༄༅། །རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་བཞུགས་སོ།།

༄༅། །རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་བཞུགས་སོ།།[1]

༼ཁྲི་མཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) མཛད་པ།༽

༄༅། །སྤངས་རྟོགས་མཐར་ཕྱིན་ཚད་མར་གྱུར་པ་ཡི། །རྫོགས་སངས་རྒྱས་དང་ལུང་རྟོགས་དམ་པའི་ཆོས། །རྒྱལ་སྲས་དགེ་འདུན་འཕགས་པའི་ཚོགས་རྣམས་ལ། །མི་ཕྱེད་སྒོ་གསུམ་གུས་པས་ཕྱག་བགྱིའོ། །སྟོན་པས་ལུང་བསྟན་བསྟན་པའི་ཤིང་རྟ་ཆེ། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ལ། །མཉམ་མེད་བཀའ་དྲིན་དྲན་པས་ཕྱག་འཚལ་ནས། །དེ་དག་ལྟ་སྤྱོད་མདོར་བསྡུས་བཤད་པར་བྱ། །བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་སྲས་པོ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་ཏེ།

ཆོས་ཐམས་ཅད་མངོན་སུམ་གྱི་ཚད་མར་གྱུར་པས། སྟོན་པ་བླ་ན་མེད་པ་ཡིན་ཏེ། རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུངས་བཞུགས། །དེ་ལྟར་ཟབ་མོའི་ཆོས་རྣམས་ནི། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་དང་། འཕགས་པ་ལྷས་ཀྱང་། །ཐུབ་ལ་མཛད་དང་མཛད་མིན་དང་། །གསུང་བྱ་གསུང་བྱ་མིན་མངའ་བ། །དེས་ན་ཀུན་མཁྱེན་ཀུན་མཁྱེན་ནི། །མིན་ཞེས་བྱ་ལ་རྒྱུ་ཅི་ཡོད། །ཅེས་གསུངས་པ་ལྟར་རོ།།

ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བསྟན་པ་དེས་སྐྱེས་བུ་ཚད་མར་གྲུབ་པའི་ཕྱིར་ཏེ། དེའང་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་དང་། མྱ་ངན་ལས་འདས་པ་ཞི་བ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་གསུངས་པ་ལ། དཔེར་ན་ཆོས་ཐམས་ཅད་བདག་མེད་པར་གསུངས་པ་ལ་མཚོན་ན། བདག་ཅེས་པ་དེ་སྣང་རུང་མ་དམིགས་པའི་རྟགས་དང་། མཐའ་བཞི་སྐྱེ་མེད་ཀྱིས་རིགས་པས་ཁེགས་པར་ཕྱིར་རོ། །དེས་ན་སྟོན་པ་ཚད་མ་དེས་འགྲོ་བ་མཐའ་དག་སྲིད་པ་དང་ཞི་བའི་རྒུད་པ་ལས་སྐྱོབ་པའི་ཐབས་སུ་ལེགས་པར་གསུངས་པའི་དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ལུང་རྟོགས་གཉིས་སམ། བརྗོད་བྱ་བསླབ་པ་གསུམ། རྗོད་བྱེད་སྣེ་སྣོད་གསུམ་མམ། གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱིས་སྲོལ་ཇི་ལྟར་འབྱེད་པའི་ཚུལ་གཉིས། རྟེན་འབྲེལ་གྱི་རིགས་པས་ཆོས་ཐམས་ཅད་སྐྱེ་མེད་སྟོང་ཉིད་ཀྱི་ལྟ་བ་སྤྲོས་བྲལ་གཙོ་བོར་སྟོན་པ་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་དང་། རྒྱ་ཆེན་སྤྱོད་པ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ས་དང་། ལམ་གྱི་རྣམ་གཞག་གཙོ་བོར་བསྟན་པ་བྱམས་མགོན་ནས་བརྒྱུད་པ་ཐོགས་མེད་ཀྱི་ལུགས། དེ་གཉིས་ཀྱི་རྗེས་འབྲང་དང་བཅས་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་པོ་དེ་དག་གི་ལྟ་སྤྱོད་མདོར་བསྡུས་ཤིག་བརྗོད་པ་ལ།

དང་པོ་འཕགས་པ་ཀླུ་སྒྲུབ་ནི། སྤྲིན་ཆེན་པོའི་མདོ་ལས། ཀུན་དགའ་བོ་ལོཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ་མཐར་གྱིས་རབ་ཏུ་དྭངས་པའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དང་། ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོས། བདེ་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་སུ་ཡིས་འཛིན་འགྱུར་ལགས། ཞེས་ཞུས་པའི་ལན་དུ། བདེར་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་འཛིན་པར་འགྱུར་བ་ནི། །དུས་དག་འདས་ཏེ་བྱུང་བ་ནི། བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ང་ཡི་བསྟན་པ་འཇིག་རྟེན་ན། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །བླ་མེད་ཐེག་ཆེན་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་བརྩོན་པ། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང་། །རྨ་བྱ་ཞེས་བྱའི་རིག་པ་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང་། །དངོས་མེད་དོན་གྱི་དེ་ཉིད་རིག །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །ལུས་དེ་བོར་བར་གྱུར་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་ཡི་རྗེས་ཐོགས་ཉིད་དུ་ནི། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་དང་། རྔ་བོ་ཆེའི་མདོ་ལས། ཀུན་དགའ་བོ་ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ལོན་པ་ན། དགེ་སློང་བློ་འཆང་ཞེས་བྱ་བར་འགྱུར་ཏེ། རྔ་བོ་ཆེའི་མདོ་འདི་འཛིན་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་དང་། ཡང་མྱ་ངན་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་དགེ་སློང་འཚོ་བྱེད་ཅེས་བྱ་བར་གྱུར་ནས་ངའི་བསྟན་པ་རབ་ཏུ་རྒྱས་པར་འགྱུར་ཞེས་པ་ལ་སོགས་པ་དུ་མར་གསུངས་སོ།།

དེ་ལྟར་ལུང་གི་ཕྲེང་བས་ཉེ་བར་བསྔགས་པའི་འཕགས་པ་ཀླུ་སྒྲུབ་སྟེ། དེའང་སྟོན་པ་མྱ་ངན་འདས་ནས་བགྲང་གཞི་བཞི་བརྒྱ་ལོན་པ་ན། ལྷོ་ཕྱོགས་བཻ་ཏའི་ཡུལ་ན་རིགས་རྣམས་ཀྱི་བླ་མར་གྱུར་པ་བྲམ་ཟེ་གཙུག་ཕུད་ཅན་ཞེས་བྱ་བའི་སྲས་སུ་སྐྱེ་བའི་ཟློས་གར་བསྒྱུར་བར་གྱུར་ཏེ། དེ་ལྟ་ནའང་འཚོ་བ་ཤིན་ཏུ་ཐུང་བའི་མཚན་མ་ངན་པར་ཤར་བ་དེ་ཡོངས་སུ་བཟློག་པའི་བྱ་བ་རྣམས་ཀྱིས་བསྐྱེད་བསྲིངས་པའི་དགུང་ལོ་བདུན་དུ་སོན་པ་ཡབ་ཡུམ་ལས་གནང་བ་ཞུས་པ་རང་གྲོལ་དུ་བྱུང་ནས་དཔལ་ལྡན་རྒྱུན་སྟེར་ཞེས་བྱ་བའི་དྲི་གཙང་ཁང་གང་ན་བ་དེར་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པའི་མཁན་པོ་སྒྲ་བཅན་འཛིན་བཟང་པོའི་བཀའ་ལས་རབ་ཏུ་བྱུང་ནས། རིག་པ་སྔགས་ཀྱི་རྒྱལ་པོ་མ་ཧཱ་ཡཱུ་ར་ཞེས་བྱ་བའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་དང་རྗེས་སུ་གདམས་པ་བདུད་རྩི་ཟབ་མོས་ཡོངས་སུ་བྲན་ནོ། །དེའི་མོད་ལ་རབ་ཏུ་དགའ་བའི་ས་ལ་རེག་པའི་ཡོན་ཏན་མཐའ་དག་ལ་སྟོང་ཉིད་སྨྲ་བའི་སེང་གེར་གྱུར་ཏེ་ལོ་གྲངས་དྲུག་བརྒྱའི་བར་དུ་མི་ཤིགས་རྡོ་རྗེ་ཆེན་པོ་ཉིད་དུ་བྱིན་གྱིས་བརླབས་སོ།།

དེ་ལས་གཞན་ཡང་གསང་ཆེན་འདུས་པ་ལ་སོགས་པའི་གཞུང་དང་ཉེ་བར་བསྟན་པ་རྣམས་ཀྱང་མནོས་པ་དང་། དབང་འབྱོར་ཞིང་ཆོས་ཉིད་དམ་པའི་བདེན་པ་མངོན་སུམ་གཟིགས་པས། སླར་ཡང་སྡེ་སྣོད་གསུམ་པོ་མ་ལུས་པ་འཛིན་པའི་བདག་ཉིད་ཆེན་པོ་ཉིད་བསྒྲུབ་པའི་ཕྱིར་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡང་དག་པར་བསྒྲུབས་ནས་འབོད་ཕྱོགས་སུ་དགེ་སློང་དཔལ་ལྡན་ཞེས་བྱ་བའི་གྲགས་པས་རྒྱལ་བའི་བསྟན་པ་རྣམ་པར་བརྒྱན་པར་བྱས་སོ།།

