༡༽ ལོ་ཙཱ་བ་ངན་ལམ་རྒྱལ་བ་མཆོག་དབྱངས།

༡༽ ལོ་ཙཱ་བ་ངན་ལམ་རྒྱལ་བ་མཆོག་དབྱངས།

 

ལོ་ཙཱ་བ་བཙུན་པ་རྒྱལ་བ་མཆོག་དབྱངས་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཆོས་བློན་དང་། རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་སྟེ། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་དབུ་རུ་འཕན་ཡུལ་དུ་སྐུ་འཁྲུངས་ཤིང་། གདུང་རུས་ངན་ལམ་ཡིན་པས་ངན་ལམ་རྒྱལ་བ་མཆོག་དབྱངས་ཞེས་སུ་གྲགས། བོད་ལུགས་ཤིང་ཡོས་ཕྱི་ལོ་ ༧༧༥ ལོར་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན། རྗེ་འདི་ཉིད་སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ། རྦ་བཞེད་ལས།

བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། །

ཞེས་གསུངས་ཤིང་། ཡི་དམ་རྟ་མགྲིན་ལ་བཅོལ་ནས་དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་སྟེ་ཚེ་ཡི་རིག་འཛིན་བརྙེས་པར་གྲགས། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས[1]

རྒྱལ་བ་མཆོག་དབྱངས་རྟ་སྐད་ཐེངས་གསུམ་ཐོན། །

ཞེས་གསུངས་སོ། །སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཙཱ་བ་འདི་ཉིད་ཀྱིས་སྒྲ་སྒྱུར་མཛད་པ་བཅས་སོ།།[2]

[1] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༥༩

[2] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག ༢༡༦

Leave a Reply

Your email address will not be published. Required fields are marked *