དཔལ་ན་ལན་དའི་གཙུག་ལག་ཁང་གི་སྐོར། རྒྱ་གར་སྲིད་འཛིན་གྱི་གསུང་བཤད།

དཔལ་ན་ལན་དའི་གཙུག་ལག་ཁང་གི་སྐོར།

ཕྱི་ཟླ་ ༡༡ ཚེེས་ ༦ རེས་གཟའ་མིག་དམར་ཆུ་ཚོད་དགུ་པའི་ཐོག་ཤྲཱི་ན་ལན་དའི་གཙུག་ལག་ཁང་དང་སློབ་གྲྭ་གསར་བཞེངས་མཛད་རྒྱུའི་ཐོག་མའི་རྟེན་འབྲེལ་དགའ་སྟོན་དུ་རྒྱ་གར་གྱི་ཁྲི་འཛིན་ (Dr. Rajendra Prasad) མཆོག་དང་། འབྲས་ལྗོངས་ནས་རྒྱལ་སྲས་བླ་མ་མཆོག་དང་ལྷན་ཅིག་མི་རྗེ་འབར་ཉག་ཨ་ཐིང་མཆོག་བཅས། གཞན་ཡང་བོད་གཞུང་སྐུ་ཚབ་མི་རྗེ་སྤོམ་མདའ་ཚང་། གི་རི་སིའི་རྒྱལ་སྲས། གཞན་ཡང་རྒྱ་གར་གྱི་སྐྱེ་བོ་མཆོག་དམན་བསྡོམས་ཧ་ལམ་སྟོང་ཕྲག་ལྔ་བཅུ་ཙམ་འདུ་འཛོམས་ཐོག་ན་ལན་དའི་གཙུག་ལག་ཁང་དང་སློབ་གྲྭ་གསར་བཞེངས་མཛད་རྒྱུའི་རྟེན་འབྲེལ་དགའ་སྟོན་ཐོག་མའི་སྒོ་ཕར་ཕྱེ་རྗེས། སློབ་གྲྭའི་བུ་མོ་རྣམས་ནས་མགྲིན་གཅིག་ཏུ་བཀྲ་ཤིས་པའི་གླུ་དབྱངས་ཉམས་འགྱུར་སྟོང་ལྡན་བཅས་དང་། དེ་རྗེས་ཤཱཀྱའི་དགེ་སྦྱོང་འོད་སྲུང་ལགས་དང་། སཾགྷ་རཏྣ་ལྷན་གཉིས་ནས་པཱ་ལིའི་སྐད་དུ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མགུར་མ་དང་།

Dr Rajendra Prasad (1884-1963)

དེ་རྗེས་འབྲས་རྒྱལ་སྲས་བླ་མ་མཆོག་ནས་དབྱིན་སྐད་དུ་གསུང་གླེང་ལེགས་པར་སྦྱར་བ་དང་། དེ་རྗེས་བོད་གཞུང་སྐུ་ཚབ་སྐུ་ངོ་སྤོམ་མདའ་ཚང་ནས་འོ་སྐོལ་བོད་ཀྱི་སྐད་དུ་ཤྲཱི་ན་ལན་དའི་གཙུག་ལག་ཁང་གསར་བཞེངས་དེ་ཉིད་ཀྱིས་གཙོས་སླར་ཐུབ་བསྟན་པདྨའི་རྩ་ལག་འདི་ཉིད་སྲིད་གསུམ་ལྷ་མིར་བཅས་ཀྱི་ཐར་པ་སྒྲུབ་པའི་བགོ་སྐལ་དུ་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་བར་དུ་དར་ཁྱབ་ཡོང་བའི་སྨོན་འདུན་དང་བཅས་གསུང་གླེང་མཛད། དེ་རྗེས་གི་རི་སིའི་རྒྱལ་སྲས་མཆོག་དང་། གཞན་ཡང་འཕགས་སྐྱེ་རྣམས་ཀྱིས་རིམ་བཞིན་གསུང་གླེང་གྲུབ་པའི་རྗེས་སུ་རྒྱ་གར་ཁྲི་འཛིན་ (Dr. Rajendra Prasad) མཆོག་ནས་ཤྲཱི་ན་ལན་དའི་སྐོར་གསུང་གླེང་ཟབ་རྒྱས་གནང་བ་ནི་འདི་ལ་སྟེ།

