛད་ཕྱིར་དབོན་པོ་རྡོ་རྗེ་རྒྱལ་མཚན་གྱི་དྲུང་ནས་དུས་འཁོར་ཆ་ལག་མ་ཚང་བ་མེད་པ་གསན་པས་དུས་འཁོར་ལ་ཤིན་ཏུ་མཁས་པར་གྱུར་ཏེ་གངས་ཅན་གྱི་ལྗོངས་འདི་ན་ཕྱིས་བྱོན་གྱི་མཁས་པ་རྣམས་ཀྱི་ནང་ནས་དུས་འཁོར་ལ་མཁས་པ་བུ་དོལ་གཉིས་ཞེས་སྙན་གྲགས་ཀྱིས་ཁྱབ།

2 བསྟན་འགྲོའི་དོན་མཛད་ཚུལ།

དགུང་ལོ་སོ་གཅིག་པ་ལྕགས་སྤྲེལ་སྤྱི་ལོ1320ལོར་ཞ་ལུ་ཆོས་སྡེ་ཆེན་པོའི་གདན་ས་བཟུང༌། སྔགས་དང་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ནས་དམ་ཆོས་འཆད་སྤེལ་ལོ་ངོ་སུམ་ཅུ་སོ་དྲུག་ལ་མཛད། དེ་རྗེས་ཇོ་བོ་ཨ་ཏི་ཤ་ཡིས་བྱིན་གྱིས་བརླབས་པའི་གནས་ཞ་ལུ་རི་ཕུག་ཏུ་བདེ་ཆེན་ཕོ་བྲང་ཞེས་པའི་གཙུག་ལག་ཁང་དགེ་འདུན་གྱི་སྡེ་གསར་དུ་བཞེངས། མདོ་སྔགས་ཀྱི་བཤད་གྲྭ་ཆེན་པོ་བཙུགས། རི་ཕུག་ཏུ་ཚོགས་པ་དྲུག་དང༌། ཞ་ལུར་སུམ་སྟོང་བརྒྱད་བརྒྱ་རེ་འདུས། སྣར་ཐང་གི་བསྟན་འགྱུར་ལ་ཞུ་དག་གནང་ཞིང༌། དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་པ་བསྒྲིགས། རྒྱ་གར་ནས་བོད་དུ་འགྱུར་བའི་གླེགས་བམ་ཕལ་ཆེ་བར་ཞིབ་མོར་དཔྱད་དེ་བསྒྲིགས་རིམ་སྔ་ཕྱི་གཏན་འབེབས་མཛད་ནས་བསྟན་འགྱུར་དེ་རྣམས་གཅིག་ཏུ་བསྟན་པའི་རྩ་ལག་ཏུ་གྱུར། གྲུབ་མཐའ་རིས་མེད་ཀྱི་མཁས་པ་སྤྱིས་ཆོས་རྗེ་བུ་སྟོན་ནི་ཚད་མའི་སྐྱེས་བུར་འཛིན། རྗེ་འདི་ཉིད་ཀྱིས་བུ་ལུགས་གྲུབ་མཐའི་སྲོལ་བཏོད་པས་དེའི་རྒྱུད་འཛིན་རིམ་བྱོན་རྣམས་ལ་ཞ་ལུ་བའི་གྲུབ་མཐའ་བུ་ལུགས་ཞེས་གྲགས། ཆོས་གསུངས་བའི་གནས་ཞ་ལུ་དང་། རི་ཕུག ཁྲོ་ཕུ་གཙོ་བོར་མཛད། མདོ་སྔགས་རིགས་གནས་ཀྱི་བཤད་པ་མཛད་སྐབས་ལྗགས་མྱུར་བ། ཚིག་གསལ་བ། དོན་ཟབ་པ། མཁས་པ་སྔ་མས་གསུངས་པའི་རྗེས་ཟློས་མ་ཡིན་པ། སྔ་ཕྱིའི་ཟློས་སྐྱོན་དང་། འགལ་བའི་སྐྱོན་དང་བྲལ་བ། དཀའ་གནད་ཟབ་པ། གཞུང་ཆེན་པོ་ཕན་ཚུན་བསྡུར་ནས་དཀའ་གནད་དོགས་དཔྱོད་ཞུས་དག་མཛད་དེ་དཔྱད་གཞི་མ་དགོས་པར་ཐུགས་ནས་གསུངས་པར་སྐྱེ་བོ་ཀུན་ཧ་ལས་པར་གྱུར། སྔ་ཕྱིར་དཔལ་ལྡན་ས་སྐྱ་དང་། བོ་དོང་། ལྷོ་ཁ་ཁྲ་འབྲུག འོལ་ཁ། དྭགས་ལ་སྒམ་པོ། གདན་ས་ཕག་གྲུ། བསམ་ཡས། ཡེར་བ། ལྷ་ས། མཚུར་ཕུ་སོགས་གང་སར་འཆད་ཉན་ཡོད་པ་རྣམས་དར་རྒྱས་སུ་མཛད་ཅིང་། མེད་པ་རྣམས་གསར་དུ་བཙུགས་ཏེ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད།

