༄༅། །རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག

 

༄༅། །རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག[1]

 

༼དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པ།༽

 

སྭ་སྟི། རླབས་ཆེན་ཚོགས་གཉིས་གངས་རིའི་སྤོ་ལ་འགྱིང་། །རྨད་བྱུང་ལུང་རྟོགས་གཡུ་རལ་རྣམ་པར་རྒྱས། །འཆད་རྩོད་རྩོམ་པའི་མཆེ་སྡེར་རབ་ཏུ་རྣོ། །རྒྱལ་སྲས་སེང་གེ་བཟང་པོར་གསོལ་བ་འདེབས། །རིང་ནས་ཐུགས་བསྐྱེད་རྩ་བ་རབ་བརྟན་ཅིང་། །ཐུབ་བསྟན་སྙིང་པོ་ཕྱོགས་བརྒྱར་སྤེལ་བའི་སླད། །ཕུན་ཚོགས་དཔལ་གྱིས་མཐོ་བའི་རྒྱལ་རིགས་སུ། །བསམ་བཞིན་འཁྲུངས་པར་མཛད་ལ་གསོལ་བ་འདེབས། །

དེ་ཚེ་རིང་མིན་མཚོ་ཡི་འདབ་བརྒྱ་ལྟར། །བསྐྱེད་བསྲིངས་སྲིད་འབྱོར་གློག་གི་རོལ་རྩེད་ལ། །ཞེན་ལོག་དྲག་པོས་བསྟན་ལ་རབ་བྱུང་མཛད། །ཚངས་སྤྱོད་དཔལ་གྱིས་མཛེས་ལ་གསོལ་བ་འདེབས། །སྐྱེས་སྦྱངས་མཁྱེན་དཔྱོད་ཉིན་བྱེད་འོད་སྟོང་གིས། །རང་གཞན་སྡེ་པའི་གཞུང་མང་འདམ་སྐྱེས་ཚལ། །ལེགས་པར་ཕྱེ་བའི་གནད་དོན་སྦྲང་རྩིའི་བཅུད། །ཐར་འདོད་ཚིམ་པར་མཛད་ལ་གསོལ་བ་འདེབས། །རྣལ་འབྱོར་སྤྱོད་པའི་དབུ་མའི་སྲོལ་བཟང་པོ། །འབྱེད་མཁས་སློབ་དཔོན་ཞི་འཚོའི་ཞབས་བསྟེན་ནས། །དབུ་མའི་གཞུང་དང་གདམས་པའི་བདུད་རྩི་ཡིས། །ཐུགས་རྒྱུད་གཏམས་པར་མཛད་ལ་གསོལ་བ་འདེབས། །རང་གི་མཁན་པོ་རྣམ་སྣང་མཛད་ཀྱི་དྲུང་། །ཤེར་ཕྱིན་གསན་ཅིང་བྱམས་པའི་སྒྲུབ་ཐབས་ཞུས། །ཤར་ཕྱོགས་ཁ་སརྤ་ཎིའི་ནགས་ཚལ་དུ། །སྒྲུབ་པ་སྙིང་པོར་མཛད་ལ་གསོལ་བ་འདེབས། །དེ་ཚེ་མི་ཕམ་མགོན་པོ་མནལ་ལམ་དུ། །ཞལ་བསྟན་གསུང་གིས་དབུགས་དབྱུང་ལུང་བསྟན་མཛད། །རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས་ཚེ། །བསྟན་འགྲོའི་དོན་དུ་བྱོན་ལ་གསོལ་བ་འདེབས། །ཏྲི་ཀ་ཏུ་ཀའི་གཙུག་ལག་ཁང་བཟང་དུ། །བཞུགས་ནས་སྐལ་ལྡན་སྟོང་ཕྲག་མང་པོ་ལ། །དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཡུམ་དོན་འཆད། །ཐུབ་བསྟན་ཉིན་མོར་བྱེད་ལ་གསོལ་བ་འདེབས། །ཤེར་ཕྱིན་ཉི་ཁྲིའི་བསྡུས་དོན་ལེའུ་བརྒྱད་མ། །བརྒྱད་སྟོང་འགྲེལ་ཆེན་འགྲེལ་བ་དོན་གསལ་དང་། །སྡུད་འགྲེལ་རྟོགས་སླ་ཤེར་ཕྱིན་བསྒོམས་པ་སོགས། །ལེགས་བཤད་གཏེར་ཆེན་སྤེལ་ལ་གསོལ་བ་འདེབས། །ཐུབ་གསུང་སྙིང་པོ་མདོ་སྡེ་ཟབ་མོའི་དོན། །འཕགས་ཡུལ་འགྲེལ་བྱེད་དབུས་ན་ཉི་ཟླ་ལྟར། །གསལ་མཛད་བློ་གསལ་བྱེ་བའི་མིག་འབྱེད་པ། །གཞལ་དཀའི་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །མཁས་མང་ཉིན་མཚན་མགོན་གྱིས་འབྱེད་མིན་པའི། །རྒྱལ་ཡུམ་སྦས་དོན་སིནྡྷུ་ཝ་རའི་ཁ། །ཁྱོད་གསུང་མཛེས་མའི་འགྲམ་འཆང་གིས་ཕྱེ་ཚེ། །སྙན་གྲགས་སྲིད་གསུམ་ཁྱབ་ལ་གསོལ་བ་འདེབས། །ཚུལ་འདི་འཛམ་བུ་པྲིཀྵས་མཚན་པ་ཡི། །གླིང་འདིར་སྤེལ་ལ་ཁྱོད་ཉིད་འོས་སོ་ཞེས། །བྱམས་མགོན་དགའ་ལྡན་གནས་སུ་གཤེགས་སམ་སྙམ། །ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པའི་རྣམ་དཀར་ཟླ་ཟེར་ལྟར། །མཆོག་ཏུ་དཀར་བ་ཇི་སྙེད་མཆིས་པ་ཡིས། །སྲིད་ལམ་འཁྱམས་པའི་ལུས་ཅན་མ་ལུས་པ། །ཐེག་མཆོག་ལམ་བཟང་མྱུར་དུ་བགྲོད་གྱུར་ཅིག །ཉེས་བརྒྱའི་འབྱུང་གནས་སྲིད་མཚོ་ཆེན་པོ་ལས། །མ་འཕགས་དེ་སྲིད་དལ་འབྱོར་རྟེན་བརྒྱུད་དེ། །ཤིང་རྟ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱི། །གཞུང་ལ་ཕུ་ཐག་ཆོད་པར་སྦྱང་བར་ཤོག །ཇི་ཙམ་ཐོས་བཞིན་སེམས་རྒྱུད་ལྷག་པར་དུལ། །ཐོས་བསམ་སྒོམ་པ་འགལ་མེད་ཉམས་སུ་བསྟར། །ལུང་རྟོགས་ཡོན་ཏན་དབྱར་མཚོ་ལྟར་རྒྱས་ཏེ། །བསྟན་དང་འགྲོ་བའི་དོན་ཆེན་བྱེད་པར་ཤོག །ཅེས་པ་འདི་ཡང་ཧལ་ཧ་ཚེ་ཆེན་ཧན་གྱི་ཤོག་གི་དགེ་སློང་བསྟན་འཕེལ་གྱིས་འདོད་མོས་བཞིན་སྙོམས་ལས་པ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་འཕྲལ་དུ་སྦྱར་བའོ།།   །།

 

[1] དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༣ན༤ བར་གསལ།

Leave a Reply

Your email address will not be published. Required fields are marked *