དེ་ནས་དཔལ་ལྡན་ནཱ་ལེནྡྲ་དགེ་འདུན་གྱི་ཚོགས་ཆེན་པོ་རྣམས་ཀྱི་ཞལ་ཏ་བ་ཉིད་ཀྱི་ཁུར་བླངས་ནས་གང་གི་ཚེ་དགེ་སློང་གི་དགེ་འདུན་ཆོས་ནས་འབྱུང་བ་བཞིན་བྱེད་པ་རྣམས་ལ་ནི་རྗེས་སུ་བསྔགས་ཤིང་། ཅིག་ཤོས་དེ་ལས་ལྡོག་པ་རྣམས་ནི་གནས་ལས་བསྐྲད་པ་ལ་སོགས་པའི་བྱ་བས་བསྟན་པ་ཆོས་དང་མཐུན་པ་བསྐྱངས་པ་དང་། ས་དང་པོ་གཙོ་བོར་སྤྱོད་པ་སྦྱིན་པའི་ཕར་ཕྱིན་ལ་ཁྱད་པར་དུ་བསླབ་པའི་ཚུལ་ལ། གསེར་འགྱུར་གྱི་རྩི་ལ་སོགས་པ་ཕྱིའི་ཡོ་བྱད་ལ་མངའ་བརྙེས་ཤིང་། མ་ཆགས་པར་གཏོང་བས་ནཱ་ལེནྡྲའི་དགེ་འདུན་རྣམས་ལ་ལོ་བཅུ་གཉིས་སུ་བསོད་སྙོམས་ཀྱིས་མི་བྲེལ་བར་མཛད་པ་དང་། རང་གི་དབུ་ཡང་དོན་དུ་གཉེར་བའི་སྐྱེ་བོ་ལ་གནང་བས་ཆགས་པ་མེད་པ་ཟང་ཟིང་གི་སྦྱིན་པ་དང་། ནད་དང་ཀླུ་ལ་སོགས་པའི་གདོན་གྱིས་འཇིག་པ་ལ་གསོ་དཔྱད་དང་། བསྲུང་བ་ལ་སོགས་པ་མཛད་པས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། ཨུ་རྒྱན་གྱི་ཡུལ་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་དང་། ཀླུ་ཡི་རྒྱལ་པོས་རང་གི་བསྟི་གནས་རིན་པོ་ཆེ་འབྱུང་བའི་ཕོ་བྲང་གང་ན་བ་དེར་སྤྱན་དྲངས་པ་ན། དེ་དག་གི་མོས་པ་དང་འཚམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་། ཡི་གེ་ཉུང་ངུ་རྣམས་མི་ཡུལ་དུ་སྔོན་མེད་པ་ལ་སྤྱན་འདྲེན་པའི་འཕྲིན་ལས་གྱི་སྣང་བ་ཆེན་པོ་མཛད་པ་དང་། སྐབས་ཤིག་ན་དགེ་སློང་བདེ་བྱེད་ཅེས་བྱ་བས་རྒྱལ་བའི་རྨ་སྲོལ་བཏོད་པའི་ཆེད་དུ་བརྩམས་པ་བཀའི་དོན་ལ་ལོག་པར་བརྟགས་པ་རིག་པའི་རྒྱན་ཞེས་བྱ་བའི་གཞུང་འབུམ་ཕྲག་བཅུ་གཉིས་ཅན་བྱུང་བ་ཡང་འཕགས་པ་འདི་ཉིད་ཀྱི་རིགས་པའི་སྔགས་ཀྱིས་བཏབ་སྟེ་རྨ་མེད་པ་ཉིད་དུ་བདེ་བར་བཀོད་དོ།།

ཁྱད་པར་སྟོབས་བཅུ་མངའ་བའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན་པ་ནི། འདི་ལྟ་སྟེ། ཕྱི་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་གྱུར་པ་དམངས་ལ་གདམས་པ་སྐྱེ་བོ་གསོ་བའི་ཐིགས་པ་དང་། མཛངས་བློན་ལ་གདམས་པ་ཤེས་རབ་བརྒྱ་པ་དང་། ས་བདག་ལ་གདམས་པ་དབུ་མ་རིན་པོ་ཆེའི་ཕྲེང་བ་དང་། གཞན་ཡང་གསེར་འགྱུར་དང་། སྤོས་སྦྱོར་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་རྩིས་དང་། གསོ་བ་རིག་པ་ལ་སྦྱོར་བ་བརྒྱ་པ་ལ་སོགས་པ་དང་། ནང་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་སྟོན་པ་ལ། སྤྱོད་པ་གཏན་ལ་འབེབས་པ་མདོ་ཀུན་ལས་བཏུས་པ་དང་། ཐེག་པ་ཆེན་པོ་བློ་སྦྱོང་ངོ་། །ཉན་ཐོས་ཀྱི་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་ནོར་བུ་དང་། ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་དབུ་མ་བཤེས་པའི་སྤྲིང་ཡིག་དང་། རབ་ཏུ་བྱུང་བའི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས་ལ་སོགས་པ་རྣམས་སོ།།

སྔགས་ཀྱི་ཕྱོགས་ལ། ལྟ་སྤྱོད་མདོར་བསྡུས་ཏེ་སྟོན་པ་རྒྱུད་ཀུན་ལས་བཏུས་པ་དང་། ལྟ་བ་གཏན་ལ་འབེབས་པ་བྱང་ཆུབ་སེམས་འགྲེལ་དང་། བསྐྱེད་རིམ་སྟོན་པ་འདུས་པའི་སྒྲུབ་ཐབས་མདོར་བྱས་དང་མདོ་བསྲེ་དང་། དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་དང་། རྫོགས་པའི་རིམ་པ་ལྔ་ལ་སོགས་པ་རང་རྒྱུད་དུ་བརྩམས་པའི་བསྟན་བཅོས་མང་པོ་དང་། གཞན་འགྲེལ་དུ་བཏབ་པ་ལའང་གསང་བ་འདུས་པའི་རྒྱུད་འགྲེལ་དང་། སཱ་ལུ་ལྗང་པའི་མདོའི་ཚིགས་སུ་བཅད་པའི་འགྲེལ་པ་ལ་སོགས་མང་དུ་མཛད། ལྟ་བ་གཏན་ལ་འབེབས་པ་དབུ་མ་རིགས་པའི་ཚོགས་རྣམ་པ་ལྔ་དང་། བསྟོད་པའི་ཚོགས་རྣམས་སོ།།

དེ་དག་བརྩམ་དགོས་པའི་རྒྱུ་མཚན་ནི། སྟོན་པ་རིམ་པ་དགག་བྱ་གཞན་གྱིས་བཏགས་པའི་མཐའ་དགག་པ། རང་ལུགས་དབུ་མའི་ལུས་རྣམ་པར་བཞག་པ། དེ་ལས་འཕྲོས་པའི་ཚུལ་གྱི་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི་ཞིབ་མོ་རྣམ་པར་འཐག་པ་སྟེ། དེ་ཉིད་ལས། །རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི་ང་རྒྱལ་སྤང་པའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །ཞེས་རྒོལ་བའི་ང་རྒྱལ་སྤང་བའི་ཆེད་དུ་དེ་ཉིད་ཀྱི་གྲུབ་མཐའ་འགོག་པར་གསུངས་ཀྱི། རང་གི་གཞུང་ལས་འཕྲོས་པར་མ་གསུངས་པའི་ཕྱིར་དང་། གཞུང་ལས་ཀྱང་རིགས་པ་ཅན་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་དགག་པ་ཙམ་ཞིག་སྣང་གི་གཞན་མི་སྣང་བའི་ཕྱིར་རོ།།

གཉིས་པ་ནི། རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་པ་གཉིས་ཏེ། འདི་གཉིས་ཀྱི་ཁྱད་པར། རྣམ་བཅད་དགག་པའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་སྟོན་པ་དང་། ཐ་སྙད་ཙམ་དུ་ཡོངས་གཅོད་སྒྲུབ་པའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་སྟོན་པ་རིམ་པ་ལྟར་ཡིན་ནོ། །གསུམ་པ་ལ་གཉིས་ལས། རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པར། གཞན་ལས་སྐྱེ་བ་བཀག་པ་ལ། རང་ཚིག་དང་འགལ་བ་སྤང་བ་ནི། རྩོད་ཟློག་སྟེ། དེ་ལྟར། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པ་ག་ལ་འགྱུར། །ཞེས་ཕྱི་ནང་གི་འབྲས་བུ་རྣམས་སྐྱེ་བའི་སྔ་རོལ་ན་རྒྱུ་རྐྱེན་སོ་སོ་བ་དང་། འདུས་པ་དང་། དེ་ལས་གཞན་རྣམས་ལ་ཡོད་ན། དེ་དག་ལས་སྐྱེ་བར་འགྱུར་བ་ཞིག་ན་ཡོད་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར་དང་། སྐྱེ་བ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་སྐྱེས་པ་མ་ཡིན་ཏེ། བྱེ་མ་དག་ལས་འབྲུ་མར་བཞིན། དེས་ན་དངོས་པོ་རྣམས་གཞན་དུ་འགྱུར་བ་ལས་སྐྱེ་བ་མེད་པས། རང་བཞིན་གྱིས་མེད་པའི་སྟོང་པ་ཉིད་ཡིན་ནོ། །ཞེས་བསྟན་པ་ལ། གཞན་དག་འོ་ན་རིགས་པ་དེ་ཉིད་ཀྱིས་རང་བཞིན་འགོག་པའི་དམ་བཅའི་ཚིག་ཀྱང་གཞན་ལས་སྐྱེ་བ་མེད་པས། རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྲུབ་པའི་ཕྱིར། གཞན་ཕྱོགས་དགག་པར་མི་ནུས་ལ། འོ་ན་ཏེ་ཚིག་དེ་རང་བཞིན་དུ་ཡོད་ན་ཁྱོད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པའི་དམ་བཅའ་ཉམས་ཤིང་། ཚིག་ཁོ་ན་རང་བཞིན་དུ་ཡོད་པའི་ཁྱད་པར་གྱི་རྒྱུ་མཚན་ཡང་བརྗོད་དགོས་ཞེས། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །ཞེས་པ་ལ་སོགས་པ་རྒོལ་བ་ལ་དེའི་ཚིག་རང་བཞིན་མེད་པས་སྔར་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་དང་མི་འགལ་ཞིང་། དེ་ཉིད་ཀྱིས་ན་ཁྱད་པར་གྱི་རྒྱུ་མཚན་ཡང་བརྗོད་མི་དགོས་ལ། ཚིག་རང་བཞིན་མེད་པས་དེ་ཁོ་ནར་གཞན་ཕྱོགས་དགག་པར་མི་ནུས་མོད། དེ་ཁོ་ནར་དགག་བྱ་འགོག་བྱེད་མ་གྲུབ་པས་གཞན་ཕྱོགས་འགོག་པ་ཉིད་དུའང་ཁས་མི་ལེན་ལ། རང་བཞིན་མེད་ཀྱང་ཐ་སྙད་དུ་གཞན་ཕྱོགས་འགོག་པ་མི་འགལ་ཏེ། སྒྱུ་མའི་སྐྱེས་བུས་གཞན་ཕམ་པར་བྱེད་པའམ་རྨི་ལམ་དུ་རྨིས་པའི་ཆུས་མེ་གསོད་པ་སྣང་བ་བཞིན་ནོ། །ཞེས་སྟོན་པ། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པ་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་དང་། ཅི་ལྟར་སྤྲུལ་པས་སྤྲུལ་པ་དང་། །སྒྱུ་མའི་སྐྱེས་བུས་སྒྱུ་མ་ལ། །དགག་པར་བྱེད་པ་ཅི་འདྲ་བ། །དགག་པ་དེ་ཡང་དེ་འདྲར་འདོད། །ཅེས་གསུངས་པ་ཡིན་ནོ།།