3 མཛད་རྗེས།

དམ་པ་ཁོང་ལ་བསྟན་འགྲོ་སྤྱི་ལ་ཕྱག་རྗེས་ཆེ་བ་མ་ཟད་ལྷག་པར་དུས་འཁོར་དང་བོད་སྐར་རྩིས་ལ་ཡང་ཕྱག་རྗེས་ཤིན་ཏུ་ཆེ། བདག་ཉིད་ཆེན་པོ་འདིའི་རླབས་ཆེན་གྱི་མཛད་འཕྲིན་ཕྱོགས་བཅུར་ཁྱབ་པས་རྒྱ་གར་གྱི་རྒྱལ་པོ་པུ་ནྱ་མ་ལ་སོགས་ཀྱིས་དད་གུས་བླ་མེད་ཞུས།  དགུང་ལོ་ང་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྤྲེལ་སྤྱི་ལོ1344ལོར་གོང་མའི་གདན་ཞུའི་གསེར་ཡིག་པ་འབྱོར་ཡང་མ་ཕེབས་པར་དབེན་པར་སྒྲ་དང་གསང་སྔགས་ཀྱི་གཞུང་མང་པོ་འཕྲོ་བསྒྱུར་དང་གཞི་བསྒྱུར་མཛད། ཧོར་གྱི་མི་དཔོན་བརྒྱ་ཕྲག་དམག་འབུམ་ཚོ་གསུམ་དང་ཁྲི་ཕྲག་གཉིས་ཀྱི་འཁོར་དང་བཅས་དྲུང་དུ་ལྷགས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་གསང་སྔགས་ཀྱི་ཆོས་འཁོར་ཞུས། རེ་གཉིས་པ་ལྕགས་ཡོས་སྤྱི་ལོ1351ལོར་གཡའ་ཕག་གཉིས་ཟིང་འཁྲུག་པ་བསྡུམ་ཆེད་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར། ཕེབས་ལམ་ཀུན་ཏུ་དམ་པའི་ཆོས་ཀྱི་བདུད་རྩི་བསྩལ། སྐལ་ལྡན་གྱི་སྐྱེ་བོ་མང་པོ་སྨིན་གྲོལ་ལམ་ལ་བཀོད།  ཕྱི་ལོར་བྱང་ཆུབ་མཆོད་རྟེན་ཆེན་མོ་བཞེངས་ཤིང་རབ་གནས་མཛད། ཆུ་སྦྲུལ་སྤྱི་ལོ1353ལོར་ས་སྐྱར་བྱོན། ས་སྐྱའི་ལྷ་ཁང་ཆེན་མོར་དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཅིག་ཅན་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཀོད་པ་ཕུལ་དུ་བྱུང་བ་བཞེངས། གཞལ་ཡས་ཁང་གི་རྣམ་གཞག་དེ་ཉིད་གསལ་བ་ཞེས་བ་ལྗགས་རྩོམ་མཛད། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྒྱས་འབྲིང་བསྡུས་གསུམ་དང་། རིན་ཆེན་གསེར་ལས་བཞེངས་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། བོད་ཀྱི་ལོ་པཎ་རྣམས་ཀྱིས་མཛད་པའི་བསྟན་བཅོས་སོགས་གསུང་རྟེན་དུ་མ་བཞེངས་པར་མཛད། དགུང་ལོ་རེ་བདུན་པ་ལ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་ཞ་ལུའི་གདན་ས་གཏད་ནས་རི་ཕུག་ཏུ་གཏན་བཞུགས་མཛད་ཅིང་། དགུང་གྲངས་དོན་བཞི་བའི་མཇུག་ནས་སྐུ་མཚམས་བཅད་དེ་ཉིན་མཚན་འཁོར་མོ་ཡུག་ཏུ་ཙོག་པུར་བཞུགས་པ་ལས་དབུ་སྔས་ལ་མི་རེག་པར་ཉམས་བཞེས་ལ་གཅིག་ཏུ་གཞོལ་མུར་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ1364ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཅིག་ལ་ཞ་ལུ་རི་ཕུག་ཏུ་ཞི་བར་གཤེགས།

4 སློབ་མའི་སྡེ།

གསུང་ལས་འཁྲུངས་པའི་སློབ་མར་མཚོན་ན། གཙོ་བོ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། བྱང་པ་དཀོན་མཆོག་གྲགས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་མགོན་པོ། ཡོ་ག་བ་རིན་བཟང་།  ཡོ་ག་བ་ཚེ་དབང་།  ཁྱུང་པོ་ལྷས་པ་སོགས་ཤིན་ཏུ་མང་པོ་བྱུང་ངོ་། །  སློབ་མའི་རིགས་སུ་རྒྱ་གར་དང་།  བལ་བོ།  རྒྱ་ནག   ཡུ་གུར།   སོག་པོ།  བོད་དབུས་གཙང་མངའ་རིས་མདོ་སྟོད་སྨད་གང་ལས་འདུས།

