༄༅། །སློབ་དཔོན་ཆེན་པོ་འཕགས་པ་ལ་བསྟོད་པ་ནོར་བུ་རིན་པོ་ཆེའི་ཕྲེང་བ།

༄༅། །སློབ་དཔོན་ཆེན་པོ་འཕགས་པ་ལ་བསྟོད་པ་ནོར་བུ་རིན་པོ་ཆེའི་ཕྲེང་བ།།[1]

༼ཐམས་ཅད་མཁྱེན་པ་འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས་ (1175-1255) ཀྱིས་མཛད།༽

 

ཨོཾ་སྭ་སྟི། དུས་གསུམ་རྒྱལ་བའི་ངོ་བོ་ཆོས་ཀྱི་རྗེ། །ལྷུན་གྲུབ་འདུས་མ་བྱས་པའི་འཕྲིན་ལས་ཀྱིས། །བརྩེ་བ་ཆེན་པོས་འགྲོ་རྣམས་འདྲེན་མཛད་པ། །ཐུབ་མཆོག་འཕགས་པ་དེ་ལ་གུས་ཕྱག་འཚལ། །ཡང་དག་ཡེ་ཤེས་དམ་པ་ཆོས་ཀྱི་སྐུ། །གཟུང་འཛིན་འཁོར་བའི་སྡུག་བསྔལ་མ་ལུས་རྣམས། །ངོ་བོ་དབྱེར་མེད་ནམ་མཁའ་ལྟ་བུར་བསྟན། །འཁོར་འདས་མཉམ་ཉིད་ཆོས་སྐུ་ཁྱོད་ཕྱག་འཚལ། །