ཡང་འདུས་བྱས་བརྟག་པར། འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་རང་བཞིན་གྱིས་གྲུབ་པ་བཀག་པ་ལ། སྤྲིན་ཆེན་པོའི་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མིང་སྟེ། འདུས་བྱས་ནི་སྐྱེ་བ་དང་འཇིག་པ་དང་། གནས་པ་གཞན་དུ་འགྱུར་བ་ཡང་མངོན་ནོ། །ཞེས་གསུངས་པ་དང་འགལ་ལོ། །ཞེས་རྒོལ་བའི་ལན་དུ། སྟོང་ཉིད་བདུན་ཅུ་པ་གསུངས་ཏེ། དེ་དག་རང་བཞིན་མེད་ཀྱང་རྨི་ལམ་སྒྱུ་མ་ལྟར་ཐ་སྙད་པའི་ཤེས་པ་འཁྲུལ་བའི་དོན་སྐྱེ་གནས་འཇིག་པར་སྣང་བ་ཙམ་ལ་དགོངས་ནས་གསུངས་པ་ཡིན་གྱི། དེ་དག་རང་བཞིན་ཡོད་པར་གསུངས་པ་མ་ཡིན་པས། ཁོ་བོ་ཅག་གི་རང་བཞིན་དུ་ཡོད་པ་བཀག་པ་དང་མི་འགལ་ལོ། །ཞེས་སྟོན་པ། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན། །ཞེས་གསུངས་སོ།།

དེ་ལྟར་འདི་ནི་ཚིག་གསལ་ལས། རིགས་ཚོགས་ལྔ་བགྲངས་ཤིང་། རིགས་པ་དྲུག་ཅུ་པའི་འགྲེལ་པར། ཕྱི་མ་གཉིས་ལ་མཆོད་བརྗོད་མི་མཛད་པའི་རྒྱུ་མཚན་དུ། ཕྱི་མ་གཉིས་ཀྱི་འཕྲོས་ཚུལ་ཁོ་ནར་གསུངས་ནས་དེའི་མཇུག་ཏུ་རིགས་པ་དྲུག་ཅུ་པ་འདི་ནི་དབུ་མ་བཞིན་དུ་འདིར་ཡང་གཙོ་བོར་རྟེན་ཅིང་འབྲེལ་པར་འབྱུང་བ་དཔྱད་པ་ལས་བརྩམས་ཏེ་མཛད་པའི་ཕྱིར། དབུ་མ་ལས་འཕྲོས་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་གསུངས་པས་ཟླ་བའི་དགོངས་པ་བླ་ན་མེད་པའོ།།

གཉིས་པ་བསྟོད་པའི་ཚོགས་ལ་གསུམ་ལས། གཞི་ལ་བསྟོད་པ་ལ། ཆོས་ཅན་གསལ་བ་ལ་བསྟོད་པ་ནི། སེམས་ཀྱི་རྡོ་རྗེའི་བསྟོད་པ་སྟེ། གང་གི་སེམས་བྱུང་དྲ་བ་ནི། །སེམས་ཉིད་ཀྱིས་ནི་བསལ་མཛད་དེ། །སེམས་ཀྱི་རྨོངས་པ་སེལ་བ་ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་སེམས་ཉིད་འཁོར་འདས་ཀུན་གྱི་གཞིར་གྱུར་པ་ལ་བསྟོད་པའོ།།

ཆོས་ཉིད་དབྱིངས་ལ་བསྟོད་པ་ནི། ཆོས་དབྱིངས་བསྟོད་པ་སྟེ། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་དྲི་མ་ལས་མ་གྲོལ་བའི་ཆོས་དབྱིངས་བསྟོད་པའི་ཡུལ་དུ་མི་རུང་ངམ་སྙམ་པའི་དོགས་པ་བསལ་ནས། ཐབས་ཀྱིས་མ་ཟིན་ན་འཁོར་བའི་རྒྱུར་གྱུར་པའི་ཆོས་དབྱིངས་ལ་བསྟོད་པའོ།།

ལམ་ལ་བསྟོད་པ་ལ་ཐབས་སྙིང་རྗེ་ཆེན་པོ་ལ་བསྟོད་པ་ནི། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ལུང་ལས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆེན་པོ་བཅུ་དྲུག་ལ་བཀའ་སྩལ་པ་དེ་ཉིད་ལོགས་སུ་བཀོལ་ནས་བསྟོད་ཚོགས་ཀྱི་ནང་དུ་བཞག་པའོ། །ཤེས་རབ་འཕགས་བཞིའི་ཡུམ་ལ་བསྟོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པའོ།།

འབྲས་བུ་ལ་བསྟོད་པ་ལ་སྐུ་གསུམ་ཆར་ལ་སོ་སོར་བསྟོད་པ་སྐུ་གསུམ་ལ་བསྟོད་པ་དང་། སྐུ་གསུམ་སོ་སོར་མ་ཕྱེ་བ་རང་གི་ངོ་བོ་དང་། དེ་སྟོན་པའི་སྒོ་ནས་བསྟོད་པ་ནི། དོན་དམ་པར་བསྟོད་པ། དཔེ་མེད་པར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ་རྣམས་སོ། །ཁ་ཅིག་མཆོད་རྟེན་བརྒྱད་ཀྱི་བསྟོད་པ་གཉིས་དང་། འཇམ་དཔལ་གྱི་བསྟོད་པ་གཉིས་རྣམས་ཀྱང་འདིར་བསྣན་པར་སྣང་ངོ་།།

དེས་སྲོལ་འབྱེད་པ་ནི་དབུ་མ་སྟེ། དབུ་མ་རྩ་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པའི་དབུ་མ་དེ་ནི་རྟག་ཆད་ཀྱི་མཐའ་ལས་གྲོལ་བ་ཡིན་ཞིང་། དེ་ལ་གཞི་དབུ་མ་བདེན་གཉིས་ཟུང་འཇུག །ལམ་དབུ་མ་ཚོགས་གཉིས་ཟུང་འཇུག །འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གསུམ་དུ་གསུངས་པ་ལས། །དང་པོ་གཞི་དབུ་མའི་དོན་དམ་བདེན་པའི་མཚན་གཞི་ནི་སྤྲོས་པ་དང་བྲལ་བ་གསུངས་ཏེ། མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །ཅེས་དང་། གཟུགས་སྟོང་པ་ཉིད་སོགས་ནས། སྟོང་པ་ཉིད་སྟོང་པ་ཉིད་ཅེས་དང་། དངོས་པོ་མེད་པའི་ངོ་བོ་སྟོང་པ་ཉིད་སོགས་ཀྱི་དོན་སློབ་དཔོན་གྱིས་སྤྲོས་པ་བརྒྱད་ཞི་བ་གསུངས་ཏེ། རྩ་བ་ཤེས་རབ་ལས། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས། སྤྲོས་པའི་མཐའ་ཐམས་ཅད་ལས་བྲལ་བའི་སྟོང་པ་ཉིད་དེ། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། ཞེས་གསུངས་པས་སོ།།

དེར་མ་ཟད་གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་ཏེ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་ཡིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །དོན་དམ་པའི་བདེན་པ་འཕགས་པའི་མཉམ་བཞག་གིས་ཇི་ལྟར་སྤྲོས་པ་དང་བྲལ་བའི་ཚུལ་གྱིས་མྱོང་བ་ལྟར་མཚན་ཉིད་དང་མཚན་གཞི་སོགས་གང་གིས་ཀྱང་བསྟན་པར་མི་ནུས་ཏེ། ཚིག་གི་བརྗོད་པ་བྱ་བ་མ་ཡིན་ཞིང་། བློ་ཡི་ཡུལ་དུ་བྱ་བ་མ་ཡིན་པའི་ཕྱིར་ཏེ། མདོ་ལས། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། དེའི་དོན་སློབ་དཔོན་གྱིས། བརྗོད་པ་བྱ་བ་ལྡོག་པ་སྟེ། །ཞེས་པའི་ཚུལ་གྱིས་བསྟན་པ་སྟེ། འགྲེལ་པ་ཚིག་གསལ་ལས། བརྗོད་པར་བྱ་བ་འགའ་ཞིག་ཡོད་ན་ནི་དེ་སྟོན་པར་འགྱུར་བ་ཞིག་ན་གང་གི་ཚེ་བརྗོད་པར་བྱ་བ་ལོག་ཅིང་ཚིག་དག་གི་ཡུལ་ཡོད་པ་མ་ཡིན་པ་དེའི་ཚེ་སངས་རྒྱས་རྣམས་ཀྱིས་ཅུང་ཟད་མ་བསྟན་ཏོ།།

