དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ།

དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ།[1]

 

འཇམ་དཔལ་སྐུ་ཡི་སྤྲུལ་པར་འཁྲུངས། །ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད། །ཟླ་བ་གྲགས་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །རྣམ་དག་ཚུལ་ཁྲིམས་གཙང་མའི་མཐུས། །སོལ་བ་ལས་འཁྲུངས་ལྗོན་ཤིང་ནི། །ཡལ་ག་རྫོགས་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །རི་མོར་བྲིས་པའི་བ་རྣམས་ལས། །འོ་མ་བཞོས་པས་གཞན་རྒྱུད་ཀྱི། །བདེན་ཞེན་བཟློག་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །བརྡ་སྤྲོད་ཀུན་ཏུ་བཟང་པོའི་གཞུང་། །བསྐུལ་བས་གངྒཱའི་ཆུ་ཀླུང་གིས། །ཤེས་རབ་བསྐྱེད་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སེངྒེ་བསྐུལ། །དུ་རུ་ཀ་ཡི་དམག་བཟློག་ཀྱང་། །ཤི་རྨས་མེད་པ་ངོ་མཚར་ཆེ། །

 དཔལ་ལྡན་ཟླ་བ་གྲགས་པ་ལ། །མཁས་པ་ཙནྡྲ་གཽ་མི་ཡིས། །ལོ་བདུན་བར་དུ་བརྩད་བྱས་ཀྱང་། །རྒོལ་བར་མ་ནུས་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །ཡང་དག་རིགས་ལམ་སེངྒེའི་སྒྲས། །ཕྱི་ནང་གྲུབ་མཐའི་གླང་པོ་ཀུན། །འཇིག་པར་བྱེད་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །ཀླུ་སྒྲུབ་ཡབ་སྲས་དགོངས་པའི་མཐིལ། །མཁས་པ་སྟོང་གིས་མ་དཔོག་པ། །ཇི་བཞིན་གསལ་བ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །ངེས་དོན་མཐར་ཐུག་ཐལ་འགྱུར་གཞུང་། །འཛམ་གླིང་ཀུན་ཏུ་སྣང་བ་དང་། །ལོག་སྨྲ་བཟློག་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །དངོས་པོ་སྟོབས་ཞུགས་རིགས་པའི་ལམ། །མཐོང་ནས་མཁས་མཆོག་ལེགས་ལྡན་འབྱེད། །རྗེས་སུ་འབྲངས་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །གསང་སྔགས་ཐེག་པ་ཆེན་པོ་ནི། །མཐའ་དྲུག་ཚུལ་བཞིས་རབ་བརྟགས་ནས། །མྱུར་ལམ་བསྟན་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །མཆོག་གསང་རྡོ་རྗེ་སྙིང་པོའི་དོན། །རྟོགས་ཏེ་འཕོ་ཆེན་དྭངས་མའི་སྐུ། །སྐྱེ་ཤི་སྤངས་པ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །ཕྱོགས་རིས་མེད་པའི་ཐུགས་རྗེ་ཡི། །[2]ཕྱི་མའི་མུ་མཐའ་ཐུག་པ་རུ། །འགྲོ་བ་སྒྲོལ་བ་ངོ་མཚར་ཆེ། །དཔལ་ལྡན་ཟླ་བ་གྲགས་པ་ཡི། །མཚན་ཙམ་ཐོས་པས་ཚེ་རབས་ཀུན། །རྨོངས་པའི་མུན་པ་སེལ་མཛད་ཅིང་། །ཡེ་ཤེས་སྟེར་བ་ངོ་མཚར་ཆེ། །བྱམས་མགོན་སྙིང་རྗེའི་བློ་ཅན་ལ། །གསོལ་བ་འདེབས་པའི་སྐྱེ་བོ་ཀུན། །མེ་ཡིས་མི་འཚིགས་ཆུས་མི་ཁྱེར། །རླུང་གིས་འཐོར་བར་ག་ལ་ནུས། །དེ་ལྟར་ངོ་མཚར་ཚིགས་བཅད་ཀྱིས། །བསྟོད་པས་བདག་གཞན་འགྲོ་བ་རྣམས། །མགོན་པོ་ཁྱོད་ཀྱི་རྗེས་ཞུགས་ནས། །སྟོང་པ་ཉིད་ནི་རྟོགས་པར་ཤོག །ཨོཾ་ཨ་ར་པཱ་ཙ་ན་དྷི༔ འདི་ཤེས་རབ་འཕེལ་བའི་ཐབས་སུ་གྱུར་པའོ།། །།

[1] ཕྱོགས་སྒྲིག་པའི་གསལ་བཤད། བསྟོད་པ་འདི་ཉིད་མཛད་པ་པོ་སུ་ཡིན་མི་གསལ་ཞིང་། འདི་ཉིད་སྔར་མཁན་པོ་གཞན་དགའི་གཞུང་ཆེན་བཅུ་གསུམ་ཞེས་ཁམས་ཀྱི་བཤད་གྲྭ་འགའ་ཞིག་ཏུ་འཁྲིད་སྲོལ་ཡོད་པའི་རྩ་གཞུང་གི་གྲས་སུ་ཡོད་པ་ཞིག་དང་། མ་དཔེ་བོད་ཤོག་བྲིས་མ་དཔེ་ཐུང་ངོ་ཤོག་གཉིས་ཅན་ཞིག་སྟེ། ཚིགས་སུ་བཅད་པ་དང་པོ་ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཆེན་བརྒྱད་ཅུའི་གསོལ་འདེབས་སུ་བཞུགས་པ་དེ་ཉིད་ཡིན་ལ། དེ་འཕྲོས་ངོ་མཚར་གྱི་མཛད་པ་བཅུ་བཞི་ལ་ཚིགས་སུ་བཅད་པ་རེ་རེ་དང་། མཇུག་ཏུ་དགེ་བསྔོའི་ཚིགས་བཅད་གཅིག་བཅས་ཁྱོན་བསྡོམས་ཚིགས་བཅད་བཅུ་དྲུག་བཞུགས་སོ།།

[2] ཕྱོགས་རིས་མེད་པའི་ཐུགས་རྗེ་ཡི། །ཞེས་པ་བྲིས་མའི་ནང་ཆད་འདུག་པ་ལམ་རིམ་བླ་མ་བརྒྱུད་པའི་རྣམ་དུ་གསལ་བ་ལས་ཁ་སྐོང་ཞུས་པའོ།།

Leave a Reply

Your email address will not be published. Required fields are marked *