༢༤༽ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ།

དྲུག་པ། དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས1དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ནི་མཐའ་གཉིས་སུ་སེལ་བའི་བསྟན་བཅོས་མཛད་མཁན་དེ་ཡིན་ལ། དཔལ་ཨ་ཏི་ཤའི་ཡང་སྐུ་དྲིན་ཆེ་བའི་བླ་མ་ཞིག་ཡིན། དེ་ཡང་ཡུལ་གོ་ཌར་འཁྲུངས། དང་པོར་ཉན་ཐོས་སེན་དྷ་པའི་པཎྜི་ཏ་དེའི་ལུགས་ཀྱི་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་ལ། ཕྱིས་ཐེག་ཆེན་ལ་དད་པ་ཐོབ་སྟེ་ཀླུ་སྒྲུབ་དང༌ཐོགས་མེད་ཀྱི་གཞུང་ཐམས་ཅད་ལ་མཁས་པར་སྦྱངས། གསང་སྔགས་ཀྱི་རྒྱུད་སྡེ་ཡང་མང་པོ་མཁྱེན། ཁྱད་པར་མདོ་རྒྱུད་ཀྱི་གསན་རྒྱ་ཤིན་ཏུ་ཆེ། རྟག་ཏུ་བྱང་ཆུབ་ཀྱི་སེམས་ལ་གོམས་པ་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང༌། བྱམས་པ་དང༌། སྤྱན་རས་གཟིགས་ཡང་ཡང་ཞལ་གཟིགས། མངོན་ཤེས་ཐོགས་པ་མེད་པ་མངའ། ལན་གཅིག་བི་ཀྲ་མ་ཤཱི་ལར་བཞུགས་པའི་ཚེ། སློབ་མ་དགེ་ཚུལ་ཞིག་ལ་ཁྱོད་ད་ལྟ་མྱུར་བར་སོང༌། གནངས་ཀྱི་ཉིན་པར་ཉི་མ་གུང་ལ་ག་ཡའི་གྲོང་ཁྱེར་དུ་སླེབས་པར་གྱིས། རྡོ་རྗེ་གདན་གྱི་དགེ་འདུན་རྣམས་དང༌། དཀོན་གཉེར་དེ་ན་བྲམ་ཟེ་གཅིག་གིས་དུས་སྟོན་ལ་བོས་འོང་བར་འདུག །བྱང་ཆུབ་ཆེན་པོ་བཞུགས་པའི་གནྡྷོ་ལ་ལ་མེའི་གནོད་པ་འོང་བར་འདུག་པས། དེ་རྣམས་ཁྲིད་ལ་མེ་སྣོལ་ཅིག་གསུངས། དེས་ཕྱིན་པས་ལུང་བསྟན་པ་བཞིན་ག་ཡར་རྡོ་རྗེ་གདན་རྣམས་དང་འཕྲད། ཁོ་བོའི་སློབ་དཔོན་གྱིས་ལུང་བསྟན་པ་ཡིན། ཡར་འདངས་བྱས་པས་ཕྱེད་ཙམ་ཡིད་མ་ཆེས་པར་བསྡད། ལྷག་མ་ཕྱེད་ཙམ་དང་བཅས་རྡོ་རྗེ་གདན་དུ་འོངས་པས། རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་མེ་ཤོར་ཏེ། ཕྱི་ནང་ཀུན་ཏུ་འབར་གྱིན་འདུག །དེར་ལྷ་ལ་གསོལ་བ་འདེབས་ཀྱིན་མེ་བསད་པས་ལྷ་ཁང་ཞིག་པ་ཆེར་མ་བྱུང༌། རི་མོ་བསུབས་པ་དང༌། ཤིང་འཚིགས་པ་རྣམས་སློབ་དཔོན་གྱིས་གསོས། གཞན་ཡང་ཆོས་གཞི་ཉམས་པ་གསོས་པ་དང༌། གསར་དུ་བཙུགས་པའང་མ་ག་དྷ་དང་བྷཾ་ག་ལ་གཉིས་ཀར་མང་བར་ཡོད།

མཁས་པ་སྒོ་དྲུག་འདི་རྒྱལ་པོ་བྷེ་ཡ་པཱ་ལས་རྒྱལ་སྲིད་སྐྱོང་བའི་སྟོད་ཀྱི་དུས་ནའང་ཡོད་དོ། །རྒྱལ་པོ་ཙ་ན་ཀ་ཡིས་བསྟན་པ་ལ་བྱ་བ་ཆེར་བྱས་ཀྱང་པཱ་ལའི་རིགས་མ་ཡིན་པས། བདུན་ལ་ནི་མི་བགྲང་ངོ༌། །འདི་དུས་ནས་བཟུང་ཁ་ཆེར་ཚད་མ་ཤིན་ཏུ་དར། རྟོག་གེ་བ་ཉི་མ་སྦས་པ་ཡང་བྱུང་ངོ༌། །ཞེས་གསལ་ལོ། །དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་དུའང་བཞུགས་ཡོད་པར་མངོན་ནོ།།

1 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༩༠

Leave a Reply

Your email address will not be published. Required fields are marked *