ཡང་ཅིའི་ཕྱིར་བརྗོད་པར་བྱ་བ་མེད་ཅེ་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་དང་། ཡང་ཅིའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་མེད་ཅེ་ན་བསྟན་པའི་ཕྱིར། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་ཏེ། གང་གི་ཕྱིར་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་དེ་ཆོས་ཀྱི་ངོ་བོ་དང་། ཆོས་ཀྱི་རང་བཞིན་མྱ་ངན་ལས་འདས་པ་དང་མཚུངས་པར་བཞག་པ་དེའི་ཕྱིར་དེ་ལ་སེམས་མི་འཇུག་གོ །སེམས་ནི་འཇུག་ན་རྒྱུ་མཚན་སྒྲོ་འདོགས་པར་ག་ལ་འགྱུར་ལ། དེ་མེད་པའི་ཕྱིར་ཚིག་དག་འཇུག་པར་ག་ལ་འགྱུར་ཏེ། དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྟན་ཏོ། །ཞེས་བྱ་བར་གནས་སོ། །ཞེས་དང་། མཐའ་བཞི་སྐྱེ་མེད་རིགས་པ་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་དབབ་པ་དང་། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པའི་ཚུལ་གྱིས་རྟེན་འབྱུང་རིགས་པའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་བསྟན་པའི་ཕྱིར་རོ། །འདིར་སྤྲོས་པ་ཞེས་པ་བདེན་པའི་དངོས་པོའམ་མ་ཡིན་དགག་ཁོ་ན་མ་ཡིན་གྱི། གང་ལ་བློ་འཇུག་ཅིང་འཕྲོ་བ་དགག་སྒྲུབ་ཀྱི་མཚན་མ་ཐམས་ཅད་ཡིན་ཏེ། ཡོད་པ་དང་མེད་པ་དང་གཉིས་ཀ་དང་། གཉིས་མིན་འཛིན་པ་རྣམ་པར་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་བའི་འཛིན་སྟངས་ཡིན་པའི་ཕྱིར་ཏེ། མདོ་ལས་གཟུགས་སྟོང་ཞེས་བྱ་བར་མི་སྤྲོ་བ་འཕྲོ་བར་མི་བྱེད་དོ། །ཞེས་སོགས་དང་། ཇི་ཙམ་དུ་སེམས་འཇུག་པ་དེ་ཙམ་དུ་སྤྲོས་པ་ལགས་སོ། །ཞེས་དང་། སྤྲོས་པ་ཉེར་ཞི་ཞི་བ་སྟེ། །ཞེས་པའི་འགྲེལ་པར་ཚིག་གསལ་ལས། འདིར་སྤྲོས་པ་སྟེ་མཚན་མ་རྣམས་གང་ཉེ་བར་ཞི་བ་སྟེ་མི་འཇུག་པ་གང་ཡིན་པ་དེ་མྱ་ངན་འདས་པ་ཡིན་ལ། ཞེས་གསུངས་པས་སོ།།

གཞན་ལས་ཤེས་མིན་ཞེས་སོགས་ཀྱི་འགྲེལ་པར་སྤྲོས་པ་ནི་ངག་སྟེ་དོན་རྣམས་སྤྲོ་བར་བྱེད་པའི་ཕྱིར་རོ། །སྤྲོས་པ་རྣམས་ཀྱི་མ་སྤྲོས་པ་ནི་ངག་དག་གིས་མ་བརྗོད་པའོ། །ཞེས་པའི་ཐ་ཚིག་གོ །ཞེས་དང་། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཞེས་པའི་འགྲེལ་པར་སྤྲོས་པ་ནི་དངོས་པོའི་རྒྱུ་མཚན་ཅན་ཡིན་ན། དེ་བཞིན་གཤེགས་པ་དངོས་པོ་མེད་པ་ལ། སྤྲོས་པ་རྣམས་འཇུག་པ་ག་ལ་ཡོད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྤྲོས་པ་ལས་འདས་པ་ཡིན་ནོ། །ཞེས་དང་བདེན་པ་གཉིས་བསྟན་པའི་མདོ་ལས། དོན་དམ་པ་ནི་མཚོན་དུ་མེད་པ་དང་། བརྗོད་དུ་མེད་པ་དང་། ཤེས་པ་བྱར་མེད་པ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པ་ཡིན་ནོ། །ཞེས་གསུངས་པ་དང་མཐུན་པ་ཡིན་ནོ།།

སྤྲོས་བྲལ་དེ་མཐར་ཐུག་གི་དོན་ཇི་ལྟར་ཡིན་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པའོ། །ཞེས་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དུས་ཐམས་ཅད་དུ་མེའི་ཚ་བ་ལྟར་ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་དེས་ཁྱབ་པ་དང་། རིག་པ་ཡང་དག་གིས་མཐའ་གང་དུ་གྲུབ་བཙལ་བ་ན་གང་དུའང་མ་གྲུབ་པར་གནས་པས་སོ།།

མདོ་ཟབ་མོའི་དོན་ཡིན་པ་ནི་ངེས་དོན་གྱི་གསུང་རབ་ཤེར་ཕྱིར་གྱི་མདོ་དང་། ཏིང་ངེ་འཛིན་རྒྱལ་པོ་དང་། ཡེ་ཤེས་སྣང་བ་བརྒྱན་པ་དང་། བདེན་པ་གཉིས་བསྟན་པ་ལ་སོགས་པ་རྣམས་ཀྱི་དོན་ཡིན་ནོ། །བདེན་པའི་ཚིག་ཟབ་མོའི་རྣམ་གྲངས་ཆོས་རྣམས་ཀྱི་རང་བཞིན་དང་། དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པ་སོགས་ཀྱི་དོན་ནོ། །ཞི་བའི་ཚིག་ཟབ་མོ་རྣམ་གྲངས་ཡིན་པ་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། དངོས་པོ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། མཚན་ཉིད་མེད་པ་དང་། མ་སྐྱེས་པ་དང་། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་རྣམ་པར་དག་པ་ཞེས་པ་རྣམས་ཀྱི་དོན་ཡིན་པ་དང་། ཡི་གེ་ཟབ་མོའི་དོན་ཡིན་པ་ནི། ཨ་ཞེས་བརྗོད་པ་གཅིག་གིས་ཆོས་ཐམས་ཅད་འགོག་ཅིང་སྐྱེ་བ་མེད་པར་གསུངས་པའི་ཕྱིར་རོ། །སྲུང་བ་རྣམས་ཀྱི་མཆོག་ཀྱང་སྟོང་པ་ཉིན་ཡིན་ཏེ། མདོ་ལས། གང་གིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན། །སྒྱུ་མ་ནམ་མཁའ་ལྟ་བུར་རབ་ཤེས་པ། །དོན་དམ་ཤེས་པའི་སྲུང་བ་མཆོག་ཡིན་ཏེ། །སྲུང་བའི་ཆོ་ག་གཞན་དག་འདིར་མི་དགོས། །ཞེས་གསུངས་པས་སོ།།

འདི་ནི་མི་སླུ་བའི་དོན་གཅིག་པུ་ཡིན་ཏེ་མདོ་ལས། བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ། །ཞེས་པའི་དོན་རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་གསུངས་པ་ལྟར་རོ། །འོ་ན་དེ་རྟོགས་བྱེད་ཀྱི་ཐབས་ཇི་ལྟ་བུ་ཞེ་ན། ཐ་སྙད་ཙམ་དུ་བསྟན་དུ་ཡོད་དེ། སྡུད་པ་ལས། །སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་བསྟན་པར་འགྱུར། །ཞེས་དང་། མདོ་ལས། འཇིག་རྟེན་མཁྱེན་པ་གཞན་ལས་མ་གསན་པར། །བདེན་པ་འདི་ཉིད་ཀྱིས་ནི་བསྟན་པར་མཛད། །ཅེས་པའི་དོན། སློབ་དཔོན་གྱིས། རྩ་ཤེར་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་ཉིད་ལ་ཡང་དག་བརྟེན། །ཞེས་དང་། དེ་རྟོགས་པའི་ཐབས་ཐ་སྙད་ལ་ལྟོས་དགོས་པ་གསུངས་ཏེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་ཏེ། དངོས་པོར་སྨྲ་བ་རྣམས་ཀྱིས་རྟག་ཆད་ཇི་ཙམ་སྤངས་ཀྱང་རྟག་ཆད་ཀྱི་མཐར་བཟུང་བ་ལས་མ་འདས་ཏེ། དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་པས་རྟག་པའི་མཐའ་ལས་མི་གྲོལ། སྔར་རང་བཞིན་གྱིས་ཡོད་པ་ཕྱིས་གཏན་མེད་དུ་གྱུར་པས་ཆད་པའི་མཐའ་ལས་མི་གྲོལ་བའི་ཕྱིར། ཞེས་བཞེད་དེ། དབུ་མ་རྩ་བ་ལས། གང་དག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པའི་ཕྱིར། དེས་ན་དངོས་པོར་སྨྲ་བ་རྣམས་དང་ཐུན་མོང་མ་ཡིན་པའི་རྟག་ཆད་སྤོང་ཚུལ་སྤྱིར་མང་དུ་ཡོད་ཀྱང་། གཙོ་བོ་ནི། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། བརྟེན་ནས་འབྱུང་བ་ཉིད་ཀྱིས་རྟག་པ་དང་ཆད་པའི་མཐའ་གཉིས་ཀ་ལས་གྲོལ་བས་དབུ་མར་བཞག་ཅིང་། དབུ་མ་ཞེས་བྱ་བར་གྲུབ་ནའང་མཐའ་ལས་མ་འདས་པས་མཐའ་གང་དུ་ཡང་གྲུབ་པ་མེད་པ་དེ་ནི་སྐབས་འདིར་དབྱེ་གཞི་ཡིན་ནོ།།