5 བརྩམས་ཆོས།

རྗེ་འདི་ཉིད་ཀྱི་གསུང་རྩོམ་ལ《ཐེག་པ་ཆེན་པོ་གསང་སྔགས་ཀྱི་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་ཕ་རྒྱུད་མ་རྒྱུད་སོ་སོའི་རྒྱུད་འགྲེལ་སྒྲུབ་ཐབས》དང《ཕར་ཕྱིན་འགྲེལ་ཆུང》《མཐོང་ལམ་སྟོང་མཐུན》《ལྟ་བ་དག་སེལ》《བསྟན་པ་སྤྱིའི་ཆོས་འབྱུང》ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་སྐོར་ཤིན་ཏུ་མང་།  ད་ལྟ་འདྲེན་བྱེད་ཀྱི་ཡུལ་དུ་སྣང་བའི་བཀའ་རྩོམ་རགས་རྩིས་ལྟར་ན་གསང་སྔགས་ཀྱི་སྐོར་ལེ་ཚན་ཉིས་བརྒྱ་ལྷག་དང་། མཚན་ཉིད་ཐེག་པའི་སྐོར། ཕར་ཕྱིན་གྱི་བསྟན་བཅོས། འདུལ་བའི་བསྟན་བཅོས། ཚད་མའི་བསྟན་བཅོས། མངོན་པའི་བསྟན་བཅོས། དེ་བཞིན་རྩིས་དང་། སྒྲ། གསོ་བ་རིག་པའི་བསྟན་བཅོས། ཆོས་འབྱུང་། དཀར་ཆག་བཅས་ལ་ལེ་ཚན་བརྒྱད་ཅུ། ཁྱོན་པོད་ཆེན་ཉི་ཤུ་རྩ་དྲུག་ཡོད་ཅིང་། ད་དུང་སྔ་རྩོམ་གྱི་རིགས་འགའ་ཞིག་གླེགས་བམ་དུ་བསྡུ་མ་ཐུབ་པའི་གཞུང་ཡང་མང་དུ་ཡོད་པར་གྲགས།

6 འགྱུར་ཆོས།

དམ་པ་འདི་ཉིད་ཀྱི་འགྱུར་ལ་མཚོན་ན། དབང་མདོར་བསྟན་གྱི་བཀའ་འགྲེལ་སུམ་བརྒྱ་དྲུག་ཅུ་བ། རྡོ་རྗེ་བདུད་རྩིའི་བཀའ་འགྲེལ་དྲི་མེད་སྙིང་བོས་མཛད་པ། རྡོ་རྗེ་སྙིང་པོ་རྒྱན་གྱི་བཀའ་འགྲེལ་རབ་ཞི་བཤེས་གཉེན་གྱིས་མཛད་པ།  རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་བ་ལཱི་ལ་བཛྲས་མཛད་པ། སྒྲོན་གསལ་གྱི་དཀའ་འགྲེལ་ཐུགས་རྗེ་ཞབས་ཀྱིས་མཛད་པ། གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཁུངས་མ་སོགས་གཞི་འགྱུར་དང་། སྒྲ་ཀཱ་ལ་པའི་འགྲེལ་པ་དུརྒ་བྡྷིའི་མཛད་པ་འཕྲོ་བསྒྱུར། དོན་ཞགས་ཆོ་ག་ཞིབ་མོའི་ཧོར་ཀོང་བསབས་པ་སྔར་མ་འགྱུར་བའི་འཕྲོ་བསྒྱུར་སོགས་སྔོན་མ་འགྱུར་བའི་བཀའ་བསྟན་ཁག་གཅིག་གཞི་འགྱུར་དང་། ཁག་གཅིག་ཞུས་ཆེན། ཁག་གཅིག་ཧོར་ཀོང་བསབས་པ། རྒྱུད་རྫུན་མ་རྣམས་སུན་ཕྱུང་བ་བཅས་རྗེ་འདིས་ཞུས་དག་མཛད་མྱོང་བའི་བཀའ་བསྟན་དང་བརྩམས་པའི་བསྟན་རྣམས་ལ་རྒྱལ་བ་ཙོང་ཁ་བ་ཆེན་པོས་ཀྱང་ཚད་མར་འཛིན་པར་མཛད་དོ། །

 

དཔྱད་གཞིའི་ཡིག་ཆ།

1  བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས་པའི 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྟོད་ཆ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ3པར་པར་ཐེངས་གཉིས་པར་དཔར། ཤོག་ངོས227ན་གསལ།

2  དོན་རྡོར་དང་བསྟན་འཛིན་ཆོས་གྲགས་ཀྱིས་བསྡུ་སྒྲིག་བྱས་པའི 《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1993ལོའི་ཟླ12པར་པར་ཐེངས་དང་པོར་བཏབ། ཤོག་ངོས365ན་གསལ།

3  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4བའི་དཔར་ཐེངས་དང་པོ། ཤོག་ངོས1394ན་གསལ།

 

 

ཁྲོ་ཕུ་ལོ་ཙཱ་བ།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ནང་དུ་བྱོན་ལ། སྐུ་ན་ཆུང་ངུའི་དུས་སུ་རབ་ཏུ་བྱུང་ཞིང་མཁྱེན་རབ་ཧ་ཅང་ཆེ། ཁ་ཆེའི་པཎ་ཆེན་བུདྡྷ་ཤྲི་བོད་དུ་གདན་དྲངས་ཏེ་ཕྱིར་ཕེབས་པའི་བར་དུ་བཀའ་ཆོས་མང་དུ་གསན་ཞིང་། ཅི་གསུངས་ཀྱི་ལོ་ཙཱ་མཛད་པས་བསྔགས་བརྗོད་ཐོབ། ཁོང་གིས་རྒྱ་གཞུང་མང་པོ་གསར་བསྒྱུར་དང་བསྒྱུར་ཟིན་ལ་ཞུ་དག་མཛད་པ་སོགས་ཕྱག་རྗེས་ཤིན་ཏུ་ཆེའོ། །