རང་ཅག་རྣམས་ཀྱི་འཕགས་ཡུལ་འདིར་ནང་པ་སངས་རྒྱས་པའི་གཙུག་ལག་ཁང་གི་མཆོག་ཤྲཱི་ན་ལན་ད་ཞེས་པ་ས་གསུམ་ན་སྙན་པར་གྲགས་པའི་གཙུག་ལག་ཁང་དེ་ཉིད་ཆགས་པའི་ཤུལ་འདིར་དེ་རིང་ངོས་རྒྱ་གར་གྱི་སྐྱེ་བོ་མཆོག་དམན་མཐའ་དག་དགོངས་པ་གཅིག་མཐུན་ཐོག་ཚོགས་པའི་དོན་སྙིང་ནི། སྔོན་གྱི་ན་ལན་ད་འདི་ཉིད་ཇི་ལྟ་བ་བཞིན་ད་ལྟ་སླར་ཡང་ཉམས་པ་སོར་ཆུད་པ་ཞིག་ཡོང་བའི་རེ་འདུན་ཡིད་ལ་གཏད་དེ་རིང་འདིར་འདུ་འཛོམས་གནང་བ་ཡིན་མོད། དེ་ཕྱིར་རྒྱ་གར་གཞུང་གི་དགོངས་གཞི་ལའང་དཔལ་ན་ལན་དའི་གཙུག་ལག་ཁང་ངམ་སློབ་གྲྭ་གསར་བཞེངས་འདིའི་ནང་དུ་པཱ་ལི་དང་པྲ་ཀྲིཏ་གཉིས་ཀྱི་སྐད་ཡིག་སོགས་སློབ་སྤེལ་བྱ་རྒྱུ་མ་ཟད། ནང་པའི་ཆོས་དང་འབྲི་ཀློག་སོགས་སློབ་སྤེལ་ཐོག་རིམ་བཞིན་ཚད་མ་དང་དབུ་མ་སོགས་གཞུང་ཆེན་མོའི་བསྟན་བཅོས་དག་སློབ་སྤེལ་མཛད་རྒྱུའི་ཆེད་དུ་མཐུན་རྐྱེན་ཇི་གནས་གཞུང་རང་ནས་སྦྱར་རྒྱུ་དང་། ང་ཚོ་ཚང་མའི་དགོངས་པ་ལའང་ན་ལན་ད་འདི་ཉིད་ཀྱིས་གཙོས་སླར་ཡང་ནང་པ་སངས་རྒྱས་པའི་བསྟན་པ་རྒྱ་གར་དུ་དར་ཁྱབ་ཐུབ་པའི་སྨོན་འདུན་རྩེ་གཅིག་ཏུ་ཡོད།

