༣༥༽ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་གི་རྣམ་ཐར།

༣༥༽ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་།

 

དེ་ཡང་ཐང་སན་ཙང་ (600-664) ཞེས་པའི་ཐང་ནི་ཆེན་པོ་ཐང་རྒྱལ་རབས་ཀྱི་དུས་སུ་བྱོན་པས་ཡིན་ལ། སན་ཙང་ཞེས་པ་སྡེ་སྣོད་གསུམ་པ་ཞེས་པའི་དོན་ཡིན་པས་ཆེ་བསྟོད་ཀྱི་མཚན་དང་། མཚན་དངོས་ལ་ཤོན་ཙུང་ཞེས་ཞུ། ཁོང་གི་མཚན་བོད་ཡིག་ཐོག་ཐང་ཟན་ཙང་དང༌། ཐང་སན་ཙང༌། ཐང་སིན་ཙང་། ཐང་ཛམ་ཚང་། ཐང་སན་ཛང་སོགས་འབྲི་ཚུལ་མང་དུ་ཡོད་པ་ལས། རྒྱ་ཡིག་ཐོག་ (唐三藏) ལྟར་ན་ཐང་སན་ཙང་ཞེས་འབྲི་དགོས་པར་སེམས། སན་ཞེས་པ་གསུམ་དང༌། ཙང་ནི་སྐབས་འདིར་སྡེ་སྣོད་འཛིན་པའི་དོན་ཡིན་པས་ཐང་སན་ཙང་ཞེས་བྲིས་ཚེ། ཆེན་པོ་ཐང་རྒྱལ་རབས་དུས་ཀྱི་སྡེ་སྣོད་གསུམ་པ་ཞེས་པའི་དོན་ཡིན་པས་འདི་དག་པར་མངོན་ནོ།།

ཁོང་གི་རྣམ་ཐར་ནི། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[1]། རྒྱ་ནག་གི་ཡུལ་དུ་དར་བའི་བསྟན་པ་ལ་འདུལ་བ་དང་། གསང་སྔགས། རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད། སྙིང་པོ་དོན་བརྒྱུད་དང་ལྔ་ཡོད་པས་དེ་དག་གི་བཀའ་བབས་ཧྭ་ཤང་མཁས་པ་གྲངས་མེད་པས་རྒྱ་གར་ནས་ཆོས་བསྒྱུར་བ་དང་བསྟན་བཅོས་མང་པོ་བརྩམས། ཁྱད་པར་དུ་ཐང་སན་བླ་མ་ནི་ཧན་གྱི་བློན་ཆེན་ཊུར་ཀུང་གི་རྒྱུད་དུ་འཁྲུངས་ཤིང་། སྐྱེས་ཐོབ་པའི་ཤེས་རབ་ངོ་མཚར་བ་དང་ལྡན་ཞིང་། དགུང་ལོ་བཅུ་གཅིག་ནས་དྲི་མེད་གྲགས་པས་བསྟན་པའི་མདོ་དང་། དམ་ཆོས་པད་དཀར་ཞལ་འདོན་མཛད།