གཞི་རྩའི་གནས་ཚུལ།

མིང་གཞན། ཚུལ་ཁྲིམས་ཤེས་རབ། བྱམས་པའི་དཔལ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1173—1219)
ཡབ། ཀུན་ལྡན་རས་པའི་གཅུང་པོ་གནུབས་ཇོ་འཕན། ཡུམ། གསལ་བྱེད།
གྲུབ་མཐའ། ཁྲོ་ཕུ་བཀའ་བརྒྱུད། མཛད་རྗེས། རྒྱ་གཞུང་མང་པོ་གསར་བསྒྱུར་དང་བསྒྱུར་ཟིན་ལ་ཞུ་དག་མཛད་པ་སོགས།

དཀར་ཆག

1   ངོ་སྤྲོད།

2   ལོ་ཙཱ་བ་མཛད་ཚུལ།

3   སྒྲུབ་པ་མཛད་ཚུལ།

1 ངོ་སྤྲོད།

མཚན་དངོས་ལ་ཚུལ་ཁྲིམས་ཤེས་རབ་དང༌། མཚན་གྱི་རྣམས་གྲངས་སུ་བྱམས་པའི་དཔལ་ཡང་ཞུ་བ་འདི་ནི་རབ་བྱུང་གསུམ་པའི་ཆུ་སྦྲུལ་སྤྱ་ལོ1173ལོར་ཡབ་ཀུན་ལྡན་རས་པའི་གཅུང་པོ་གནུབས་ཇོ་འཕན་དང༌། ཡུམ་གསལ་བྱེད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། 《མཁས་པའི་དགའ་སྟོན》ལས་ཀུན་ལྡན་གྱི་ཉེར་ལྔ་པ་ས་འབྲུག་ལ་འཁྲུངས་ཞེས་གསལ་བ་ཡིག་ནོར་ཡིན་ཏེ། གོང་དུ་ཀུན་ལྡན་རས་པའི་འཁྲུངས་ལོ་ས་འབྲུག་ཡིན་ཞེས་གསལ་བས་དེས་ན་ཀུན་ལྡན་ས་འབྲུག་ལ་འཁྲུངས་པའི་ཉེར་ལྔ་པ་ཆུ་འབྲུག་སྤྱི་ལོ1172ལོ་ཞེས་གསུང་རྒྱུ་ཡིན་འདུག དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་བསླབས་པ་ཙམ་གྱིས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་བཅུ་ལ་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་ཚུལ་ཁྲིམས་ཤེས་རབ་ཞེས་གསོལ། དགུང་ལོ་བཅུ་དགུ་པ་ལྕགས་ཕག་སྤྱི་ལོ1191ལོར་རྒྱལ་ཚ་རིན་ཆེན་མགོན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་མཚན་ལ་བྱམས་པའི་དཔལ་ཞེས་བཏགས། དགུང་ལོ་ཉེར་ལྔ་པ་མེ་སྦྲུལ་སྤྱི་ལོ1197ལོར་གྲུབ་ཆེན་མི་ཏྲ་ཛོ་ཀི་བོད་དུ་གདན་དྲངས་ནས་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། དགུང་ལོ་ཉེར་བདུན་པ་ས་ལུག་སྤྱི་ལོ1199ལོར་ཡབ་གཤེགས་པའི་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་མཛད།