འཇུག་སེམས་སྡོམ་པའི་བདག་ཉིད་རྒྱུ་དེ་ལས། །འབྲས་བུ་ལོངས་སྐུ་ནམ་མཁའ་དང་མཉམ་བརྙེས། །རྣམ་དག་ས་བཅུའི་མགོན་པོ་ཐམས་ཅད་ཀྱིས། །མཐོང་བས་སྒྲོ་འདོགས་གཅོད་མཛད་ཁྱོད་ཕྱག་འཚལ། །སྨོན་སེམས་རིན་ཆེན་དེ་བསྐྱེད་འབྲས་བུ་ལས། །ཐུབ་པའི་སྤྲུལ་སྐུ་མཐའ་མེད་ནམ་མཁའ་མཉམ། །གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །མཐའ་མེད་འགྲོ་བའི་དོན་མཛད་ཁྱོད་ཕྱག་འཚལ། །ཆོས་ཀྱི་སྐུ་ལས་གཞན་པ་མེད་པའི་ཕྱིར། །གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོངས་པར། །མི་ཟད་རྒྱན་གྱི་འཁོར་ལོའི་མཛོད་རྣམས་ཀྱིས། །འགྲོ་བ་འདུལ་མཛད་འཕགས་པའི་ཞབས་པད་འདུད། །གཏི་མུག་ལས་བྱུང་ཉོན་མོངས་དུག་གསུམ་གྱིས། །འཁོར་བ་ཁྲག་གི་རྒྱ་མཚོར་འཁྱམས་པ་རྣམས། །རྟེན་འབྲེལ་ཟབ་མོས་མ་རིག་མུན་སེལ་བའི། །སྐྱོབ་པ་ཉི་མ་འཕགས་པའི་ཞབས་པད་འདུད། །ལྷར་བཅས་འཇིག་རྟེན་དམུས་ལོང་འདྲ་བ་ལ། །ཡེ་ཤེས་ཆེན་པོའི་མིག་སྨན་ཐུར་མ་ཡིས། །དུས་གསུམ་འཁོར་འདས་ཆོས་རྣམས་མ་ལུས་པ། །མཐའ་བརྒྱད་རྟེན་འབྲེལ་སྟོན་མཛད་དེ་ལ་འདུད། །རྒྱུ་འབྲས་རྟེན་འབྲེལ་རྐྱེན་ལས་སྐྱེ་བར་བསྟན། །ཕན་བསྒྲུབ་གནོད་པ་སྤོང་བར་སྟོན་མཛད་པ། །ཉི་མ་ལྟ་བུར་མ་རིག་མུན་སེལ་བའི། །སྐྱབས་ཀྱི་དམ་པ་འཕགས་པའི་ཞབས་པད་འདུད། །ཐུགས་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། །དུས་གསུམ་མཁྱེན་པ་མེ་ལོང་གཡའ་བྲལ་བཞིན། །ཆོས་དང་ཆོས་མིན་རྣམ་པར་འབྱེད་ལ་མཁས། །རྨོངས་བྲལ་སྟོན་པ་གཉིས་པ་ཁྱོད་ཕྱག་འཚལ། །ད་ནས་འཁོར་བ་སྟོངས་པར་མ་གྱུར་ཚེ། །ཐུབ་དབང་ཁྱོད་ལ་བདག་ཅག་སེམས་ཅན་རྣམས། །གུས་པའི་ཡིད་ཀྱིས་དུས་རྣམ་ཀུན་ཏུ་ནི། །ཕྱག་འཚལ་གུས་པས་སྐྱབས་སུ་ཉེ་བར་མཆི། །རྒྱལ་བས་མདོ་རྒྱུད་དུ་མར་ལུང་བསྟན་ཅིང༌། །ང་ཡི་མཚན་ཅན་དགེ་སློང་དེར་འབྱུང་སྟེ། །ཆོས་ཀྱི་རྔ་ཆེན་དེས་ནི་བརྡུང་འགྱུར་ཞེས། །སྟོན་པ་གཉིས་པ་འཕགས་པའི་ཞབས་པད་འདུད། །མ་འོངས་བསྟན་པའི་གཉེར་ཆེན་དེར་གཏད་པ། །ཚིག་དང་དོན་དང་སྔགས་དང་མཚན་ཉིད་རྣམས། །སྟོན་པས་དགོངས་ལྟར་ཐུགས་སུ་ལེགས་ཆུད་པ། །མི་ཡི་སེང་གེ་འཕགས་པའི་ཞབས་པད་འདུད། །སྔགས་དང་ཕ་རོལ་ཕྱིན་པའི་ཐེག་པ་ཡི། །དགོངས་པ་མ་ལུས་ལེགས་པར་འགྲེལ་མཛད་པས། །རྒྱལ་བའི་བསྟན་པ་འཇིག་རྟེན་འཇོག་མཛད་པ། །ཐུབ་པས་ལུང་བསྟན་འཕགས་པའི་ཞབས་པད་འདུད། །ཕྱི་ནང་རྒོལ་བའི་ཚོགས་རྣམས་ཚར་བཅད་ནས། །སྟོན་པའི་བསྟན་པ་རྩོད་པ་མེད་པར་མཛད། །ཕྱི་ནང་ཀུན་གྱིས་བསྟོད་ཅིང་བཀུར་བའི་གནས། །མི་འཇིགས་དཔའ་བོ་འཕགས་པའི་ཞབས་པད་འདུད། །ཐུབ་པའི་རྗེས་སྐྱེས་སྲས་མཆོག་དམ་པ་ནི། །ཆོས་དང་ཆོས་མིན་འབྱེད་ལ་རབ་ཏུ་མཁས། །བདག་དང་བདག་མེད་སྤྲོས་པ་ཞི་བར་མཛད། །ལྷུན་པོ་ལྟར་མཛེས་འཕགས་པའི་ཞབས་པད་འདུད། །གཟུང་དང་འཛིན་པའི་ངོ་བོ་སྟོང་ཉིད་བསྟན། །བྱས་པའི་ལས་དང་དེ་ཡི་རྒྱུ་འབྲས་རྣམས། །བསླུ་མེད་ནམ་མཁའ་ལྟ་བུར་འབྱུང་བར་བསྟན། །ཆོས་རྣམས་རྟེན་འབྲེལ་སྟོན་མཛད་དེ་ལ་འདུད། །མཐའ་བརྒྱད་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་རྣམས། །ངོ་བོ་ཟུང་འཇུག་སྒྱུ་མ་ལྟ་བུར་བསྟན། །སེམས་དང་སེམས་བྱུང་འཁོར་བ་འབྱུང་བའི་གཞི། །སེམས་འགག་སྐུར་སྟོན་དེ་ལ་ཕྱག་འཚལ་འདུད། །འཁོར་འདས་གཉིས་ཀྱི་ཤ་མདངས་ལེགས་པར་ཕྱེ། །ཆོས་ལ་མངའ་བརྙེས་ཐེ་ཚོམ་གཅོད་མཛད་པ། །སྲིད་པ་གསུམ་དུ་འབྱུང་བར་དཀོན་པའི་དཔལ། །འཇམ་དབྱངས་གཉིས་པ་འཕགས་པའི་ཞབས་པད་འདུད། །སྟོང་དང་མི་སྟོང་བདེ་དང་སྡུག་བསྔལ་རྣམས། །ཐོབ་པའི་རྗེས་ལ་འོད་གསལ་ཆེན་པོར་བསྟན། །འཁོར་འདས་བདེ་སྐྱིད་མ་ལུས་འབྱུང་བའི་གནས། །སྲིད་གསུམ་སྒྲོན་མེ་འཕགས་པའི་ཞབས་པད་འདུད། །སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་དྲུག །ལེགས་སྤྱད་དགེ་བའི་ཚོགས་རྣམས་མ་ལུས་པ། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོར་བསྟན། །མཐའ་བརྒྱད་སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྩ་རྒྱུད་ཆེན་པོ་ལང་ཀར་གཤེགས་པའི་མདོ། །སྤྲིན་ཆེན་སྟོང་ཕྲག་བཅུ་གཉིས་མདོ་དང་ནི། །རྔ་བོ་ཆེ་དང་མགོན་པོ་མངོན་འབྱུང་རྒྱུད། །དུ་མར་ལུང་བསྟན་རྒྱལ་བ་ཁྱོད་ཕྱག་འཚལ། །འཁོར་བའི་རྒྱ་མཚོ་སྟོངས་པར་མ་འགྱུར་ཚེ། །ཐུགས་རྗེ་འཕྲིན་ལས་རྒྱུན་མི་འཆད་པ་ཡིས། །ནམ་མཁའ་མཉམ་པའི་འགྲོ་བའི་གཉེན་གཅིག་པུ། །དུས་གསུམ་སངས་རྒྱས་ཁྱོད་ལ་སྐྱབས་མཆིའོ། །དྲི་མེད་ཆོས་སྐུ་འཕགས་པ་ཀླུ་སྒྲུབ་ལ། །ཤཱཀྱའི་དགེ་སློང་ལྡོམ་བུ་གདན་ས་བས། །གུས་ཤིང་དད་པས་རབ་བསྟོད་བསོད་ནམས་འདིས། །འགྲོ་རྣམས་འཇིག་རྟེན་ཉི་མ་སངས་རྒྱས་ཤོག །ཤོ་ལོ་ཀ་ཉི་ཤུ་རྩ་གསུམ་པ་རྫོགས་སོ།།  །།

 

[1] སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་གསུང་འབུམ། པོད། ༼ངི༽ བསྟོད་པ། དཔེ་རིང་། ཤོག་གྲངས་ ༡༣ན༥ ནས་ ༡༥ན ༤ བར།

Leave a Reply

Your email address will not be published. Required fields are marked *