ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར།
ཁོང་ནི་དུས་རབས་བཅུ་པའི་དུས་མཇུག་(982-1054) ཙམ་དུ་འཁྲུངས་པའི་ནང་པ་སངས་རྒྱས་པའི་ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་ཞིག་ཡིན་ཞིང་། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཆིག་སྟོང་ལྔ་བརྒྱ་ཙམ་སོང་བའི་དུས་ཡུན་ནང་འཕགས་ཡུལ་དུ་སངས་རྒྱས་ཆོས་ལུགས་ལ་དར་རྒུད་སྣ་ཚོགས་བྱུང་སྐབས་གང་གི་མཁྱེན་རབ་དང་ཐུགས་རྗེའི་ཐབས་མཁས་ཀྱིས་སངས་རྒྱས་ཆོས་ལུགས་རྒྱུན་འཛིན་ དང༌། གོང་འཕེལ། ཉམས་པ་སོར་ཆུད་ཡོང་ཕྱིར་མཛད་པ་བསམ་གྱིས་མི་ཁྱབ་པ་བཞེས་ཡོད།
ལྷག་པར་དུ་རང་ཅག་ཁ་བའི་ལྗོངས་འདིར་དུས་རབས་དགུ་པའི་དུས་དཀྱིལ་ཙམ་ནས་ནང་བསྟན་ལ་རྒུད་ཆག་ཆེན་པོ་བྱུང་སྟེ་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་པའི་དུས་སུ་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཀྱིས་གདན་ཞུ་ཐེངས་མང་གནང་བ་ལྟར་ཇོ་བོ་རྗེ་ཉིད་ཀྱིས་སྐུ་ཚེའི་འདུ་བྱེད་སོགས་ལ་མ་ལྟོས་པར་དཀའ་བ་བརྒྱ་ཕྲག་ཁྱད་བསད་ཀྱིས་གངས་ལྗོངས་སུ་སླར་ཡང་བསྟན་པའི་མེ་རོ་སོར་ཆུད་གནང་བ་དང་། འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོ་ལྟ་རྒྱུད་ཀྱི་གདམས་པ་ཟབ་མོ་དང༌། འཕགས་པ་ཐོགས་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ལམ་གྱི་རིམ་པའི་གདམས་པ་མཐའ་དག་ཇོ་བོ་རྗེ་ཉིད་ཀྱི་ཐུགས་ལ་ཡོངས་སུ་མངའ་བའི་ཁར་བྱང་ཆུབ་སེམས་ཀྱི་བདག་པོ་བླ་མ་གསེར་གླིང་པའི་ཐུགས་ཀྱི་གདམས་པ་ཡོངས་རྫོགས་ཇོ་བོ་རྗེ་ཉིད་ལ་བུམ་པ་གང་བྱོའི་ཚུལ་དུ་ལྡན་པའི་སྙིང་བཅུད་ནང་བསྟན་ཆོས་ཀྱི་སྙིང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་ཟབ་བཤད་མདོ་སྔགས་ཡོངས་རྫོགས་ཀྱི་གནད་བསྡུས་པ་གང་ཟག་གཅིག་གིས་ ཉམས་སུ་ལེན་པའི་རིམ་པ་ཚང་ལ་མ་ནོར་བར་བསྟན་པ། 《བྱང་ཆུབ་ལམ་སྒྲོན་》གྱིས་གཙོས་ལྟ་གྲུབ་གཙང་མའི་དགོངས་པ་ཟབ་མོས་གངས་རིའི་ལྗོངས་སུ་མ་རྟོགས་པ་དང་ལོག་རྟོག་གི་དྲི་མ་མཐའ་དག་ཡོངས་སུ་བསལ་ནས་བཀའ་གདམས་བསྟན་པའི་རིང་ལུགས་འཛམ་གླིང་ས་མཐོའི་རྩེ་མོར་སྲོལ་གཏོད་མཛད། གཞན་ཡང་བཀའ་བསྟན་ཇི་སྙེད་ཅིག་གསར་རྩོམ་དང་ཕབ་བསྒྱུར་གནང་བ་དེ་བཞིན་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བའི་གནད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་སོགས་ལ་གལ་པོ་ཆེར་ནན་ཏན་གྱི་དཔེ་ལྟར་རྒྱ་དཔེ་ཁུངས་གཏུགས་མང་པོར་གོ་བསྡུར་གྱིས་ཞུ་དག་ཐེངས་མང་མཛད་དེ་གཏན་ལ་ཕབ། འབྲོམ་སྟོན་པ་སོགས་བཀའ་གདམས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་སྙེ་ཐང་དགོན་དང་རྭ་སྒྲེང་དགོན། གསང་ཕུ་དགོན་སོགས་གནས་གཞིའི་དགོན་སྡེ་ཁག་བཙུགས་པས་བཀའ་གདམས་བསྟན་པའི་རིང་ལུགས་གངས་ལྗོངས་ས་མཐོའི་རི་སུལ་འདིར་དབྱར་གྱི་རྩི་ཏོག་རྒྱས་པ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་ཞིང་། བཀའ་གདམས་བསྟན་པའི་གྲུབ་མཐའ་དར་སྤེལ་བྱུང་བ་དང་ཆབས་ཅིག་བཀའ་བརྒྱུད་པ་དང་། ས་སྐྱ་པ། དགེ་ལུགས་པ་སོགས་གྲུབ་མཐའ་རིས་མེད་ཀུན་ལ་ཡང་ཇོ་བོ་རྗེའི་བཀའ་གདམས་པའི་རིང་ལུགས་ཀྱིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་ནི། འགོས་ལོ་ཙཱ་་་ བའི་དེབ་སྔོན་ལས། “དུས་ཕྱིས་བོད་དུ་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྣལ་འབྱོར་པ་གྲུབ་པའི་སྤྱོད་པ་ཅན་རྣམས་ཀྱི་རྣམ་ཐར་ཕལ་ཆེ་བ་ནི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རེ་ལ་གཏུགས་པ་ཁོ་ན་སྣང་” ཞེས་གསུངས་པ་ལྟར་རོ།།

 

Leave a Reply

Your email address will not be published. Required fields are marked *