ཉེར་དགུའི་སྟེང་རྒྱ་གར་དུ་ཕེབས། བཀའ་པོད་དང་བྱམས་ཆོས་སོགས་ལ་མཁས་པར་སྦྱངས། མུ་སྟེགས་ཀྱི་རྒོལ་བ་སོགས་རྩོད་པས་ཚར་བཅད་ཅིང་། ལྟ་ངན་ཚར་གཅོད་ཀྱི་བསྟན་བཅོས་ལ་སོགས་མཛད་པས་སྙན་གྲགས་ཀུན་ཏུ་ཁྱབ། ན་ལེནྡྲའི་མཁན་པོ་མཛད། ལོ་བཅུ་བཞིའི་རིང་གསན་སྦྱོང་མཛད་ནས་ཤིང་ཏཱ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་པོད་དྲུག་བརྒྱ་ལྷག་དང་། རིང་བསྲེལ་སྐུ་བརྙན་མང་པོ་གདན་དྲངས་ཏེ་ཕྱིར་ཕེབས་ནས་ཏུང་ཧྥ་སིར་ཧྭ་ཤང་མཁས་པ་བཅུ་གཉིས་དང་བཅས་པས་བཀའ་བསྟན་གླེགས་བམ་དྲུག་བརྒྱ་དང་ང་བདུན་བསྒྱུར། སྔ་འགྱུར་རྣམས་ལ་འགྱུར་བཅོས་ཀྱང་མཛད། དེ་དུས་དགོན་སྡེ་སུམ་སྟོང་བདུན་བརྒྱ་བཅུ་དྲུག་ཡོད་པ་ནས་རབ་བྱུང་ཆིག་ཁྲི་བརྒྱད་སྟོང་དྲུག་བརྒྱ་སུམ་ཅུ་འདུས་པའི་སྡེ་བཙུགས་ཤིང་། བསྟན་བཅོས་མང་པོ་བརྩམས་ཏེ་ཐེག་ཆེན་སྤྱི་དང་ཁྱད་པར་དུ་སེམས་ཙམ་དར་བར་མཛད་པ་དང་། མཆོད་རྟེན་འཕགས་ལུགས་མ་བཞེངས་ཏེ་རྒྱ་དཔེ་དང་རིང་བསྲེལ་རྣམས་བཞུགས་སུ་གསོལ། རྒྱུ་སྣ་ཚོགས་ལས་གྲུབ་པའི་སྐུ་རྟེན་བྱེ་བ་གཅིག་བཞེངས། འཆི་ངེས་ཀྱི་སྲོག་བླུ་ཁྲི་དང༌། མི་ཁྲི་ཕྲག་ལ་མཆོད་སྦྱིན། མར་མེ་དུང་འབུལ་སོགས་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དེ་དགུང་ལོ་རེ་ལྔའི་སྟེང་ཞི་བར་གཞོལ། རྒྱ་ནག་ཏུ་བསྟན་པ་ལ་སྟོན་པར་གྱུར་པ་ནི་འདི་དང་ཊི་ཅེ་ཏ་ཧྲི་སྟེ་སློབ་དཔོན་ཆེན་པོ་ཡེ་ཤེས་ལྡན་ཐིང་ཀུན་ཏེ་དྲི་མེད་གཟིགས་སོགས་ཡིན་པར་མངོན་ནོ། །དེས་ན་སྐབས་འདིར་ཡང་རྒྱ་བོད་དུ་དར་བའི་ལྷའི་དཀྱིལ་འཁོར་གྱི་ཚོགས་ལ་མི་འདྲ་བ་མེད་ཅིང་བསྟན་པ་ལ་བཀའ་དྲིན་ཆེ་བས་འདི་ཉིད་བཞུགས་སུ་གསོལ་བ་ལགས། ཞེས་བྱུང་ཐང་སན་བླ་མས་དཔལ་ནཱ་ལེནྡྲའི་གཙུག་ལག་གི་མཁན་པོ་མཛད་པར་གསལ་ཡང་། ཐང་སན་བླ་མས་དཔལ་ནཱ་ལེནྡྲ་གཙོ་གྱུར་རྒྱ་གར་འཕགས་ཡུལ་དུ་ལོ་ངོ་ ༡༤ ལས་བཞུགས་མེད་པས་དུས་ཐུང་དེ་ལྟ་བུའི་ནང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་གོ་ཐོབ་བར་སླེབས་མིན་དཔྱད་དགོས་པར་སྣང་ངོ་།།