2 ལོ་ཙཱ་བ་མཛད་ཚུལ།

དགུང་ལོ་ཉེར་བརྒྱད་པ་ལྕགས་སྤྲེལ་སྤྱི་ལོ1200ལོར་པཎ་ཆེན་བུདྡྷ་ཤྲི་བོད་དུ་གདན་དྲངས། མངའ་རིས་མང་ཡུལ་དུ་ཁྲོ་ཕུར་བྱམས་ཆེན་བཞེངས་རྒྱུའི་ཞལ་རིས་ཀྱི་སྐྱ་ཐིག་པཎ་ཆེན་སྐུ་དངོས་ཀྱིས་མཛད།      པཎ་ཆེན་དེ་དབུས་གཙང་གཉིས་སུ་ལོ་གསུམ་བཞུགས་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་པའི་ལོ་ཙཱ་བ་མཛད། ལོ་ཙཱ་བ་ཉིད་ལ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་སོགས་ཟབ་ཆོས་མང་དུ་གནང༌། དགུང་ལོ་སོ་གཅིག་པ་ཆུ་ཕག་སྤྱི་ལོ1203ལོར་འབྲི་གུང་སྤྱན་སྔ་རིན་པོ་ཆེའི་དྲུང་ནས་རང་ལུགས་ཀྱི་ཆོས་སྐོར་མང་པོ་གསན། དགུང་ལོ་སོ་གཉིས་པ་རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ1204ལོར་རྒྱ་གར་ནས་གྲོ་མོའི་ཚོང་འདུས་རྒྱུད་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བོད་དུ་གདན་དྲངས།  ལོ་དེའི་དབྱར་གནས་ཁྲོ་ཕུར་མཛད་རིང་བྱམས་ཆེན་གྱི་སྐུ་དང་ལྷ་ཁང་བཞེངས་པའི་དབུ་ཚུགས། པཎ་ཆེན་དེ་ཉིད་གཙང་དུ་ལོ་བཞི། དབུས་སུ་ལོ་བཞི། ཡར་ལམ་གཙང་དང་མངའ་རིས་སུ་ལོ་ངོ་གཉིས་བཅས་ལོ་ངོ་བཅུ་བོད་དུ་བཞུགས་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་པའི་ལོ་ཙཱ་བ་མཛད། དེ་དུས་བོད་དུ་ལོ་ཙཱ་བའི་མཚན་ཐོགས་པ་མང་པོ་ཡོད་ཀྱང་ཁྲོ་ཕུ་ལོ་ཙཱ་བ་སྐུ་མདུན་དུ་བཞུགས་མེད་དུས་པཎ་ཆེན་གྱིས་ཆོས་གཏན་ནས་མི་གསུང་ཞིང༌། ངའི་མ་ཧཱ་ལོ་ཙཱ་བ་འདི་ལྟ་བུ་བོད་ན་ཡོད་པ་འདི་བོད་མི་རྣམས་བསོད་ནམས་ཆེན་པོ་ཡིན་གསུང་ནས་ཚད་མཐོའི་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་ཞིང༌། པཎ་ཆེན་ཉིད་ཀྱི་དྲུང་ནས་ཐུན་མོང་མ་ཡིན་པའི་ཆོས་སྐོར་ཡང་མང་དུ་གསན། པཎ་ཆེན་བོད་དུ་བཞུགས་རིང་འབུལ་བ་དཔག་ཏུ་མེད་པ་བྱུང་བ་ཚང་མ་ཁྲོ་ཕུ་ལོ་ཙཱ་བས་བྱམས་ཆེན་བཞེངས་པའི་ཐེབས་སུ་གསོལ་རས་གནང་བས་ལོ་ངོ་བཅུའི་ཁོངས་སུ་ཁྲོ་ཕུའི་བྱམས་ཆེན་སྐུ་རྒྱུ་གསེར་ཟངས་ལས་གྲུབ་ཅིང་བཟོ་བཀོད་འགྲན་ཟླ་མེད་པ་བཞེངས་ཏེ། པཎ་ཆེན་སྐུ་ངོ་མས་རབ་གནས་ཐེངས་མང་མཛད། རབ་བྱུང་བཞི་པའི་ཤིང་ཁྱི་སྤྱི་ལོ1214ལོར་ཁ་ཆེ་པཎ་ཆེན་མངའ་རིས་ནས་ཁ་ཆེའི་ཡུལ་དུ་ཕྱིར་ཕེབས་མཛད་རྗེས། ལོ་ཙཱ་བའི་དགུང་ལོ་ཞེ་བཞི་པ་མེ་བྱི་སྤྱི་ལོ1216ལོར་ཡུམ་གཤེགས་ཤིང༌། དེའི་ཕྱི་ལོར་ཁུ་བོ་ཀུན་ལྡན་རས་པ་གཤེགས་པ་བཅས་ཀྱི་དགོངས་རྫོགས་མཆོད་འབུལ་གཞན་གྱིས་བློ་ཡུལ་དུ་མི་ཤོང་བ་ལྟ་བུ་བསྒྲུབ།

3 སྒྲུབ་པ་མཛད་ཚུལ།

དགུང་ལོ་ཞེ་བདུན་པ་རབ་བྱུང་བཞི་པའི་ས་ཡོས་སྤྱི་ལོ1219ལོར་ཁྲོ་ཕུ་གཉན་མཁར་གྱི་བྲག་སེང་གེ་རྫོང་དུ་སྒོམ་སྒྲུབ་མཛད་ཅིང་བཞུགས། ཁ་རག་སྒོམ་ཆུང་དུ་སྐུ་གཤེགས་ནས་སྐྱེ་བ་བཞེས་གྲབས་ཡོད་པ་མཁྱེན་ནས་བསླབ་པ་ཕུལ་ཏེ་རིག་མ་ཞིག་བླངས་པའི་སྲས་སུ་ཁྲོ་ཕུའི་སེམས་དཔའ་ཆེན་པོ་བསོད་ནམས་སེང་གེ་འཁྲུངས་ཤིང༌། ལོ་ཙཱ་བ་རང་ཉིད་སྲས་མ་འཁྲུངས་གོང་གི་ས་ཡོས་ལོ་དེར་གཤེགས།

 

དཔྱད་གཞིའི་ཡིག་ཆ།

1  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4བའི་དཔར་ཐེངས་དང་པོ། ཤོག་ངོས414ན་གསལ།

 

 

 

འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས།

བོད་ཀྱི་ལོ་ཙཱ་མཚན་སྙན་གྲགས་ཧ་ཅང་ཆེ་བ་ཞིག་ཡིན།འདིའི་འཁྲུངས་ལོ་དང་གཤེགས་ལོ་ལོ་རྒྱུས་ཡིག་ཆ་རྣམས་སུ་གསལ་བོར་འཁོད་པ་མེད།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 桂库巴拉孜 འཁྲུངས་ཡུལ། གཙང་རྟ་ནག་ཕུའི་ཁུག་པ་ཞེས་བྱ་བའི་ས་ཆར་འཁྲུངས།
འཁྲུངས་དུས། དུས་རབས་བཅུ་གཅིག་པ།    