སྔོན་ལོ་དྲུག་བརྒྱའི་གོང་དུ་ཨེ་ཤི་ཡ་ཡོངས་ཀྱི་ནང་ནས་ན་ལན་ད་འདི་ཉིད་འཛམ་གླིང་ནང་པའི་སློབ་གཉེར་བསྟེན་པའི་གཙོ་བོར་ངེས་ཤིང་། དེའང་མ་ག་དྷའི་རྒྱལ་སའི་གཙོ་བོ་རཛགྷིཧའམ་རྒྱལ་པོའི་ཁབ་ལ་སོགས་པ་མཛེས་པའི་རི་ལྔས་ཁོ་ར་ཁོར་ཡུག་ཏུ་བསྐོར་བའི་དབུས་སུ་ཆགས་ཏེ་ད་ལྟའི་རྩིས་གཞི་རུ་རྒྱལ་པོའི་ཁབ་ནས་བྱང་ཕྱོགས་མི་ལི་བདུན་གྱི་ས་རུ་ན་ལན་ད་འདི་ཉིད་གནས་ཡོད་པ་རེད། ན་ལན་དའི་རྣམ་ཐར་རྙིང་པ་འགའ་ཞིག་ནང་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོ་དང་དཔའ་བོ་ཆེན་པོ་སྟེ་མུ་སྟེགས་ཀྱི་སྟོན་པའི་དུས་ནས་ལོ་རྒྱུས་རྣམ་པར་གྲགས་ཡོད་དེ། དཔའ་བོ་ཆེན་པོ་དང་ཨ་ཙརྱ་མ་ཁཾལི་པུཏྟ་གོ་སལ་རྣམ་གཉིས་ཀྱང་ན་ལན་ད་འདིར་མཇལ་འཕྲད་བྱུང་ཞིང་། དཔའ་བོ་ཆེན་པོ་དེ་ཉིད་ན་ལན་ད་རང་དུ་ལོ་བཅུ་བཞི་ཙམ་བཞུགས་པའི་གནས་ཚུལ་རེད། དེ་དུས་རྒྱལ་པོའི་ཁབ་ཀྱི་མངའ་འོག་ཏུ་གྲོང་གསེབ་ཆུང་ངུ་མང་པོ་ཡོད་པ་ནས་ན་ལན་ད་འདི་ཡང་རྒྱལ་པོའི་ཁབ་ཀྱི་གྲོང་གསེབ་ཆུང་ངུ་ཞིག་གི་གྲངས་སུ་གཏོགས་ཤིང་། དེ་སྐབས་སུ་ལེཔ་ཞེས་བྱ་བའི་སྐྱེས་བུ་འབྱོར་པ་ཅན་ཞིག་གིས་རང་གི་རྒྱུ་ནོར་ལོངས་སྤྱོད་གསེར་དངུལ་གཞིས་ཁང་རྟ་ལ་སོགས་པ་ཡོ་བྱད་ཇི་ཡོད་ཐམས་ཅད་བདག་ཅག་གི་སྟོན་པ་ཟས་གཙང་སྲས་ལ་བསྙེན་བཀུར་ཞུས་ཤིང་རབ་ཏུ་བྱུང་ཞེས་སུཏྲ་ཀྲྀཏྀ་ག་ཞེས་པའི་བསྟན་བཅོས་སུ་གསལ།

ཏཱ་ར་ནཱ་ཐའི་རྣམ་ཐར་དུ་ན་ལན་དའི་ས་འདིར་སྟོན་པའི་ཉན་ཐོས་ཀྱི་མཆོག་ཤཱ་རི་པུཏྲའི་འཁྲུངས་ས་ཡིན་ཞིང་། ཁོང་གི་མཆོད་རྟེན་རྣམས་ཀྱང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་རིང་དུ་བཞུགས་ཡོད་ཅིང་། ཆོས་རྒྱལ་ཆེན་པོས་ཀྱང་མཆོད་རྟེན་རྣམས་གཙུག་ལག་ཁང་དུ་བཞེངས་པ་རེད། དེ་ལྟར་ཆོས་རྒྱལ་མྱ་ངན་མེད་དང་ཟས་གཙང་སྲས་ཀྱི་དུས་ནས་ན་ལན་ན་འདི་ཉིད་གཙོ་ཆེ་བར་གྲགས་ཏེ། འོན་ཀྱང་རྒྱལ་པོ་གུཔྟ་སོགས་ཀྱི་དུས་སུ་ན་ལན་དའི་གཙུག་ལག་ཁང་གི་སྡེ་དང་དགེ་འདུན་འདུས་པ་རྒྱ་མཚོ་ནམ་མཁའི་སྐར་ཚོགས་ཀྱི་གྲངས་སུ་སྙེགས་པ་དག་དེ་དུས་བཙུགས་པ་རེད།

གཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱང་དགོན་སྡེ་འདིར་ཡུན་རིང་དུ་འཚོ་བཞུགས་བསྐྱངས། ཨ་ཙརྱ་དིག་ནག་གམ་མཁན་ཆེན་ཕྱོགས་གླང་མཆོག་ནས་ན་ལན་དའི་པཎྜི་ཏ་རྣམས་དང་ལྷན་ཅིག་ཆོས་ཀྱི་རྩོད་གླེང་སོགས་དུ་མ་མཛད་སྐད་རེད།

