དཔལ་མར་མེ་མཛད་ཡེ་ཤེས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ་རོལ་མོའི་སྒྲ་སྙན།

 

༄༅། །སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ལ་

གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ་

རོལ་མོའི་སྒྲ་སྙན་ཞེས་བྱ་བ།[1]

༼བཅོམ་ལྡན་རིག་པའི་རལ་གྲིས་ (1227-1305) མཛད་པ།༽

 

སངས་རྒྱས་ལ་ཕྱག་འཚལ་ལོ། །སྔོན་ཚེ་རྒྱལ་སྲས་སྤྱོད་པ་སྤྱད་པའི་ཕྱིར། །རིག་པའི་འབྱུང་གནས་ཤར་ཕྱོགས་བྷཾ་ག་ལར། །དགའ་བྱེད་ཅེས་བྱ་རྒྱལ་པོའི་རིགས་སུ་འཁྲུངས། །མར་མེ་མཛད་དཔལ་ཡེ་ཤེས་ཞབས་ལ་འདུད། །དེར་ནི་འདོད་ཡོན་གཞན་འཕྲུལ་ལྷ་འདྲ་ལའང་། །ཀུན་ནས་མ་ཆགས་སྐྱོ་བའི་ངང་ཚུལ་གྱིས། །རྣལ་འབྱོར་དབང་ཕྱུག་དྲང་སྲོང་སྦས་པ་ལ། །གསང་སྔགས་ཀུན་བསླབས་མཆོད་སྤྲིན་རྒྱ་མཚོས་མཆོད། །

དེ་རྗེས་དཔལ་ལྡན་ཀྲ་མའི་གཙུག་ལག་ཏུ། །རབ་བྱུང་རིག་པ་ཀུན་ལ་ལེགས་སྦྱངས་པས། །ཀུན་མཁྱེན་དང་འདྲ་ལྔ་རིག་ཀུན་གྱི་གཙོ། །བསྒྲུབ་ལ་བརྩོན་པར་མཛད་ལ་སྡིག་ཀུན་བཤགས། །གསེར་གླིང་བླ་མའི་ཞལ་གྱི་བུམ་པ་ནས། །སེམས་གཉིས་བདུད་རྩིའི་ཆུ་རྒྱུན་གུས་གསོལ་བས། །རྡོ་རྗེ་གདན་པ་དཔལ་ལྡན་བྱང་ཆུབ་ཆོས། །ལེགས་པར་གདམས་པ་འགྲོ་བ་སྐྱོབ་པར་བསྐུལ། །གང་ཚེ་གངས་ཅན་རྒྱལ་པོའི་བཀས་བསྐུལ་ནས། །གུང་ཐང་སྐད་གཉིས་སྨྲ་བས་གསོལ་བཏབ་ཚེ། །སྔོན་ནས་འཕགས་མ་སྒྲོལ་མས་ལུང་བསྟན་ཕྱིར། །འདིར་བྱོན་བསྟན་པ་རྒྱས་མཛད་རྗེས་ཡི་རང་། །སེམས་ཅན་ཚོགས་ལ་ཤིན་ཏུ་བྱམས་པའི་ཐུགས། །འགྲོ་འདི་སྟོན་ཀའི་སྤྲིན་དང་འཚོ་བའི་སྲོག །འབབ་ཆུའི་རྒྱུན་ལྟར་གཟིགས་ལ་སྐྱབས་སུ་མཆི། །མཁས་ཁྱོད་གཤེགས་དང་བཞུགས་པའི་མཆོད་རྟེན་ལའང་། །དུས་བཟང་མཁའ་ལ་མེ་ཏོག་ཆུ་རྒྱུན་དང་། །སེམས་མེད་བཟློག་དཀའི་ཆུ་རྒྱུན་བསྐོར་ནས་འབབ། །ཁྱོད་ཀྱི་སྤྱན་སྔར་སེམས་གཉིས་བསྐྱེད་པར་བགྱི། །འགྲོ་བའི་དེད་དཔོན་ཐབས་ལ་མཁས་པའི་གཟིངས། །ཐུགས་རྗེའི་རླུང་གིས་ཤིན་ཏུ་བསྐྱོད་ནས་ནི། །ཨེ་མ་འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས། །མྱུར་དུ་སྒྲོལ་ཞེས་བདག་ཅག་གསོལ་བ་འདེབས། །དེ་ལྟར་རྒྱལ་སྲས་ལྔ་རིག་རྒྱལ་པོ་ལ། །བསྡེབས་ལེགས་རོལ་མོའི་སྒྲ་སྙན་འདི་ཕུལ་བས། །ཉིང་མཚམས་སྦྱར་ཚེ་ཁྱེད་ཀྱི་ཞབས་དྲུང་དུ། །སྐྱེས་ནས་རྒྱལ་སྲས་སྤྱོད་པ་སྤྱད་པར་ཤོག །ཡུལ་བྷཾ་ག་ལར་རྒྱལ་པོ་དགའ་བྱེད་ཀྱི་རིགས་སུ་འཁྲུངས་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ་རོལ་མོའི་སྒྲ་སྙན་ཞེས་བྱ་བ། ཐོས་པ་དང་བསམ་པ་དང་སྒོམ་པའི་ཚུལ་ལ་གྲུབ་པ་ཐོབ་པའི་དཔལ་ལྡན་ཡིད་ཀྱི་དགོན་པར། ཀུན་ཏུ་རྨོངས་པའི་གྲོང་ཁྱེར་ལས་རྒྱང་གྲགས་ཀྱིས་འཕགས་པ། ཡུལ་དབུས་ཀྱི་བཙུན་པ་རིག་པའི་རལ་གྲིས། དཔལ་ལྡན་སྣར་ཐང་གི་དགོན་པར་སྦྱར་བའོ།།  །།

 

[1] བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། པོད། ༼༥༢༽ བྲིས་མ་དཔེ་རིང་། ཤོག་གྲངས་ ༣བ༣ ནས་ ༤བ༤ བར།

Leave a Reply

Your email address will not be published. Required fields are marked *