དཀར་ཆག

1   མི་སྣའི་ངོ་སྤྲོད།

1 མི་སྣའི་ངོ་སྤྲོད།

ཁོང་ནི་ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་ཡིན་པས་དུས་རབས་བཅུ་གཅིག་པའི་ནང་བྱོན་པ་ནི་དེ་ལས་གསལ་བར་ཤེས། འཁྲུངས་ཡུལ་གཙང་རྟ་ནག་ཕུའི་ཁུག་པ་ཞེས་བྱ་བའི་ས་ཆར་འཕྲུལ་བློན་མཛངས་མི་བདུན་གྱི་ཡ་གྱལ་འགོས་ཁྲི་བཟང་ཡབ་ལྷག་གི་རིགས་སུ་འཁྲུངས།ཆུང་དུས་རྒྱ་གར་དུ་ལན་གསུམ་ཙམ་བྱོན་ནས་པཎྚི་ཏ་ཡི་མཚན་ཡོད་པའི་བླ་མ་བདུན་ཅུ་ཙམ་བསྟེན་ནས་ཆོས་གསན་པས།མདོ་སྔགས་གང་གི་ཐད་ནས་ཁོང་གིས་གསན་མ་མྱོང་བའི་ཆོས་མེད་པ་ལྟ་བུ་ཡིན།བོད་དུ་ཕེབས་ནས་གསང་སྔགས་གསར་མའི་ཆོས་མང་བོ་དང་།ལྷག་པར་གསང་བ་འདུས་པའི་སྐོར་ལ་གཞུང་མང་བོ་བསྒྱུར་ཞིང་བཤད་པ་མཛད།བསྟན་པ་ཕྱི་དར་སྐབས་ཀྱི་ཆོས་ལོག་སུན་འབྱིན་པ་ལ་ལོ་ཆེན་རིན་བཟང་གི་རྗེས་སུ་འགོས་ཁུག་པ་ལྷས་བཙས་འདི་ཉིད་བཀའ་དྲིན་ཆེ་བ་ཡིན།ལོ་རྒྱུས་ཞིབ་ཆ་ཡོད་པའི་ཡིག་ཆ་དཀོནཔའི་གནས་སུ་གྱུར་ཡོད་དོ།།

 

དཔྱད་གཞིའི་ཡིག་ཆ།

དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2002ལོར་དཔར་ཐེངས་དང་བོ་དཔར། ཤོག་ངོས632ན་གསལ།

 

 

 

 

བཻ་རོ་ཙ་ན།

བཻ་རོ་ཙ་ན་ཞེས་པ། བོད་སྐད་དུ་བསྒྱུར་ན་རྣམ་པར་སྣང་མཛད་ཟེར། བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པའི་མཁས་པ་ཞིག་ཡིན་པ་ཡོངས་གྲགས་ཀྱི་བཞེད་ཚུལ་མཐུན། ཁོང་ནི་གནའ་རབས་ཀྱི་རྙིང་མའི་བླ་མ་གྲགས་ཅན་ཞིག་དང་། བསྟན་སྔ་དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་རབ་བྱུང་ཐོག་སྒྲུབ་པའི་སད་མི་བདུན་གྱི་ནང་ཚན། གནའ་དུས་ཀྱི་སྨན་པ་གྲགས་ཅན་བཅས་ཡིན་པས་གངས་ལྗོངས་ཀྱི་སྐྱེ་འགྲོ་ཀུན་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་བོ།།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 贝若扎那 མིང་གཞན། གན་ཇག་ཐང་ཏ།
འཁྲུངས་ལོ། སྤྱི་ལོ760ཡས་མས། འཁྲུངས་ཡུལ། སྙེ་མོ་བྱེ་མཁར(ད་ལྟ་སྙེམ་མོ་རྫོང་ཟངས་རི་ཆུས)དུ་སྐུ་འཁྲུངས།
ཡབ། པ་གོར་ཧེ་འདོད། ཡུམ། བྲམ་ཟེ་དཀར་སྐྱིད།
འཐུས་ཚབ་བརྩམས་ཆོས། 《རྣལ་འབྱོར་མའི་སྒྲུབ་ཐབས》    