གཞན་ཡང་ཁོང་གི་རྣམ་ཐར་དེ་ལས་རྒྱས་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། ཐང་ཛམ་ཚང་ (唐三藏) སྟེ་ (玄奘) ཐང་རྒྱལ་རབས་སྐབས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སློབ་དཔོན་མཚན་སྙན་ཆེ་བ་ཞིག་ཡིན། (ཕྱི་ལོ་ ༦༠༢ ནས་ ༦༦༤) ཧན་རྒྱལ་རབས་ཀྱི་བློན་ཆེན་ཀྲུང་ཀུང་གི་གདུང་བརྒྱུད་ཡིན་ཡང་། ཆུང་དུས་ནས་རབ་བྱུང་གནང་སྟེ་ཐོག་མར་མངོན་པའི་སྡེ་སྣོད་ལ་མཁས་པར་སྦྱངས། བཀའ་འགྱུར་དང་བསྟན་འགྱུར་སོགས་དཔེ་དེབ་ལ་གཟིགས་རྒྱ་ཆེ། དགུང་ལོ་ཉི་ཤུ་རྩ་དགུར་ཕེབས་སྐབས་རྒྱ་གར་དུ་སློབ་གཉེར་ལ་ཕེབས་འདོད་ཆེན་པོ་བྱུང་སྟེ། ཐང་ཐའི་ཙུང་གི་དྲིན་ཀོན་ཁྲི་ལོ་དང་པོ་མེ་ཕག་ (༦༢༧) ལོར་གོང་ལ་སྙན་ཞུ་ཕུལ་ཡང་བློན་པོ་རྣམས་ཀྱིས་བཀག །ཚོང་པ་དང་ལེགས་འབུལ་མི་སྣའི་གྲས་ཀྱི་རྒྱ་གར་བའི་ཁོངས་སུ་ཞུགས་ནས་རྒྱ་གར་ཕལ་སྐད་དང་ངོ་ཆོས་ལོ་གསུམ་རིང་སྦྱངས་ཏེ་ནང་མི་ཞིག་གི་རོགས་རམ་འོག་རང་ཉིད་ཀྱི་རེ་འདུན་རྣམས་གོང་མའི་སྙན་དུ་འཁྱོལ་ནས། དྲིན་ཀོན་ཁྲི་ལོ་གསུམ་པ་ས་གླང་ (༦༢༩) ལོར་གནང་བ་ཐོབ། ལམ་ཡིག་བསྣམས་ཏེ་ལོ་དེར་རྒྱ་གར་དུ་ཐོན་ནས། ལམ་ཞོར་འགུ་ཚང་དང་། གྲུ་གུའི་ས་ཆ་བརྒྱུད་དེ་ཕེབས་པའི་ལམ་བརྒྱུད་ཀྱི་རྒྱལ་ཕྲན་ཚོས་ཀྱང་སྣེ་ལེན་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས་ཏེ་རྒྱ་གར་ཡུལ་དབུས་སུ་བྱོན། ལོ་བཅུ་བཞིའི་རིང་རྒྱ་གར་གྱི་ཡུལ་ཐམས་ཅད་དུ་གནས་མཇལ་དང་སློབ་གཉེར་ཟུང་འབྲེལ་གནང་། སློབ་དཔོན་དགེ་འདུན་གྲགས་པ་དང་། བི་ཤུད་དྷ་སིདྷ། ཛ་ཡ་བནྡྷ། སུ་རྱ་དེ་ཝ། ཛི་ན་རཀྵི་ཏ་སོགས་མཁས་པ་སུམ་ཅུ་ལྷག་ཙམ་བསྟེན་ནས། རིག་གནས་དང་། ཚད་མ། མངོན་པ། དབུ་མ། འདུལ་བ་སོགས་སྦྱངས་ཏེ་མཁས་པ་ཆེན་པོར་གྱུར།

སྐབས་དེར་རྒྱ་གར་གྱི་དགོན་པའི་ནང་ནས་མཁས་པ་མང་ཤོས་བཞུགས་པའི་དགོན་པ་ཤྲཱི་ན་ལེནྡྲར་ཕེབས་ཤིང་། དགེ་འདུན་དང་སྐྱེ་བོ་ཕོ་མོ་སྟོང་ཕྲག་མང་པོས་བསུ་བ་ཞུས། ཕྱི་རྒྱལ་ནས་ཕེབས་པའི་སྐུ་མགྲོན་ཆོས་ལུགས་མཁས་ཤོས་ཀྱི་རིམ་པ་དང་མཐུན་པའི་སྣེ་ལེན་ཞུས་ཏེ་ལོ་གསུམ་གྱི་རིང་ཚད་མ་དང་མངོན་པ་མཛོད་སོགས་ཆོས་མང་པོ་གསན་ཞིང་བཞུགས། དེ་ནས་རྒྱ་གར་ཤར་ཕྱོགས་དང་། ལྷོ་ཕྱོགས། ཁ་ཆེའི་ཡུལ་སོགས་སུ་བྱོན་ནས་གནས་མཇལ་དང་ཆབས་ཅིག་མཁས་པ་ཆེན་པོ་ཛེ་ཏཱ་རི་སོགས་བསྟེན་ནས་རིག་གནས་དང་ཆོས་མང་པོ་གསན་ཅིང་། གཅིག་ཏུ་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་སོགས་གཞུང་མང་པོ་བརྩམས་པས་རྒྱ་གར་གྱི་མཁས་པ་དང་། རྒྱལ་བློན། ཡུལ་མི་ཐམས་ཅད་ཀྱིས་དད་གུས་ཆེ་བའི་སློབ་དཔོན་ཆེན་པོར་གྱུར།