གཉིས་པ་གང་དབྱེ་བའི་ངོ་བོ་ལ། དགག་བྱ་དགག་ཚུལ་གྱི་སྒོ་ནས་དང་། བགྲོད་བྱ་ཐེག་པའི་སྒོ་ནས་དང་། བདེན་པ་གཉིས་ཀྱི་སྒོ་ནས་དང་། ཡུལ་ཅན་གྱི་བློའི་སྒོ་ནས་དང་། བརྗོད་བྱ་རྗོད་བྱེད་ལ་སོགས་པའི་སྒོ་ནས་དང་། གང་ཟག་གི་ཆ་རྐྱེན་གྱི་སྒོ་ནས་དབྱེ་བ་དང་དྲུག་ལས། དང་པོ་ལ། དགག་བྱ་རགས་པ་བཀག་པའི་དབུ་མ་དང་། ཕྲ་བ་དགག་པའི་དབུ་མ་གཉིས་ལས། དང་པོ་ནི། རྡོ་རྗེའི་གཟེགས་མ་དང་། གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་སྣང་བ་བདེན་པར་གྲུབ་པ་བཀག་པས་རྟག་པའི་མཐའ་ལས་གྲོལ་ཏེ། རིན་ཆེན་ཕྲེང་བ་ལས། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །གཉིས་ལ་མི་བརྟེན་ཐར་པ་ལགས། །ཞེས་གསུངས་སོ།།

གཉིས་པ་ནི། དེ་ལྟར་བདེན་པ་བཀག་ཟིན་ནས་བདེན་པར་མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་མཐའ་ཕྱི་མ་གསུམ་དང་། བདེན་པས་སྟོང་པས་ཆོས་ཅན་གྱི་དངོས་པོ་བཏགས་ཡོད་ཙམ་ལའང་མངོན་པར་ཞེན་པ་བཀག་པས་ན། མཐའ་ཐམས་ཅད་དང་བྲལ་བས་ན་དབུ་མ་སྟེ། དབུ་མ་རྩ་བ་ལས། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་གསུངས་པས་སོ། །འདི་ལ་དགག་བྱ་ཕྲ་རགས་སུ་འཇོག་པ་ནི་སྔ་མ་དགག་སླ་ཞིང་། མ་བཀག་པ་འཁོར་བའི་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ཡིན་ལ། ཕྱི་མ་དགག་དཀའ་ཞིང་མ་བཀག་ན་ཐེག་པ་ཆེན་པོའི་བྱང་ཆུབ་ལ་གེགས་བྱེད་པ་ཡིན་གྱི་འཁོར་བའི་སྡུག་བསྔལ་སྤངས་པའི་མྱ་ངན་འདས་ཙམ་ལ་གེགས་མི་བྱེད་པའོ།།

གཉིས་པ་ལ། ཉན་ཐོས་ཀྱི་དང་། རང་རྒྱལ་གྱི་དང་། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པར་བྱེད་པའི་དབུ་མ་གསུམ་ལས། དང་པོ་ནི། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ལ་འཁོར་བས་བསྡུས་པས་ལས་དང་ཉོན་མོངས་སྤང་དགོས་ཤིང་། དེ་སྤང་བ་ལ་དེའི་རྒྱུ་ངར་འཛིན་ལྷན་སྐྱེས་སྤང་དགོས། དེ་ལ་ཞེན་ཡུལ་ང་ཙམ་དེ་བཙལ་ཚུལ་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མ་རྙེད་པས་གང་ཟག་གི་བདག་མེད་དང་། གང་ཟག་དུ་གདགས་པའི་རྒྱུ་ཕུང་པོ་བཙལ་ནས་མ་རྙེད་པའི་ཆོས་ཀྱི་བདག་མེད་རྟོགས་དགོས་ཏེ། ཆོས་དབྱིངས་བསྟོད་པ་ལས། བདག་དང་བདག་གིར་ཞེས་འཛིན་པ། །ཇི་སྲིད་ཕྱི་རོལ་རྣམ་བརྟགས་པ། །བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། རྩ་བ་ཤེས་རབ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། མ་རིག་འགག་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་པ་ནི། །ཤེས་པས་དེ་ཉིད་བསྒོམ་པས་སོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་བདག་གཉིས་པོ་ཁེགས་པས་རྟག་པའི་མཐའ་ལས་གྲོལ། ཀུན་རྫོབ་ཏུ་མི་དགེ་བ་བཅུ་སྤང་ཞིང་། དགེ་བ་བཅུ་སྤྱོད་པའི་སྤྱོད་པ་མི་འདོར་བས་ཆད་པའི་མཐའ་ལས་གྲོལ་བས་དབུ་མའོ།།

གཉིས་པ་ནི། རང་རྒྱལ་གྱི་བྱང་ཆུབ་ཐོབ་པར་བྱེད་པ་ལ། སྔར་བཤད་པའི་བདག་མེད་གཉིས་ཀྱི་སྟེང་དུ་གཟུགས་སོགས་ཕྱི་རོལ་གྱི་གཟུང་བ་དང་། ཀུན་ནས་ཉོན་མོངས་དང་རྣམ་བྱང་སོགས་ནང་གི་གཟུང་བ་རང་བཞིན་མེད་པར་རྟོགས་པས་རྟག་པའི་མཐའ་ལས་གྲོལ། ཀུན་རྫོབ་ཏུ་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པ་སོགས་བྱེད་པའི་སྤྱོད་པ་མི་འདོར་བས་ཆད་པའི་མཐའ་ལས་གྲོལ་བས་དབུ་མ་དགོས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་ཤིང་། གཟུང་དོན་རྟོག་པ་དེ་ཡང་ལམ་གཉིས་པའི་རྣམ་པའི་སྐབས་སུ་གཟུང་བ་ཕྱི་རོལ་གྱི་དོན་དུ་བདེན་པར་འཛིན་པ་དང་། ལམ་གསུམ་པའི་རྣམ་པའི་སྐབས་སུ་ཀུན་ནས་ཉོན་མོངས་གཟུང་བ་སོགས་སུ་མངོན་པར་ཞེན་པ་ལ་བཤད་པའི་ཕྱིར་རོ།།

གསུམ་པ་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་སྔར་བཤད་པའི་བདག་མེད་དེ་དག་གི་སྟེང་དུ་སྤྲོས་པའི་མཐའ་མཐའ་དག་བཀག་པས་རྟག་པའི་མཐའ་ལས་གྲོལ། ཀུན་རྫོབ་ཏུ་སྦྱིན་སོགས་སྤྱོད་པ་རྒྱ་ཆེན་པོ་མི་འདོར་བས་ཆད་པའི་མཐའ་ལས་གྲོལ་བས་དབུ་མ་དགོས་ཏེ། རིན་ཆེན་ཕྲེང་བ་ལས། གང་ཞིག་བདག་དང་གཞན་གཉིས་ཀ །བྱང་ཆུབ་མྱུར་དུ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པས་སོ། །དབྱེ་བའི་ཚུལ་འདི་ནི། དངོས་པོར་སྨྲ་བའི་གྲུབ་མཐས་ཐེག་པ་ཆེ་ཆུང་གང་གི་ཡང་བྱང་ཆུབ་ཐོབ་པར་མི་ནུས་པས་ཐེག་པ་གསུམ་གྱི་བྱང་ཆུབ་ཐམས་ཅད་ཀྱང་དབུ་མའི་ལམ་འདིས་འཐོབ་དགོས་སོ་ཞེས་ཤེས་པའི་ཆེད་དུ་ཡིན་ནོ།།

གསུམ་པ་ལ་ཀུན་རྫོབ་སྣང་ཙམ་དབུ་མར་བཞག་པ་དང་། དོན་དམ་སྤྲོས་བྲལ་དབུ་མར་བཞག་པ་དང་། བདེན་གཉིས་ཟུང་འཇུག་ལ་དབུ་མར་བཞག་པ་གསུམ་ལས། དང་པོ་ནི། ཀུན་རྫོབ་སྣང་ཙམ་གྱི་རྒྱུ་འབྲས་འདི་དག་འབྲས་བུ་མྱུ་གུ་ལྟ་བུའི་དུས་ན་རྒྱུ་ས་བོན་ལྟ་བུ་རྒྱུན་ཆད་པ་ཡང་མ་ཡིན་པས་ཆད་པའི་མཐའ་ལས་གྲོལ། མྱུ་གུའི་ཚེ་ས་བོན་ཡོད་པ་ཡང་མ་ཡིན་པས་རྟག་པའི་མཐའ་ལས་གྲོལ་བས་དབུ་མ་སྟེ། རྩ་ཤེར་ལས། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། རྒྱུ་དང་བཅས་པར་སྐྱེ་མཐོང་བས། །མེད་པ་ཉིད་ལས་འདས་པ་ཡི། །རྒྱུ་དང་བཅས་པར་འགག་མཐོང་བས། །ཡོད་པ་ཉིད་དུའང་ཁས་མི་ལེན། །ཞེས་དང་། དེའི་དོན་འཇུག་པར། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང་། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །ཞེས་གསུངས་སོ། །འདི་ནི་རྒྱུ་འབྲས་ཀྱི་འཇོག་ཚུལ་རྟོག་གེའི་གཞུང་ལས་བཤད་པ་དང་གཏན་མི་འདྲ་བར། འབྲས་བུའི་དུས་ན་རང་གི་རྒྱུ་དེ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ངོ་བོ་གཅིག་ཀྱང་མ་ཡིན། ངོ་བོ་ཐ་དད་ཀྱང་མ་ཡིན་པའི་སྒོ་ནས་རྟག་ཆད་སྤོང་ཚུལ་ཡིན་ནོ།།