དཀར་ཆག

1   ​འཁྲུངས་རབས།

2   སྒྱུར་རྩོམ།

3   སྒྲུབ་ཕུག

1 འཁྲུངས་རབས།

བཻ་རོ་ཙ་ན། བོད་སྐད་དུ་བསྒྱུར་ན་རྣམ་པར་སྣང་མཛད་ཟེར། འཁྲུངས་ལོ་དང་འདས་ལོ་ཞིབ་པར་མ་རྙེད་ཀྱང760ཡས་མས་སུ་བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པ་ཡོངས་གྲགས་ཀྱི་བཞེད་ཚུལ་མཐུན། ཁོང་གི་འཁྲུངས་ཡུལ་ནི་སྙེ་མོ་བྱེ་མཁར(ད་ལྟ་སྙེམ་མོ་རྫོང་ཟངས་རི་ཆུས)ཡབ་པ་གོར་ཧེ་འདོད་དང་ཡུམ་བྲམ་ཟེ་དཀར་སྐྱིད་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཆུང་དུས་ཀྱི་མཚན་ལ་གན་ཇག་ཐང་ཏ་ཞེས་བཏགས། བྱིས་པའི་དུས་ནས་བློ་རིག་རྣོ་ཞིང་སྐྱེ་སྟོབས་ཀྱི་ཤེས་རིག་ལྡན་པས་མཚན་སྙན་ཡུལ་གྲུ་ཀུན་ལ་ཁྱབ། དགུང་ལོ་བརྒྱད་མ་སོན་བར་དུ་ཡབ་ཡུམ་གྱི་ཁྲོད་དུ་ཞུགས། ཕྱིས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་བཀའ་བཞིན་ལོ་ཙཱ་བ་བསླབས་ཏེ་བོད་ཕྲུག་ཤེས་ལྡན་པ་སྟོང་ཙམ་བསྐོར་བསྡུ་བྱས་ནས་བསམ་ཡས་གཙུག་ལག་ཁང་གི་སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་སློབ་ཏུ་བཅུག  ཁོང་ལོ་ན་གཞོན་ནའང་བོད་ཕྲུག་ཀུན་ལས་ཁྱད་དུ་འཕགས་པས་མཁན་པོ་བོ་ངྷི་ས་ཏྭ་དང་། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་དྲུང་དུ་བཞག་ནས་ལོ་བདུན་བར་དུ་བློ་སྐྱེད་འཕེལ་ཐབས་དང་ལོ་གསུམ་བར་སམ་སྐྲྀའི་ཏའི་སྒྲ་རྣམས་མཁས་པར་སྦྱང་དུ་བཅུག དེ་ནས་བསམ་ཡས་སྒྲ་བསྒྱུར་གླིང་དུ་བཻ་རོ་ཙ་ནས་ཆོས་བསྒྱུར་བས་བོད་ཀྱི་ཉི་ཟླ་ལྟ་བུའི་ལོ་ཆེན་གཉིས་ཀྱི་གྲས་ཉི་མ་ལྟ་བུར་གྲགས་པ་དེ་བྱུང་སྟབས་བཙན་པོ་རབ་གྱེས། དེ་ནས་མཁན་ཆེན་པོ་བོ་ངྷི་ས་ཏྭས་བོད་མིས་རབ་བྱུང་གི་བསླབས་ཁྲིམས་སྲུང་ནུས་མིན་ཚོད་ལྟའི་ཕྱིར་བཻ་རོ་ཙ་ན་སོགས་བོད་ཀྱི་རབ་ཏུ་བྱུང་བའི་ཐོག་མ་སད་མི་བདུན་བྱུང་ཞིང་རྗེ་འབངས་ཉེར་ལྔར་གྲགས་པའི་ནང་གི་ཡ་གྱལ་ཞིག་ཀྱང་ཡིན། སློབ་དཔོན་གྱིས་བཻ་རོ་ཙ་ན་ཞེས་མཚན་བཏགས་ཤིང་། ཁོང་བོད་དུ་ཕེབས་ནས་རྒྱལ་བློན་ཀུན་ལ་རྫོགས་ཆེན་སོགས་གསུངས་ཤིང་དར་བར་མཛད་པས་རྫོགས་ཆེན་དར་བའི་ཡུལ་དང་བོ་མདོ་སྨད་ཡིན་ཞེས་པ་དེའང་བཻ་རོ་ཙ་ན་ནས་གསུངས་པ་རྣམས་ཡིན་པར་གྲགས། ཁོང་སྔ་རྗེས་སུ་བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན་བཅས་ཀྱི་རིང་ལོ་ཙཱ་བ་གནང་སྟེ་བོད་ཀྱི་ལོ་ཆེན་གཙོ་བོ་མཛད་པ་གསལ་ཞིང་མཐར་སྤྱི་ལོའི་དུས་རབས་དགུ་པ་ཤར་ཙམ་ལ་བསམ་ཡས་ཧད་པོ་རིའི་རྩེར་ཞི་བར་གཤེགས་སོ།།

2 སྒྱུར་རྩོམ།

《རྣལ་འབྱོར་མའི་སྒྲུབ་ཐབས》 《རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས》 《རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་སྒྲུབ་ཐབས》 《རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་རྣམ་ཐར་བཤད་པ》 《ཕ་རོལ་དུ་ཕྱིན་པ་བསྡུས་པ》 《སོ་སོར་ཐར་བའི་འགྲེལ་བ་འདུལ་བ་བསྡུས་པ》 《རིག་པ་གྲུབ་པའི་སྒྲོལ་མེ》 《བཻ་རོའི་སྔོའི་འཁྲུངས་དཔེ》 《མིང་དོན་བརྡ་སྤྲོད་རྣམ་ལྔ》བཅས་ཡོད་དོ།།

3 སྒྲུབ་ཕུག

ཁོང་གི་སྒྲུབ་ཕུག་གཙོ་བོ། སྙེ་མོ་བྱེ་མཁར(ད་ལྟ་ཟངས་རི་ཆུས)པ་གོར། བྲག་ཡེར་བ། བསམ་ཡས་མཆིམས་ཕུ། ལྷོ་ཁ་འཕྱོངས་རྒྱས། མདོ་སྨད་རྒྱལ་རོང་ཚ་ཁ་བཅས་སུ་སྒྲུབ་ཕུག་ཡོད་དོ།།

དཔྱད་གཞིའི་ཡིག་ཆ།

1  དུང་དཀར་བློ་བཟང་འཕྲིན་ལས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2002ལོར་དཔར་ཐེངས་དང་བོ་དཔར། ཤོག་ངོས1399-1403ན་གསལ།

 

 

 

 

 

 