སྤྱིར་རྒྱ་ནག་ནས་རྒྱ་གར་དུ་ཕེབས་པའི་ཧྭ་ཤང་མཁས་པ་ཆེན་པོ་ཧ་ཅང་མང་པོ་ཡོད་ཀྱང་། སློབ་དཔོན་འདི་འདྲ་བའི་མཛད་རྗེས་ཆེ་བ་དང་སྙན་གྲགས་ཆེ་བ་བྱུང་མ་མྱོང་བ་ཡིན་ཞིང། རྒྱ་གར་དུ་སློབ་དཔོན་འདིའི་མཚན་ལ་མཧཱ་ཡཱ་ན་དེ་བ་སྟེ་ཐེག་ཆེན་ལྷར་འབོད། དེ་ནས་རྒྱལ་པོ་ཚུལ་ཁྲིམས་ཉི་མ་སོགས་ལ་དགོངས་ཞུ་གནང་སྟེ་རྒྱ་ནག་ཏུ་ཕྱིར་ལོག་ཕེབས་ཁར། རྒྱལ་པོ་བཅོ་བརྒྱད་ཀྱིས་དགའ་སྐྱེལ་སྟོན་མོ་དང་དངོས་འབུལ་མང་པོ་ཕུལ་ཏེ་རྟེན་གསུམ་སྣ་ཚོགས་གླང་པོ་ཆེའི་ཁལ་གྱི་སུམ་ཆ་གཉིས། ན་བཟའ་ཆ་ཚང་། ཁལ་མ་གླང་པོ་ཆེ་གཅིག །གསེར་ཊམ་ཁྲི། དངུལ་ཊམ་སུམ་ཁྲི། ཁ་ཆེའི་རས་ཡུག་བརྒྱ་ཐམ་པ་སོགས་ཕུལ།

དེ་ནས་ལམ་ཞོར་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཕེབས་ཏེ་ཀོང་ཀྲེར་འབྱོར། སྐབས་དེར་ཁལ་མ་གླང་པོ་ཆེ་དེ་ཤི་བ་གོང་མ་ཐང་ཐའི་ཙུང་གིས་ཐོས་ནས་འུ་ལག་བཏང་ནས་སྐྱེལ་འདྲེན་བྱེད་དུ་བཅུག་པས་ཤིང་རྟ་འཁོར་ལོ་བཅུ་བཞིའི་ཁལ་བྱུང་། ཕན་ཚུན་གྱི་ལམ་བར་ལོ་གསུམ་དང་། རྒྱ་གར་ས་གནས་རང་དུ་ལོ་བཅུ་བཞི་བཞུགས་པ་བཅས་ལོ་བཅུ་བདུན་རིང་དཀའ་སྤྱད་འབད་བརྩོན་ཆེན་པོ་གནང་ཞིང་། དྲིན་ཀོན་ཁྲི་ལོ་བཅུ་དགུ་པ་ཤིང་སྦྲུལ་ (༦༤༥) ལོར་རྒྱལ་ས་ཁྲང་ཨན་དུ་བདེ་བར་ཕྱག་ཕེབས། གོང་མས་བློན་ཆེན་ཙི་ཕུ་ལིའང་སོགས་བློན་ཆེན་འགའ་ཤས་དང་། དགེ་འདུན་མང་པོར་བསུ་བ་བྱེད་དུ་བཅུག །ཟླ་བ་གཉིས་པའི་ནང་གོང་མ་དང་མཇལ་ཞིང་། ཏཱ་ལའི་ལོ་མར་བྲིས་པའི་ཆོས་དཔེ་པོ་ཏི་དྲུག་བརྒྱ་ལྔ་བཅུ་ང་བདུན། སངས་རྒྱས་ཀྱི་རིང་བསྲེལ་རྡོག་བརྒྱ་དང་ལྔ་བཅུ། ཙནྡན་ལས་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེ་ཆུང་གསུམ། གསེར་ཟངས་ལས་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེ་བ་གཉིས། ཁ་ཆེའི་རས་དང་། གསེར་དངུལ་གྱི་དོང་ཙེ་སོགས་དངོས་སྐྱེལ་མང་པོ་ཕུལ། གོང་མས་དེ་རྣམས་ལ་བདག་གཉེར་ཡག་པོ་བྱས་ཏེ་ཁྲང་ཨན་ཧུང་ཧྥུ་སི་ (长安弘福寺) བཞུགས་གནས་སུ་གནང་། དགོན་པ་དེའི་ཧྭ་ཤང་ལི་བཞུན་སོགས་དགེ་བཤེས་མཁས་པ་བཅུ་གཉིས་རོགས་རམ་དང་། བློན་པོ་ལིའང་ཀོ་ཀུང་དོ་དམ་པར་བསྐོས་ནས་རྒྱས་འབྲིང་བསྡུས་གསུམ་དང་། བྱམས་ཆོས་སྡེ་ལྔ་སོགས་བཀའ་བསྟན་པོ་ཏི་བདུན་ཅུ་དོན་ལྔ་ (ལེ་ཚན་ཆིག་སྟོང་སུམ་བརྒྱ་སུམ་ཅུ་སོ་ལྔ་) རྒྱ་སྐད་དུ་བསྒྱུར་ཞིང་། འགྱུར་རྙིང་འགའ་ཞིག་ལ་འགྱུར་བཅོས་ཀྱང་གནང་།