རྒྱ་ནག་ནས་གནས་སྐོར་བ་ཧྥ་ཤན་སོགས་འདིར་ན་ལན་དར་འབྱོར་ཏེ་རྒྱལ་པོ་ཧར་ཥའི་དུས་སུ་རྒྱ་ནག་གི་གནས་སྐོར་བ་གཉིས་པ་ཡུ་ཝན་ཅང་ག་ཞེས་པ་འདིར་འབྱོར་དུས་ན་ལན་ད་འདི་ཉིད་བསྟན་པ་དར་བའི་སྒང་དུ་རེད། ཁྱད་པར་དུ་ན་ལན་ད་འདི་ཉིད་ཀྱི་གཙུག་ལག་ཁང་ཐོག་མ་བཞེངས་རྒྱུའི་མ་རྐང་ནི་རྒྱ་གར་གྱི་ཚོང་པ་ཆེན་པོ་ལྔ་བརྒྱའི་རྒྱུ་ནོར་ལོངས་སྤྱོད་སྦྱར་ཏེ་བཞེངས་པ་རེད། དེ་དུས་ན་ལན་དའི་གྲྭ་ཚང་གི་འཚོ་བ་དང་སློབ་གཉེར་བ་མཐའ་དག་གི་འཚོ་བའི་ཡོ་བྱད་སོགས་གང་ཅིར་གྱ་ནོམ་པའི་ལོངས་སྤྱོད་ཀྱི་དཔལ་ལ་མངའ་འབྱོར་བ་ཤ་སྟག་ཡོད་ཅིང་། མ་ཟད་དེ་དུས་ཀྱི་སྐྱེ་བོ་དད་ལྡན་རྣམས་ནས་ན་ལན་དའི་སློབ་གཉེར་དང་གྲྭ་ཚང་རྣམས་ཀྱི་ཆེད་དུ་རང་གི་གཞིས་ཁང་ལོངས་སྤྱོད་གཏོང་བ་མ་ཟད་རང་གི་སྲོག་དང་བརྗེས་པའི་ཡོ་བྱད་ཀྱིས་དེ་དག་གི་འཚོ་བ་སྦྱར་བ་ལ་རྒྱབ་ཏུ་མི་ཕྱོགས་པ་དད་ལྡན་བརྟུལ་ཕོད་ཀྱི་སྐྱེ་བོ་འདི་ལྟ་བུ་གྲངས་ལས་འདས་པ་བྱུང་བ་དེས་མ་ཟད། གྲོང་གསེབ་ཉིས་བརྒྱ་ཐམ་པའི་ཡོང་སྒོ་མཐའ་དག་ན་ལན་དའི་གཏོང་སྒོར་འབུལ་བ་སོགས་བྱུང་ཞིང་། ན་ལན་ད་འདི་ཉིད་ཀྱི་གཙུག་ལག་ཁང་དུ་དགེ་བའི་བཤེས་གཉེན་བརྒྱ་བཅོ་ལྔ་དང་སློབ་གཉེར་བ་སྟོང་ཕྲག་བཅུ་ཡོད་པར་གྲགས། རྒྱ་ནག་དང་། ཀོ་རི་ཡ་དང་། བོད་གངས་ཅན་ལྗོངས་དང་། རུ་ཤར་དང་། སོག་པོའི་ཡུལ་སོགས་ནས་མཁས་པ་མང་པོ་སློབ་གཉེར་གྱི་ཆེད་དུ་འདི་གའི་གཙུག་ལག་ཁང་དུ་ཕེབས་ཀྱི་ཡོད་པ་རེད།

འདི་གའི་དཔེ་མཛོད་འདི་ནི་ཨེ་ཤི་ཡ་ཡོངས་ནས་ཆེ་ཤོས་ཤིག་ཡིན་ཏེ། འདིའི་ནང་གི་བསྟན་བཅོས་དུ་མའི་འདྲ་ཤུས་རྣམས་ཀྱང་འདི་ནས་རྒྱ་ནག་ཏུ་འཁྱེར་ཞིང་། བསྟན་བཅོས་རྣམས་རྒྱ་ནག་གི་སྐད་ཡིག་ཏུ་བསྒྱུར་ཏེ་ད་ལྟའི་ཆ་ལའང་རྒྱ་ནག་ཏུ་ནང་པའི་ཆོས་དར་བཞིན་པའི་བཀའ་དྲིན་ཡང་འདི་ནས་ཡིན་མོད། ཕྱི་ལོ་ ༡༢༠༠ འདས་པའི་རྗེས་སུ་འདི་གའི་དཔེ་མཛོད་རྣམས་ཉམས་ཆགས་ཤོར་ཏེ་བསྟན་བཅོས་ལྷག་མ་རྣམས་ནི་བོད་དང་བལ་ཡུལ་སོགས་སུ་དར་ཁྱབ་བྱུང་བ་རེད། ལར་འདི་ནང་གི་དགེ་འདུན་ཚང་མ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་ཉམས་སུ་བླངས་ཏེ་ཁྱད་པར་འདིའི་ནང་གི་སློབ་གཉེར་བ་མཐའ་དག་རིག་པའི་གནས་ལྔ་ལའང་སྦྱངས་པ་བསྟེན་དགོས་ཤིང་། དེ་སྐབས་ཨ་ཙརྱ་ཤཱི་ལ་བྷ་དྲ་ཞེས་པ་འདིའི་ནང་གི་མཁན་པོའི་གཙོ་བོ་ཞིག་རེད།