གཉིས་པ་ནི། ཆོས་དབྱིངས་དོན་དམ་པའི་བདེན་པ་རིགས་པས་དཔྱད་པའི་བློ་ངོར་རིམ་པ་ལྟར་རམ། འཕགས་པའི་མཉམ་བཞག་གི་བློ་ངོར་ཅིག་ཅར་དུ་མཐའ་བཞིའི་སྤྲོས་པ་དང་བྲལ་བས་དོན་དམ་པའི་བདེན་པ་ཉིད་དབུ་མ་སྟེ། མཐའ་གཉིས་དང་བྲལ་བ་ལའང་དབུ་མར་འཇོག་ན། མཐའ་ཐམས་ཅད་དང་བྲལ་བ་ལ་དབུ་མར་འཇོག་པ་ཤིན་ཏུའང་འཐད་པའི་ཕྱིར་རོ།།

གསུམ་པ་ནི། ཀུན་རྫོབ་སྣང་ཙམ་དུ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བས་ཆད་པའི་མཐའ་ལས་གྲོལ། འབྱུང་ཚུལ་དེ་ཉིད་ལ་མཐའ་བཞིའི་རིགས་པས་དཔྱད་པའི་ཚེ་མི་རྙེད་པའི་སྟོང་པར་སོང་བས། རྟག་པའི་མཐའ་ལས་གྲོལ་བས་དེ་གཉིས་དབྱེར་མེད་པར་དབུ་མ་སྟེ། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ།།

འདི་ནི་སོ་སྐྱེའི་བློ་ལ་ལྟོས་ནས་སྔ་ཕྱི་རེས་འཇོག་བསྡམས་ནས་ཟུང་འཇུག་རྟོགས་ཚུལ་ཡིན་ལ། མཐར་ཐུག་ཟུང་འཇུག་མངོན་དུ་གྱུར་པའི་ཚུལ་ནི། སྲིད་ཞི་མཉམ་ཉིད་དང་། འཁོར་འདས་དབྱེར་མེད་དང་། ཀུན་ནས་ཉོན་མོངས་རྣམ་བྱང་རོ་གཅིག་པ་སྟེ། མངོན་རྟོགས་རྒྱན་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་དང་། དཔེ་མེད་པར་བསྟོད་པ་ལས། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཉིད་ཀྱི། །ཞིང་ཆེན་མགོན་པོ་ཁྱོད་ཀྱིས་རྟོགས། །ཁྱོད་ཀྱིས་ཀུན་ནས་ཉོན་མོངས་དང་། །རྣམ་བྱང་རོ་གཅིག་གྱུར་རིག་པས། །ཆོས་དབྱིངས་མངོན་པར་དབྱེར་མེད་པ། །ཀུན་ཏུ་རྣམ་པར་དག་པར་འགྱུར། །ཞེས་གསུངས་པས་སོ།།

བཞི་པ་ལ་དེ་ལྟ་བུའི་དབུ་མ་ཐམས་ཅད་ལ་འཕགས་པའི་མཉམ་གཞག་གིས་བརྗོད་དུ་མེད་པའི་ཚུལ་གྱིས་རྟོགས་པའི་རྟོགས་པ་དོན་དམ་པ་དང་། སོ་སོ་སྐྱེ་བོའི་རིགས་ཤེས་ཀྱི་བློས་བརྗོད་པ་དང་བཅས་པའི་ཚུལ་གྱིས་རྟོགས་པའི་བསྟན་པ་དོན་དམ་གཉིས་སུ་ཕྱེ་སྟེ། ཚིག་གསལ་ལས། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་སྟེ། །གཉིས་དང་གཉིས་མིན་མི་བྱ་སྟེ། །འདི་དག་ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་མོད་ཀྱི། འོན་ཀྱང་མ་བརྗོད་ན་རྟོགས་པ་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་གནས་པའི་རང་བཞིན་རྟོགས་པར་མི་ནུས་ཏེ། དེའི་ཕྱིར་ཁོ་བོ་ཅག་ཐ་སྙད་ཀྱི་བདེན་པ་ལ་གནས་ནས་ཐ་སྙད་ཀྱི་དོན་དུ་གདུལ་བྱའི་སྐྱེ་བོའི་ངོར་ལྷག་པར་སྒྲོ་བཏགས་ནས། སྟོང་པ་ཞེས་ཀྱང་སྨྲ་ལ། མི་སྟོང་ཞེས་བྱ་བ་དང་། སྟོང་པའང་ཡིན་ལ་མི་སྟོང་པའང་ཡིན་ཞེས་བྱ་བ་དང་། སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ཞེས་བྱ་བ་སྨྲའོ།།

དེ་ཉིད་ཕྱིར། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་ཏེ། དགོས་པ་གང་གིས་སྟོང་པ་ཉིད་ལ་སོགས་བསྟན་པའི་དགོས་པ་དེ་ནི་བརྟགས་པ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་ཤིང་། ཐལ་འགྱུར་པས་གཉིས་ཀའང་བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་བདེན་པ་མཚན་ཉིད་པར་འདོད་ལ། རང་རྒྱུད་པའི་གཞུང་རྣམས་ལ་ནི། རྣམ་གྲངས་པ་དང་། རྣམ་གྲངས་མ་ཡིན་པ་གཉིས་སུ་ཕྱེ་བར་སྣང་ངོ་།།

ལྔ་པ་ལ། བརྗོད་བྱ་དབུ་མ་དང་། རྗོད་བྱེད་དབུ་མ་གཉིས་ལས། དང་པོ་ནི། ཇི་སྐད་བཤད་པ་ཐམས་ཅད་དང་། ཕྱི་མ་ནི། མཐར་ཐུག་ལ་ལྟོས་ནས་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད། གནས་སྐབས་དྲང་ངེས་གཉིས་སུ་ཕྱེ་བའི་ཚེ། ངེས་དོན་གྱི་མདོ་སྡེ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལ་སོགས་པ་དང་། དེའི་དགོངས་པ་འགྲེལ་བར་བྱེད་པའི་རིགས་ཚོགས་ལ་སོགས་པ་རྣམས་སོ།།

དྲུག་པ་ལ། གཞི་ལམ་འབྲས་བུའི་དབུ་མ་གསུམ་སྟེ། གང་ཟག་གཅིག་བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་ལ་ཐོས་བསམ་གྱིས་གཏན་ལ་དབབ་པར་བྱ་བའི་གཞི། ཉམས་སུ་ལེན་པའི་སྤྱོད་པ། ཉམས་སུ་བླངས་པའི་འབྲས་བུ་དང་གསུམ་དགོས་པའི་དབང་དུ་བྱས་པའོ། །དེ་ལ་གཞི་དབུ་མ་གོང་དུ་སོང་ནས། གཉིས་པ་ལམ་དབུ་མ་ནི། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྦྱོར་བ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པའི་ཚོགས་གཉིས་ཟུང་འཇུག་སྟེ། རིགས་པ་དྲུག་ཅུ་པར། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །ཞེས་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་གསུངས་པས་སོ།།

འབྲས་བུ་དབུ་མ་ནི། རྒྱུ་ཚོགས་གཉིས་ལ་བརྟེན་ནས་འབྲས་བུ་སྐུ་གཉིས་ཟུང་འཇུག་ཐོབ་པ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །དེ་བཞིན་ཆོས་ཀྱི་སྐུ་དག་ནི། །རྒྱལ་པོ་ཡེ་ཤེས་ཚོག་ལས་འཁྲུངས། །ཞེས་པས་སྟོན་ཏོ། །སྐྱེ་འགག་ལ་སོགས་པའི་སྤྲོས་པ་མཐའ་དག་ཞི་ནས་དེ་གཉིས་དབྱེར་མེད་དུ་གྱུར་པ་ལ་ཡེ་ཤེས་སུ་འཇོག་སྟེ། སྐུ་སྒྲུབ་ཀྱིས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་རྣམ་པར་གནས། །ཞེས་གསུངས་པའི་ཕྱིར་རོ། །གཟུགས་སྐུ་ལ་ལོངས་སྐུ་དང་། སྤྲུལ་སྐུ་གཉིས་ཕྱེ་བའི་སྐུ་གསུམ་སྟེ། ཀླུ་སྒྲུབ་ཀྱིས་སྐུ་གསུམ་པ་བསྟོད་པ་ལས། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མིན་དངོས་པོ་མེད་པ་མ་ཡིན་མཁའ་ལྟར་རོ་གཅིག་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་མི་འགྱུར་ཞི་ལ་མི་མཉམ་པ་ལ་ཁྱབ་པ་ཅན་ཏེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། །རང་གི་འབྱོར་པ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་མཛད་བརྒྱ་ཡི་འབྲས་བུ་ནི། །བློ་ཅན་རྣམས་ཀྱི་དགའ་བ་བསྐྱེད་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང་། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེར་འཇིག་རྟེན་ཀུན་ཏུ་འཕྲོ་བར་མཛད་པ་པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་སྨིན་པར་མཛད་ཕྱིར་ལ་ལ་དག་ཏུ་མེ་འབར་བཞིན་དུ་གང་སྣང་ཞིང་། །ལ་ལར་ཡང་ནི་རྫོགས་པར་བྱང་ཆུབ་ཆོས་ཀྱི་འཁོར་ལོར་རབ་ཏུ་ཞི་བ་གང་སྣང་ལ། །སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་འཇུག་ཅིང་སྲིད་པ་གསུམ་གྱི་འཇིགས་སེལ་བ། །ཕྱོགས་བཅུར་ཆུབ་མཛད་ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་དོན་གཅིག་རྒྱུན་དུ་མཛད་ཅིང་བསོད་ནམས་ཡེ་ཤེས་ཆེན་པོ་དཔག་མེད་ལས་བྱུང་བའི། །བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུམ་ཡིད་དང་ཚིག་གི་ལམ་ལས་རབ་ཏུ་འདས་པ་ལ། །བདག་གིས་དད་པས་ཕྱག་བྱས་དགེ་བ་བྱང་ཆུབ་ས་བོན་བསགས་པར་གྱུར་པ་གང་ཡིན་དེས། །སྐུ་གསུམ་ཐོབ་ནས་འགྲོ་བ་མ་ལུས་པ་རྣམས་བྱང་ཆུབ་ལམ་ལ་ངེས་པར་འཛུད་པར་ཤོག །ཅེས་གསུངས་པ་ལྟར་རོ།།