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ།

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་ཏེ། རྔོག་ནི་རུས་མིང་ཡིན། ལོ་ཙཱ་བ་བཙན་ཁ་བོ་ཆེ་དང་ཁྱུང་པོ་ཆོས་བརྩོན། རྭ་ལོ་ཙཱ་བ། གཉན་ལོ་ཙཱ་བ་རྣམས་དང་ལྷན་དུ་རྒྱ་གར་ལ་ཆོས་སློབ་པར་ཕེབས། རྒྱ་གར་ཡུལ་དང་ཁ་ཆེ་བཅས་སུ་ལོ་བཅུ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱད་འབད་བརྩོན་བློ་ཡུལ་དུ་མི་ཤོང་བ་གནང་ནས་སྦྱངས་བ་མཐར་ཕྱིན་ཏེ་བོད་ལ་ཕྱིར་ཕེབས། ཆོས་གསུང་བ་ལ་ཤིན་ཏུ་མཁས་པས་སློབ་མ་བགྲང་གིས་མི་ལོང་བ་བྱུང་།

གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས། སྤྱི་ལོ (1059—1109) ཡབ། ཆོས་སྐྱབས།
མཛད་རྗེས། རྒྱལ་ཡུམ་གཉིས་སོགས་བསྟན་བཅོས་གཞུང༌འབུམ་ཕྲག་གཅིག་དང་ཁྲི་ཁྲག་གསུམ་སྟོང་ཕྲག་བདུན་ལྷག་བསྒྱུར།    

དཀར་ཆག

 

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི་རབ་བྱུང་དང་པོའི་ས་ཕག་སྤྱི་ལོ་ 1059 ལོར་སྐུ་འཁྲུངས། དགུང་ལོ་བཅུ་བདུན་གྱི་སྐབས་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་ནས་ལོ་གཅིག་ཙམ་བཞུགས། ཁུ་བོས་བཀའ་སློབ་དང་མཐུན་རྐྱེན་ལ་བརྟེན་ནས་རྒྱ་གར་དུ་སློབ་གཉེར་ལ་ཕེབས། དེའི་ཚེ་རྭ་ལོ་ཙཱ་བ་དང་གཉན་ལོ་ཙཱ་བ། ཁྱུང་པོ་ཆོས་བརྩོན། རྡོ་སྟོན། བཙན་ཁ་བོ་ཆེ་རྣམས་དང་འགྲོགས་ནས་བྱོན། རྒྱ་གར་དབུས་དང་ཡུལ་དང་ཁ་ཆེ་བཅས་སུ་ལོ་བཅུ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། རབ་བྱུང་དང་པོའི་ཆུ་སྤྲེལ་སྤྱི་ལོ་ 1092 ལོར་བོད་དུ་ཕྱིར་ཕེབས།  ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། བོད་ཀྱི་ལོ་ཙཱ་བའི་ནང་ནས་གཞུང་བསྒྱུར་ཆེས་མང་ཤོས་དང་མཁས་ཤོས་ཡིན། དགུང་ལོ་ང་གཉིས་པ་ལ་བསམ་ཡས་མ་རིའི་དྲུང་དུ་སྐུ་གཤེགས།

2 བསྒྱུར་བའི་བསྟན་བཅོས།

ལོ་ཙཱ་བ་ཆེན་པོ་འདིས་བསྒྱུར་བའི་བསྟན་བཅོས་ཀྱི་ཆེ་བ་ལ། གྲོ་ལུང་པས། དམ་ཆོས་སྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང༌། །འབུམ་ཕྲག་གཅིག་དང་ཁྲི་ཁྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་འབྱུང་བ་དེའོ། །

3 སློབ་མའི་སྡེ།

ལྷ་ས་དང༌། བསམ་ཡས། གཉལ་སྒང་ཐོག རྒྱང་མཁར་དང༌། ངན་ལམ་གྱི་མྱུ་གུ་སྣ་ལ་སོགས་པར་བཤད་པ་མཛད་པའི་ཚེ། མཁས་བཙུན་གྲྭ་པ་རིམ་པ་བཞིན་དུ་ལྷ་སར་ཁྲི་དང་སུམ་སྟོང་བདུན་བརྒྱ། བསམ་ཡས་དང་སྒང་ཐོག་གཉིས་སུ་སྟོང་ཚོ་བཅུ་གསུམ་རེ་དང༌། རྒྱང་མཁར་དུ་ཁྲི་ཚོ་གཉིས། ངན་ལམ་དུ་དགེ་བཤེས་ཁྲི་ཚོ་གཅིག་དང༌། རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས་ཏེ་ཁྲི་ཚོ་གསུམ་འཚོགས་སོ། །ཟུར་ཆོས་པའི་གྲངས་ཀྱང༌། རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ། རྣམ་ངེས་འཆད་མཁན་ཉིས་བརྒྱ་རྩ་ལྔ། ལུང་ཆོས་སྨྲ་བ་སྟོང་ལྔ་བརྒྱ་བདུན་ཅུ་དོན་ལྔ། དྲིལ་བས་ཆོས་སྨྲ་བ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་ལྔ་བྱུང༌། ཚད་མ་དང་བྱམས་ཆོས་དང༌། དབུ་མ་ལ་སོགས་པའི་རྣམ་པར་བཤད་པ་མང་དུ་མཛད་དོ། །

 

1  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4བའི་དཔར་ཐེངས་དང་པོ། ཤོག་ངོས768ན་གསལ།

 

 

Leave a Reply

Your email address will not be published. Required fields are marked *