རྒྱ་ནག་གི་ཡུ་ཝན་ཅངྒ་ནས་ཀྱང་བཤེས་གཉེན་ཁོང་ལ་བསྟེན་ཅིང་རིག་པའི་གནས་ལྔ་དཔྱིས་ཕྱིན་པ་བྱུང་བ་རེད། ཨ་ཙརྱ་ཤཱི་ལ་བྷ་དྲའི་སྔོན་དུ་འདི་གའི་གཙོ་བོ་དྷརྨ་པཱ་ལ་ཞེས་པ་རེད། རྒྱ་ནག་ཡུ་ཝན་ཅང་གི་དུས་སུ་ཨ་ཙརྱ་ཤཱི་ལ་བྷ་དྲ་དང་། པྲ་མ་མི་ཏྲ་དང་། སི་ཐར་མ་ཏི་དང་། གུཎ་མ་ཏི་ལ་སོགས་པ་འདི་གའི་མཁན་པོའི་གཙོ་བོ་ཡིན་པ་འདུག སྐར་ཚོགས་ཀྱི་གྲངས་དང་མཉམ་པ་སྟེ་དེ་བཞིན་དུ་མཁས་གྲུབ་ལོ་པཎ་ཇི་སྙེད་ཅིག་དགོན་སྡེ་དེ་ཀ་རང་ནས་བྱུང་སྟེ་ནང་པའི་བསྟན་པ་འདི་ཉིད་སྲིད་གསུམ་ན་ཁྱབ་བདལ་ནུས་པའི་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་དུརུཥ་ཀླ་ཀློ་རྣམས་ནས་རྨེགས་མེད་དུ་བཅོམ་སྟེ་ད་ལྟ་མིང་གི་ལྷག་མ་ཙམ་ལས་མ་ལུས་པ་འདི་ཤེས་ལྡན་ཡོངས་ཀྱི་སྤྱན་ལམ་དུ་སོན་ཚེ་འདུས་བྱས་ཀྱི་ཆོས་ཐམས་ཅད་དེ་ལྟའི་རང་བཞིན་རེད་ཅེས་སྙིང་ལ་ཟུག་རྔུ་གསར་པ་ཞིག་བསྐྱེད་ནུས་ཏེ། མདོར་ན་སྣོད་བཅུད་ཀྱི་འགྲོ་བའི་ཁམས་མ་ལུས་པ་ངེས་པར་འཇིག་པའི་ཚུལ་དེ་ལ་བསམས་ན་འཁོར་བ་ལ་ཡིད་འབྱུང་དྲག་པོ་ཞིག་ཅིས་མི་སྐྱེ། དེ་སྐྱེས་ལ་དེ་ཡིད་ལ་བརྣགས་པས་ན་ཐར་པ་སྒྲུབ་པའི་བསྐུལ་ལྕག་དམ་པའང་དེ་ཀས་ཆོག་མོད། འོན་ཏེ་དེ་ལྟར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཕ་རོལ་ཞི་བདེ་བླ་ན་མེད་པའི་ངོགས་སུ་འཇུག་པའི་ཐབས་ཀྱི་མཆོག་ནི་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་དང་རིས་སུ་མ་བཅད་པའི་འགྲོ་བ་ཡོངས་ལ་རྔོ་ཐོག་པ་ཞིག་ཏུ་འཇུག་དགོས་ཏེ། འཇུག་ནས་ཀྱང་བརྩོན་འགྲུས་དྲག་པོའི་ཐོག་རང་རྒྱུད་སྨིན་ཅིང་གཞན་སྒྲོལ་ནུས་པ་ཞིག་བྱུང་ན་ལྟ་ཅི་སྨོས། དེ་ལྟར་མ་བྱུང་ནའང་བསྟན་པའི་སྒོར་བཞུགས་པ་ཙམ་གྱིས་ཀྱང་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ཀྱང་སུ་ཞིག་གིས་གཞལ་བར་མི་ནུས་ལ། དེས་ན