སློབ་དཔོན་དེས་སྐུ་ཚེའི་སྟོད་དུ་ཉི་འོག་ཏུ་རྒྱལ་པོ་ཙནྡན་སྐྱོང་། སྐུ་ཚེའི་སྨད་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱལ་པོ་བདེ་བྱེད་ཡིན་པར་མངོན་ནོ། །དེ་ལྟར་བགྲང་གཞི་བརྒྱ་ཕྲག་དྲུག་གི་སྲིད་དུ་བསྟན་པ་ལེགས་པར་བསྐྱངས་ནས་མཐར་རྒྱལ་པོ་བདེ་སྤྱོད་ཀྱི་བུ་གཞོན་ནུ་ནུས་ལྡན་ཞེས་བྱ་བ་ཞིག་ལ་མས་གོས་བཟང་པོ་སྲུབས་མེད་པ་ཞིག་བྱིན་པས། འདི་བདག་གིས་རྒྱལ་སྲིད་འཛིན་པའི་དུས་སུ་གྱོན་ནོ་ཞེས་སྨྲས་པ་ལ། མས་ཁྱོད་ཀྱིས་རྒྱལ་སྲིད་འཛིན་པ་མི་འོང་སྟེ་ཡབ་དང་སློབ་དཔོན་ཚེ་སྒྲུབ་དང་བཅུད་ལེན་སྟབས་སུ་བྱས་པ་ཡིན་པས། དེ་ལྟར་གྲུབ་སྟེ་སློབ་དཔོན་དང་སྲོག་གཅིག་པའི་ཕྱིར་རོ། །ཞེས་སྨྲས་པས། དེས་ཕའི་རྒྱལ་སྲིད་ཐོབ་པའི་འདོད་གདུང་གིས་ཀུན་ནས་བསླངས་ཏེ། དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་བསླང་བའི་ཕྱིར་འོངས་པ་ན། སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་སྩལ་པ་དང་། དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་གྱུར་ཏོ།།

དེའི་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞ་ཏ་བར་གྱུར་པའི་ཚེ་སྨྱུག་མ་ཞིག་བཅད་པའི་སྐྱེ་བ་བཅད་པའི་ལྟུང་བྱེད་བྱུང་བའི་ལས་ཀྱི་ལྷག་མ་ཡོད་པས། སྨྱུག་མའི་ཤུན་ལྤགས་ཀྱིས་བྲེག་པར་བསྒོ་བ་ན། དེས་ཀྱང་དེ་བཞིན་དུ་བྱས་པས་ཆད་པར་གྱུར་པའི་སྐེ་མཚམས་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །སོང་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པའི་གདངས་སྙན་པའི་པི་ཝང་གི་སྒྲ་ལྟ་བུ་བྱུང་བར་གྱུར་ཏོ། །དེ་ནས་དེས་དབུ་བླངས་ཏེ་སོང་བས་ལམ་དུ་མཁའ་འགྲོ་མ་རྣམས་ཀྱིས་ཕྲོགས་ཏེ་དཔག་ཚད་གཅིག་གི་སར་དོར་རོ། །སླར་ཡང་རིང་ཞིག་ལོན་པ་ན་ལོ་རེ་བཞིན་དབུ་དང་སྐུ་ལུས་རིམ་གྱིས་ཉེ་བར་སོང་ནས་མཐར་སྔ་མ་བཞིན་དུ་འབྱར་བར་གྱུར་པ་དང་། སེམས་ཅན་གྱི་དོན་མཛད་དོ་ཞེས་གྲགས་སོ།།

 

འཕགས་པ་དེ་ཉིད་ཀྱིས་ལེགས་པར་གསུངས་པའི་བདུད་རྩིས་ཉེ་བར་བསྐྱེད་པའི་སྲས་ཀྱི་ཐུ་བོ་འཛམ་བུའི་གླིང་འདིར་མཛེས་པར་བྱེད་པའི་རྒྱན་གཉིས་པ་ནི། སློབ་དཔོན་ཨཱརྻ་དེ་ཝ་སྟེ་དེའང་འཇམ་དཔལ་རྩ་རྒྱུད་ལས། གཞན་ཡང་རབ་བྱུང་དམ་པ་ནི། །སིངྒ་ལ་ཡི་གྲོང་ན་གནས། །འཕགས་པ་མིན་པ་འཕགས་པའི་མིང་། །སིངྒ་ལ་ཡི་གླིང་ན་གནས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་དབྱུང་། །ཞེས་པ་ངེས་པའི་དོན་གྱི་ལུང་གིས་ཇི་ལྟར་མངོན་པར་བསྔགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ནི། ཡུལ་སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲིངྒ་ར་ཞེས་བྱ་བའི་སྐྱེ་མོས་ཚལ་གྱི་ལྡུམ་ར་མེ་ཏོག་དང་པདྨའི་རིགས་རྣམ་པ་སྣ་ཚོགས་པས་ཀུན་ནས་ཡིད་འོང་བར་བྱས་པ་ཞིག་ཡོད་དེ། དེར་པདྨ་གཞན་རྣམས་ནི་ཉིན་མོའི་དུས་སུ་ཁ་འབྱེད་ཅིང་མཚན་མོར་ཟུམ་ནས་དུད་ཅིང་གནས་པ་ལ། དེའི་ནང་ནས་པདྨའི་གོང་བུ་གཅིག་ནི་རིང་མོ་ཞིག་ནས་རྟག་ཏུ་ཟུམ་ཞིང་ཁ་འབྱེད་པར་མི་འདོད་པ་གཞིན་དུ་གནས་སོ།།

དེ་ཚེ་ལྡུམ་ར་བ་དེས་སའི་བདག་པོ་དེའི་ཐད་དུ་ཕྱིན་ཏེ་ཇི་ལྟར་གནས་པ་དེ་བཞིན་དུ་ཞུས་པ་དང་། དེས་ཅུང་ཟད་ཅིག་བརྟགས་ནས་སྨྲས་པ། བཞིན་བཟང་དེ་ནི་རིགས་སྲས་ཁྱད་པར་ཅན་ཞིག་བལྟམས་པའི་ལྟས་སུ་མངོན་ན་ལེགས་པར་གཉེར་བ་གྱིས་ཤིག་ཅེས་པ་བསྒོས་སོ། །དེ་ནས་ནམ་ཞིག་དུས་ལ་བབ་པ་ན་པདྨ་དེ་ཡིད་དུ་འོང་བའི་འདབ་མ་བརྒྱ་སྟོང་དུ་ཁ་བྱེ་བའི་སྦུབས་ནས་མིའི་ཁྱེའུ་མཚན་ཐམས་ཅད་དང་ལྡན་ཞིང་འོད་ཟེར་འབར་བ་ཞིག་བཙས་སོ། །བཙས་མ་ཐག་ནས་རྒྱལ་པོ་དེ་དགའ་བ་དང་ངོ་མཚར་བ་ལྷན་ཅིག་ཏུ་བྱུང་སྟེ་རང་གི་བུར་བཟུང་ནས་མཐུན་པའི་ཡོ་བྱད་མང་པོ་དག་གིས་བསྙེན་བཀུར་བའི་སྒོ་ནས་བསྐྱེད་དུ་བསྲིངས་སོ།།

དེ་ནས་ཁྱེའུ་དེ་ཆེར་སོན་པ་དང་མཁན་པོ་མཧ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བསྒྲུབས་ནས་མཚན་ཨཱརྻ་དེ་ཝ་ཞེས་བྱ་བ་གསོལ་ཏེ་ལྷ་དང་བཅས་པའི་འཇིག་རྟེན་ན་གྲགས་པའི་ཟླ་འོད་རྣམ་པར་གསལ་བར་གྱུར་ཏེ། དེ་ནས་སློབ་དཔོན་ཀླུ་སྒྲུབ་ཅན་དུ་བྱོན་ནས། རྒྱལ་བའི་མྱུ་གུ་ཀུན་གྱིས་བསླབ་པར་བྱ་བ་རིག་པའི་གནས་རྣམ་པ་ལྔ་ཡན་ལག་དང་བཅས་པ་དང་། ཕྱི་དང་ནང་གི་གྲུབ་པའི་མཐའ་མ་ལུས་པ་ལ་བསྙེངས་པ་མེད་པའི་སྦྱངས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་དེ། སྨྲ་བའི་དབང་ཕྱུག་ཀུན་གྱི་གཙུག་གི་རྒྱན་དུ་གྱུར་ཏོ།།

