༡༣༽ སློབ་དཔོན་མི་ཐུབ་ཟླ་བ།

སློབ་དཔོན་མི་ཐུབ་ཟླ་བ་ནི། ངོར་ཆེན་ཀུན་དགའ་བཟང་པོས་ (1382-1456) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་བྱུང་ཚུལ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་ལས1། སློབ་དཔོན་ཛ་ཡ་ཤྲཱི་ཛྙཱ་ན་ཞེས་བྱ་བ་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ནས། གསང་སྔགས་ལ་སྒྲུབ་པ་མཛད་ཅིང༌། འཚོ་བ་བསོད་སྙོམས་ལ་བརྟེན་པས་ན་རྗེ་བཙུན་བསོད་སྙོམས་པ་ཆེན་པོར་གྲགས་པ་དེའི་སློབ་མ་སྟེ། འདི་ལ་གྲུབ་པ་མ་ཐོབ་པར་བཞེད་པ་དང༌། ཐོབ་པར་བཞེད་པ་གཉིས་ལས་དང་པོ་ལྟར་ན། སློབ་དཔོན་དེའི་རིགས་རྒྱལ་རིགས། ཡུལ་མ་གྷ་དྷ་ཡིན་ལ། དགེ་འདུན་ཕལ་ཆེན་སྡེ་པ་ལས་རབ་ཏུ་བྱུང་ནས་རིག་པའི་གནས་ལྔ་དང༌། ཁྱད་པར་དུ་རྒྱུད་སྡེ་བཞི་ལ་ཤིན་ཏུ་མཁས་པས་དཔལ་ལྡན་ནཱ་ལེནྡྲའི་པཎྜི་ཏར་གྱུར་པ་དང༌། ཐུགས་རྒྱལ་ཆེར་སྐྱེས་ཏེ་མི་ཐུབ་ཟླ་བ་ཤི་ན་གསང་སྔགས་ཀྱང་གང་དུ་འགྲོ་གསུངས་པས། དེ་སློབ་དཔོན་བསོད་སྙོམས་པས་གསན་ནས། ང་ཡོད་བཞིན་དུ་དེ་སྐད་ཟེར་བ་ཁྱེད་ལས་ཀྱི་སྒྲིབ་པ་དཔག་ཏུ་མེད་པ་ཡོད་པས། དེ་སྦྱངས་པའི་ཐབས་ལ་འབད་དགོས་གསུངས་པ་ལ། ཇི་ལྟར་བྱ་ཞེས་ཞུས་པས། སྲིན་བུ་པདྨའི་དོང་དུ་ཞག་བདུན་བསྡད་དགོས་ཞེས་གསུངས་ནས་བསྡད་པས། ཤི་ལ་ཐུག་པར་སོང་སྟེ། ཞག་བདུན་པ་འདས་པ་དང༌། བླ་མའི་ཞལ་ནས་ཁྱོད་ཀྱི་སྒྲིབ་པ་བྱང་སྟེ། དངོས་གྲུབ་དཔག་ཏུ་མེད་པར་ཐོབ་པར་འགྱུར་བས་སྒྲུབ་པ་གྱིས། གཞན་དོན་དུ་བསྟན་བཅོས་མང་པོ་རྩོམས་ཤོག་ཅེས་གནང་བ་ལ་བརྟེན་ནས་རྩ་རྒྱུད་ལ་བཀའ་འགྲེལ་ཀུ་མུ་རི་དང༌། སྒྲུབ་ཐབས་ཡན་ལག་དྲུག་པ། བདག་མེད་མའི་སྒྲུབ་ཐབས། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག །གུར་རིགས་བསྡུས་པའི་སྒྲུབ་ཐབས། དེ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག །བཟང་པོ་ཡོངས་བཟུང་ཞེས་བྱ་བ་རྣམས་མཛད་དོ། །དེ་ལྟ་བུའི་སློབ་དཔོན་དེ་སྒྲིབ་པ་སྦྱངས་པས་སྦྱངས་དཀའ་ཟླ་བ་དང༌། རྩོད་པ་གཞན་གྱིས་ཐུབ་དཀའ་བས་ཐུབ་དཀའ་ཟླ་བ་ཟེར་ཏེ། དེ་གཉིས་ཀ་ཡང་རྫ་ཡ་ཙནྡྲ་ཞེས་པའི་སྒྲ་ལས་བྱུང་ངོ༌།།

