༡༥༽ སློབ་དཔོན་ཏ་ཐ་ག་ཏ་རཀྵི་ཏ།

སློབ་དཔོན་ཏ་ཐ་ག་ཏ་རཀྵི་ཏ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས1། དེ་ནས་ཏ་ཐཱ་ག་ཏ་རཀྵི་ཏ་བྱོན་ཏེ། དེ་ནི་གཤིན་རྗེ་གཤེད་དང་བདེ་མཆོག་ལ་མངའ་བརྙེས་པ་ཡིན། ཡོན་ཏན་གྱི་ཁྱད་པར་ནང་གི་རྩའི་གནས་རེ་རེར་དམིགས་པ་གཏད་པ་ཙམ་གྱིས་ཡུལ་ཐ་དད་པ་དང༌། དུད་འགྲོ་ལ་སོགས་པའི་སྐད་ཤེས། མ་བསླབས་པའི་བསྟན་བཅོས་རྣམས་ཀྱང་བརྟོལ་ཤེས་སུ་འབྱུང་བ་ཡིན། ཞེས་བྱུང་ཞིང་། བསྟན་བཅོས་ཀྱི་མཛད་བྱང་དག་ལས། འཕགས་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཞིག་ཡིན་པ་ལས་རྣམ་ཐར་རྒྱས་པ་མ་རྙེད་ལ། བྱོན་པའི་དུས་ནི་ཕྱི་ལོའི་བརྒྱ་ཕྲག་བཅུ་པའོ།།

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས2། ༼རྒྱུད་ཏ་པ་ལ།༽ རོ་བསྲེག་བྱ་བ། དགེ་སློང་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་དར་མ་བློ་གྲོས་ཀྱི་འགྱུར། ༼རྒྱུད་མ་པ་ལ།༽ གཉིས་ཀའི་བཤད་སྦྱར་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དྷརྨ་བློ་གྲོས་ཀྱིས་ལྷོ་ཕྱོགས་ཨ་ཏི་བི་ཤའི་ཡུལ་བྷ་ཙྪ་མའི་གྲོང་ཁྱེར་དུ་ཀ་ཡ་ཏའི་རིགས་སུ་འཁྲུངས་པའི་རྗེ་བཙུན་ཏ་ཞེས་གྲགས་པ་ལས་གངྒཱའི་ཆུ་འགྲམ་གྱི་གཙུག་ལག་ཁང་དུ་བསྒྱུར། ༼རྒྱུད་ཝ་པ་ལ།༽ རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བཤད་སྦྱར། སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། ༼རྒྱུད་ཤ་པ་ལ།༽ མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱིས་བསྒྱུར་བ། སྒྲོལ་མ་དཀར་མོ་ལ་བརྟེན་ནས་སྟོང་པ་ཉིད་བསྒོམ་པ། འཕགས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱི་འགྱུར། སྔོན་མོ་ལ་བརྟེན་ནས་ལོག་པར་ལྟ་བ་སུན་དབྱུང་བ། འཕགས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱི་འགྱུར། སེར་མོ་ལ་བརྟེན་ནས་ཆོམ་རྐུན་བཅིང་བ། འཕགས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱི་འགྱུར། དམར་མོ་ལ་བརྟེན་ནས་རིག་པ་བསྐྱེད་པ། འཕགས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱི་འགྱུར། ལྗང་སེར་ལ་བརྟེན་ནས་འཆི་བ་བསླུ་བ། འཕགས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། པཎྜི་ཏ་དེ་ཉིད་དང་། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱི་འགྱུར། ༼རྒྱུད་ཅི་པ་ལ།༽ རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་ཀྱི་བཤད་པ། སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ཐོ་ལྡིང་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་རཀྵི་ཏ་དང༌། ཁམས་པ་བ་རི་ལོ་ཙཱ་བའི་འགྱུར། ༼རྒྱུད་མི་པ་ལ།༽ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་གྱི་རྣམ་པར་དག་པ་ཞེས་བྱ་བ། མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ཨུ་ཏོ་བོ་པ་ཏི་དང༌། བོད་ཀྱི་ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ཀྱི་འགྱུར་སོགས་བཞུགས་སོ།།

གཞན་ཡང་སྒྱུར་གཞུང་ལ་མཚོན་ནའང་། ༼རྒྱུད་ཝ་པ་ལ།༽ དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་ཞེས་བྱ་བ། སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ། ལྷོ་ཕྱོགས་ཨོ་ཌི་བི་ཥའི་ཡུལ་བྷ་ཙྪ་མའི་གྲོང་ཁྱེར་དུ་རྗེ་བཙུན་མཁས་པས་བསྔགས་པའི་རྒྱ་གར་གྱི་མཁན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དྷརྨ་བློ་གྲོས་ཀྱིས་ལེགས་པར་བསྒྱུར་བ། ༼རྒྱུད་ངི་པ་ལ།༽ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། གཞུང་ཚད་ནི་རྐང་པ་དང་བཅས་པའི་བརྒྱ་ཕྲག་གཉིས་པའོ། །དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང་། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་དཔལ་གྱི་འགྱུར་ལ། སླད་ཀྱིས་དཔལ་ཐོ་ལིང་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་རཀྵི་ཏ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བཅོས་པ། ༼རྒྱུད་པི་པ་ལ།༽ དབང་གཏན་ལ་དབབ་པ། སློབ་དཔོན་མཁས་པ་ཆེན་པོ་བསོད་སྙོམས་པ་དགེ་སློང་འོད་སྲུང་གཞོན་ནུས་མཛད་པ། རྒྱ་གར་གྱི་མཁན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ༼རྒྱུད་མུ་པ་ལ།༽ སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ། དཱ་བྱང་ཆུབ་སེམས་དཔས་མཛད་པ། པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་གྲགས་པའི་འགྱུར་སོགས་བཞུགས་སོ།།

1 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༢

2 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༩

Leave a Reply

Your email address will not be published. Required fields are marked *