ཚེ་ཨིན་ཟི་སྟེ་ (慈恩寺) བྱམས་པ་གླིང་ཟེར་བའི་དགོན་རྙིང་ལ་ཞིག་གསོས་རྒྱ་སྐྱེད་གནང་སྟེ། གོང་མའི་སྐུ་ཉེ་ཝང་ལིའུ་ཏའོ་ཙུང་ཆེད་དུ་མངགས་ནས་སློབ་དཔོན་འདི་ཉིད་དགོན་པར་དེར་གདན་དྲངས། ཧུང་ཧྥུ་ཟི་ (弘福寺) ནས་བཙུན་གསར་ལྔ་བཅུ་དང་། དེ་བྱིངས་དགོན་ཁག་སུམ་སྟོང་བདུན་བརྒྱ་ནས་བཙུན་གསར་ལྔ་རེ་བསྡུས་པས་རབ་བྱུང་ཕོ་མོ་ཆིག་ཁྲི་བརྒྱད་སྟོང་དྲུག་བརྒྱ་སུམ་ཅུ་ཡོད་པ་ཞིག་བྱུང་། སློབ་དཔོན་དང་རབ་བྱུང་ཐམས་ཅད་ཀྱི་འཚོ་བ་རྒྱལ་པོའི་མཛོད་ནས་སྦྱར། དགོན་པ་ཆེ་བ་གསུམ་སློབ་དཔོན་ལ་ཕུལ་ཏེ་རེ་ཞིག་བར་སློབ་དཔོན་གྱིས་མཁན་པོ་གནང་། འབུམ་འགྲེལ་སེམས་ལུགས་མ། རྒྱ་ཆེན་སྤྱོད་པའི་དོན་བསྡུས་སྐབས་བརྒྱད་མ། ལངྐར་གཤེགས་པའི་མདོའི་འགྲེལ་པ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ། མངོན་པ་མཛོད་ཀྱི་འགྲེལ་པ། ཚད་མ་བསྡུས་པ་ལ་སོགས་པའི་བསྟན་བཅོས་མང་པོ་མཛད་ཅིང་། འགའ་ཞིག་བོད་སྐད་དུ་བསྒྱུར་བ་དེང་སང་ཡང་བསྟན་འགྱུར་ནང་དུ་བཞུགས། ལོ་བཞི་བཅུའི་རིང་ཆོས་ལུགས་དར་སྤེལ་གནང་ནས། དགུང་ལོ་དྲུག་ཅུ་རེ་ལྔ་པ་ (ཐང་ཀའོ་ཙུང་གི་ལོང་ཧྲུའོ་ཁྲི་ལོ་གསུམ་པ་) ཆུ་ཕག་ (༦༩༣) ལོར་སྐུ་གཤེགས། སློབ་དཔོན་འདིའི་རྣམ་ཐར་རྒྱས་པ་ཐང་སན་ཛང་གི་ལམ་ཡིག་ཟེར་བ་ཞིག་ཡོད་ཚོད་འདུག་ཀྱང་བདག་གིས་ད་ཕན་མཐོང་མ་མྱོང་ཞིང་། འདིར་བཀོད་པ་ནི། སོག་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་རྒྱ་ནག་ཆོས་འབྱུང་ལས་གནད་བསྡུས་བྱས་པ་ཡིན། ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲར་ལོ་གསུམ་ལས་བཞུགས་མེད་པར་གསུངས་པས་ཀྱང་མཁན་པོ་གནང་ཨེ་ཡོད་སྙམ་པས་དཔྱད་དགོས་སོ།།

[1] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༠༩

[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༠༣༦

Leave a Reply

Your email address will not be published. Required fields are marked *