ཡང་གྲུབ་པ་ཐོབ་པར་བཞེད་པ་ལྟར་ན། སློབ་དཔོན་དེ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཛ་ལནྡ་རའི་གནས་ན་སྒྲུབ་པ་མཛད་པའི་ཚེ། ཡུལ་དེའི་ཕྱོགས་ཤིག་ན་དམངས་ཕལ་པ་གཅིག་ལ། བུད་མེད་མཚན་ཉིད་དང་ལྡན་པ་ལས་རྒྱའི་རྟེན་དུ་རུང་བ་གཅིག་ཡོད་ལ། དེ་དམངས་ཕལ་པ་གཅིག་ལ་དགའ་ཞིང་གནས་པ་ལ། སྐབས་ཤིག་ཏུ་གནས་དེར་མཁའ་འགྲོ་རྣམས་ཚོགས་ཀྱི་རྫས་གསོག་པ་མཐོང་ནས་མོས་ཀྱང་ཤིང་ཏོག་ལ་སོགས་པ་འཁྱེར་ནས་ཕྱིན་པས་མོ་ཡི་ཁྱོ་རྟོག་པ་ངན་པ་ཞུགས་ནས་ཚོགས་འཁོར་གྱི་རྫས་གསོག་པའི་སྒོ་ཁང་གི་ཤིང་གསེབ་ཏུ་བསྡད་པས་ནམ་ཕྱེད་ནས་མོ་བྱུང་སྟེ། ཤིང་བུ་དང་བཅས་པ་འཁྱེར་ནས་ཨོ་རྒྱན་དུ་ཕྱིན་ཏེ་ཚོགས་འཁོར་བྱས་པས་སློབ་དཔོན་གྱིས་མཁྱེན་ནས་སྐལ་བ་དང་མི་ལྡན་པའི་མི་ཤིང་རྩྭའི་ནང་ཞུགས་སོ། །ཞེས་གསུངས་པས་ཐམས་ཅད་ཀྱིས་ཤེས་ཏེ་ཤིང་རྩྭའི་མི་ཁྱེད་དམངས་རིགས་ལྷན་ཅིག་སྐྱེས་པའི་བུ་མོའི་གན་དུ་འོང་བ་མ་ལེགས་ཞེས་བརྗོད་ཅིང༌། སློབ་དཔོན་གྱིས་རྐང་མགྱོགས་ཀྱི་སྔགས་བརྗོད་ནས་སྐད་ཅིག་ལ་རང་སར་བཀྱེ། ཤིང་ཡང་མ་ཉམས་པར་རང་གི་སྒོ་ཁང་དུ་བཙུགས་སོ། །དེར་དྲན་པ་རྙེད་ནས་ང་ཡི་ཆུང་མ་འདི་འདྲེ་ཡིན་པར་འདུག་པས་གསོད་སྙམ་པ་དང༌། སློབ་དཔོན་གྱིས་དེ་མཁྱེན་ནས་རྣལ་འབྱོར་མ་རྣམས་ལ་ཁ་སྦྱོར་འབྱེད་པའི་ཆོ་ག་གསུངས་པས། མ་ཧེ་གཅིག་ཡོད་པ་དེའི་ཁོང་དུ་ཀྱཻ་རྡོ་རྗེ་བཞུགས་ནས། དེའི་རྭ་རྩེས་ཁོའི་ལྟོ་བ་ལ་བརྡུངས་ཏེ་བསད་དོ། །དེ་ནས་བུད་མེད་དེས་རོ་འཁྱེར་ཏེ་ཡང་ཚོགས་འཁོར་ལ་ཕྱིན་པས། རོ་དེ་སྐྱེ་བ་བདུན་པའི་ཤར་སོང་ནས། སློབ་དཔོན་གྱི་གཙོ་བྱས་ཚོགས་འཁོར་ལ་འདུས་པ་ཐམས་ཅད་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་བོ་ཞེས་གྲགས་སོ།།

སྐྱེས་བུ་དམ་དེས་པཎྜི་ཏ་པྲ་ཛྙཱ་ཨིནྡྲ་རུ་ཙི་ར་ཞེས་བྱ་བ་གསང་མཚན་དཔའ་བོ་རྡོ་རྗེར་གྲགས་པ་དང༌། པཎྜི་ཏ་སྒྲ་གཅན་འཛིན་བཟང་པོ་དང༌། སེངྒེ་རྡོ་རྗེ་སྟེ་དེའི་སློབ་མའི་མཆོག་གསུམ་ལ་གདམས་པ་ལས། སྒྲ་གཅན་འཛིན་བཟང་པོས་པཎྜིི་ཏ་ག་ཡ་དྷ་ར་ལ་གསུངས། དཔའ་བོ་རྡོ་རྗེ་བོད་དུ་བྱོན་ཏེ་རིན་ཆེན་འབར་བ་བརྩམས་སོ། །ཞེས་དང་། བསྟན་པ་ཕྱི་དར་གྱི་ཚེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དེ་ལས་རྩ་རྒྱུད་བརྟག་པ་གཉིས་པ་བསྒྱུར་ཏོ་ཞེས་བྱུང་ཡང༌། བཤད་པ་ལ་སོགས་པ་མ་འཕེལ་བར་སྣང༌། ལ་ལར་བཤད་པ་ལྟར་ན་འདི་ཉིད་ཕྱི་ལོའི་བརྒྱ་ཕྲག་བཅུ་པའི་ནང་དུ་བཞུགས་ཡོད་པར་མངོན་པས་སྐུ་ཚེ་ནི་ཧ་ཅང་རིང་དུ་བཞུགས་པ་འདྲའོ།།2

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས3། ༼རྒྱུད་ཉ་པ་ལ༽ ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཡན་ལག་དྲུག་པ་ཞེས་བྱ་བ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་སུ་བཟུང་བ་ཞེས་བྱ་བ། མཁས་པ་ཆེན་པོ་ཐུབ་དཀའ་ཟླ་བས་མཛད་པ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག །སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ༼རྒྱུད་ཏ་པ་ལ།༽ བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས་ཞེས་བྱ་བ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ལི་ལ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱི་འགྱུར། ༼རྒྱུད་བ་པ་ལ།༽ རིན་པོ་ཆེའི་ཚོགས་ཞེས་བྱ་བའི་དཀའ་འགྲེལ། སློབ་དཔོན་ཆེན་པོ་རྒྱལ་དཀའ་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཏཱ་ར་ཀ་ལ་ཤུ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་གུ་ཎ་ཤྲཱིའི་འགྱུར། ༼རྒྱུད་ཞ་པ་ལ།༽ དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདུད་རྩི་འཛག་པ་ཞེས་བྱ་བ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་སོགས་བཞུགས་སོ།།

1 ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ། པོད། ༼ཁ༽ ཤིང་དཔར། དཔེ་རིང་ཤོག་གྲངས་ ༢༢༠བ༥

2 རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༥༦༨

3 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦

Leave a Reply

Your email address will not be published. Required fields are marked *