་ད་ལྟ་འདིར་ཡང་སྐྱེས་མཆོག་གནས་བརྟན་འོད་སྲུང་ལགས་ཀྱིས་གཙོས་འདི་གའི་འཕགས་སྐྱེས་འགའ་ཞིག་ནས་བསྐུལ་མ་འདེབས་པ་ལ་བརྟེན་ན་ལན་དའི་གཙུག་ལག་ཁང་གསར་པ་ཞིག་བཞེངས་རྒྱུའི་སྒོ་བརྩམས་ཏེ་དེའི་སླད་དུ་རྒྱ་གར་གཞུང་ནས་ཀྱང་མཐུན་རྐྱེན་སྒོར་སྟོང་ཕྲག་ལྔ་བཅུ་ཐམ་པ་དང་། ལོ་རེ་བཞིན་འགྲོ་སོང་སྒོར་སྟོང་ཕྲག་ཉི་ཤུ་རྩ་ལྔ་རེ་སྩལ་རྒྱུ་བཅས་ཕྱིས་སུ་གཙུག་ལག་ཁང་བཞེངས་འགྲུབ་ཕྱིན་དེའི་ནང་དུ་རྒྱ་བོད་ཆོས་སྐད་སོགས་སློབ་སྤེལ་བྱ་རྒྱུ་དང་། མ་ཟད་ནང་པའི་རྒྱལ་ཁབ་ཡོངས་ཀྱི་དགེ་འདུན་འགའ་ཞིག་གདན་འདྲེན་ཞུས་ཏེ་ནང་པའི་ཆོས་འདི་སླར་ཡང་རྒྱ་གར་འདི་ཉིད་ཀྱིས་གཙོས་འཛམ་གླིང་ཡོངས་ལ་དར་ཁྱབ་ཐུབ་པའི་ཐུགས་བསྐྱེད་བཟང་པོ་འདི་བར་ཆད་མེད་པར་ཇི་ལྟར་སྨོན་པ་བཞིན་འགྲུབ་པའི་རྒྱ་བོད་ཀྱི་མཆོག་དམན་མཐའ་དག་ནས་སྨོན་ལམ་བཟང་པོ་རེ་གནང་བའི་རེ་འདུན་གྱིས་ད་ལན་བོད་ཡིག་ཚགས་པར་འདིར་བཀོད་ཅིང་། དེའི་མཐུས་སྐྱེ་རྒུ་ཀུན་ཀྱང་དགེ་བའི་སེམས་དང་ལྡན་ཞིང་། རྣམ་དཀར་གྱི་མཛད་སྒོ་འབའ་ཞིག་ལྷུར་ལེན་པའི་ངང་ནས་གནས་སྐབས་རྫོགས་ལྡན་གསར་པའི་དཔལ་ལ་ཆོས་བཞིན་དུ་ལོངས་སྤྱོད་ཅིང། མཐར་ཐུག་ས་ལམ་གྱི་ཡོན་ཏན་མ་ལུས་མཐར་ཕྱིན་ཏེ་སྟོབས་བཅུ་མངའ་བའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག་གུ། །ཞེས་ཨིན་ཟླ་ ༡༡ ཚེས་ ༢༦ ལ་ཁོ་བོ་འབྲས་ལྗོངས་པ་རིག་འཛིན་ལྷུན་གྲུབ་པས་སོ།།

(ལྕགས་ཡོས་ཧོར་ཟླ་ ༡༠ ཚེས་ ༣ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༡༢ ཚེས་ ༡ འདས་ལོ་ ༡༩༥༡ ཤོག་ངོས་ ༣

(ལྕགས་ཡོས་ཧོར་ཟླ་ ༡༢ ཚེས་ ༦ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༢ ཚེས་ ༡ འདས་ལོ་ ༡༩༥༢ ཤོག་ངོས་ ༢)

Leave a Reply

Your email address will not be published. Required fields are marked *