ཅི་ཙམ་ན་དུས་གཞན་ཞིག་ཏུ་མུ་སྟེགས་ཀྱི་སྟོན་པ་རྟ་དབྱངས་ཞེས་བྱ་བ་རང་གི་འདོད་པའི་ལྷ་གཙུག་ན་ཟླ་བ་བསྒྲུབས་པས། དེའི་ཞལ་བསྟན་པ་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཞུས་སོ། །དེས་ཀྱང་མངལ་སྐྱེས་སུ་གཏོགས་པ་གང་གིས་ཀྱང་ཐུབ་པ་མེད་པའི་དངོས་གྲུབ་བྱིན་ནོ། །དེ་ནས་བརྩམས་ཏེ་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་ཕྱོགས་ཀུན་ཏུ་ཉུལ་ཞིང་རྩོད་པའི་སྒོ་ནས་སངས་རྒྱས་པའི་ཐེག་པ་སྨྲ་བ་མང་པོ་ཕམ་པར་བྱས་ནས་ཕལ་ཆེར་མུར་འདུག་པའི་གྲུབ་མཐའ་ལ་སྦྱར་རོ། །སླར་ཡང་ང་རྒྱལ་ཆེར་སྐྱེས་ནས། ཤྲཱི་ནཱ་ལེནྡྲ་ཞེས་བྱ་བ་མཁས་པ་ཐམས་ཅད་ཀྱིས་བསྟི་བའི་གནས་ག་ལ་བ་དེར་སོང་ལ་རྣམ་པར་རྒྱལ་བ་བྱའོ། །སྙམ་དུ་འོངས་ནས། དེར་རང་རང་གི་བསྟན་པ་རྒྱལ་བའི་རུ་མཚོན་དུ་བཙུགས་ཏེ་རྩོད་པར་བྱ་བའི་དུས་ཐོབ་ཅིག་ཅེས་སྨྲས་པ་ལ། ནང་པའི་པཎྜི་ཏ་རྣམས་ཀྱིས་གཞན་གྱིས་མི་ཐུབ་པར་ཤེས་ནས། དཔལ་གྱི་རི་ལ་འཕགས་པ་འབྱོན་པའི་ཡུན་ཇི་སྲིད་དང་རྗེས་སུ་འཚམས་པར། ཉིན་ཞག་སུམ་ཅུ་ནས་རྩོད་པའི་དུས་བཏབ་བོ། །དེའི་བར་ལ་ཀླུ་སྒྲུབ་ཡབ་སྲས་དཔལ་གྱི་རི་ནས་སྤྱན་འདྲེན་པའི་འཕྲིན་ཡིག་ཆོས་སྐྱོང་བ་རྣམས་ལ་བཅོལ་བས། བྱ་རོག་གི་རྣམ་པ་ཅན་གྱིས་བྱུང་ཞིང་ཡི་གེ་བླངས་ནས་འཕགས་པའི་མདུན་དུ་བསྐྱལ་ལོ།།

འཕགས་པས་དེ་ཉིད་གཟིགས་པས་འཕྲལ་དེ་ལ་འབྱོན་པར་བརྩམས་པ་དང་། ཨཱརྻ་དེ་བས་གསོལ་པ། འཕགས་པ་ཉིད་འབྱོན་པར་མི་འཚལ་གྱི། བདག་ཅག་གིས་འདུལ་བར་ཞལ་གྱིས་འཆེས་སོ། །སློབ་དཔོན་གྱིས་ཀྱང་དེས་འདུལ་བའི་སྐལ་བ་ཡོད་པར་མཁྱེན་ནས་གནང་བ་སྩལ་ཏེ་བྱོན་པ་དང་། ལམ་ཁ་ཞིག་ཏུ་ལྗོན་པའི་ལྷ་མོ་ཞིག་གིས་འཕགས་པའི་སྤྱན་བསླང་དུ་བྱུང་བ་ལ། ཨུཏྤ་ལ་རྒྱས་པའི་འདབ་མ་ལ་ཅོ་འདྲིར་བྱེད་པའི་དབང་པོའི་དྭངས་མ་ཡ་གཅིག་དེ་ལ་བྱིན་ནོ།།

དེ་ནས་མཐར་གྱིས་ནཱ་ལེནྡྲར་བྱོན་ཏེ། ཐོག་མར་དྲིས་ལན་བླན་པའི་སྒོ་ནས་ང་རྒྱལ་གྱི་རི་བོ་རྣམ་པར་བསྙིལ་ལོ། །དངོས་གཞིའི་དུས་སུ་རྩོད་པའི་གྲལ་རིམ་སོ་སོར་འཁོད་པ་ལ། དེས་དེ་ལ་མིག་གཅིག་པ་འདི་ཅི་སྨྲ་ཞེས་དྲིས་པ་ལ། འཕགས་པས། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། ཨཱརྻ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། །ཞེས་བྱ་བ་ལ་སོགས་པས་ཐོག་དྲངས་ཏེ་སྒྲུབ་པ་དང་སུན་འབྱིན་པའི་ཚིག་གི་མེ་ལྕེ་རབ་ཏུ་མཆེད་པས་གཞུང་ལུགས་ངན་པའི་ཚང་ཚིང་མ་ལུས་པ་བསྲེགས་ཏེ། ཐུགས་རྗེ་དཔག་ཏུ་མེད་པའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་རྗེས་སུ་བཟུང་ཞིང་འགྲན་ཟླས་དབེན་པའི་པཎྜི་ཏ་ཆེན་པོ་ཉིད་དུ་བྱིན་གྱིས་བརླབས་སོ། །དེ་ལ་སོགས་པའི་སྒོ་ནས་བསྟན་པ་སྐྱོང་བའི་བུ་སློབ་ཀྱི་ཚོགས་ཀྱང་བགྲང་ལས་འདས་པ་བསྐྲུན་པ་དང་ཐམས་ཅད་མཁྱེན་པས་ལུང་བསྟན་པ་དང་རང་གི་སྨོན་ལམ་ཇི་ལྟར་བཏབ་པའི་འབྲས་བུ་ཡོངས་སུ་སྨིན་པར་མཛད་དོ།།

སྐབས་ཀྱི་དོན་ལ་བརྩམས་པའི་བསྟན་བཅོས་ཀྱི་སྒོ་ནས་བསྟན་པ་གསལ་བར་མཛད་པའི་ཚུལ་ནི། མཐའ་བྲལ་གྱི་དོན་རྒྱས་པར་སྟོན་པ་དབུ་མ་བཞི་བརྒྱ་པ་དང་། བསྡུས་ཏེ་སྟོན་པ་དབུ་མ་ལག་པའི་ཚད་དང་། དེ་ལ་རྩོད་པ་སྤོང་བ་འཁྲུལ་པ་ལྡོག་པའི་གཏན་ཚིགས་གྲུབ་པ་དང་། མཚན་ཉིད་དང་སྔགས་ཀྱི་གྲུབ་མཐའི་རྣམ་གཞག་སྟོན་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྔགས་ཀྱི་ཕྱོགས་ལ་སྔགས་ཀྱི་ལྟ་སྤྱོད་གཏན་ལ་འབེབས་པ་ལ་མདོ་རྒྱུད་རྟོག་པའི་ལུང་དང་བསྲེས་ནས་སྒྲུབ་པ་སྤྱོད་པ་བསྡུས་པའི་སྒྲོན་མ་དང་། རིགས་པས་གྲུབ་པ་སེམས་ཀྱི་སྒྲིབ་སྦྱོང་དང་། སྨིན་བྱེད་དབང་གི་ཆོ་ག་ལ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་དང་། བསྐྱེད་པའི་རིམ་པ་སྟོན་པ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་དང་། ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་དང་། གཏོར་མའི་ཆོ་ག །རྫོགས་པའི་རིམ་པ་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་ལ་སོགས་པ་རྣམས་མཛད་དོ།།

འདིའི་ལྟ་བ་ནི་ཀླུ་སྒྲུབ་དང་ཁྱད་པར་མེད་ལ། གཞུང་གི་བཀྲི་ཚུལ་ནི་ལྟ་སྤྱོད་ཆ་མཉམ་པ་བསྟན་པ་ཡིན་ནོ། །འདི་གཉིས་ཀྱིས་ཆོས་ཐམས་ཅད་མཐའ་བཞི་སྐྱེ་མེད་ཀྱི་རིགས་པས་གཏན་ལ་དབབ་ཚུལ་ལ་རང་རྒྱུད་པས་གཏན་ཚིགས་ཀྱི་ཚུལ་གསུམ་རང་རྒྱུད་དུ་གྲུབ་པ་དང་། ཐལ་འགྱུར་པས་ཕ་རོལ་པོས་ཁས་བླང་ནང་འགལ་དུ་བརྗོད་པའི་ལུགས་གཉིས་དང་། རང་སྟོང་དང་གཞན་སྟོང་འཆད་པའི་རྗེས་འབྲངས་དུ་མ་ཡོད་ཀྱང་མ་སྤྲོས་སོ།།

འཕགས་པ་ལྷ་བསྟན་པ་འཛིན་པའི་དུས་ཀྱི་རྒྱལ་པོ་ནི་པཱ་ལ་ཙནྡྲ་གུཔྟ་ཡིན་པར་གྲགས། སློབ་དཔོན་དེ་མཐར་ཡུལ་ཀིཉྩ་དང་ཉེ་བའི་རམ་ག་ནཱ་ཐ་ཞེས་བྱ་བར་སྐུ་འདས་སོ། །སྟོང་ཉིད་བདུད་རྩི་སྟོན་མཛད་ཀླུ་སྒྲུབ་ཡབ་སྲས་ཀྱི་སྐབས་དེ་དང་པོའོ།། །།

 

འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གྱི་ཡ་གྱལ་ཐོགས་མེད་སྐུ་མཆེད་ནི། ཇི་སྐད་དུ། འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡིས་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འགྲོ་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་པའི་ལུང་གིས་མངོན་པར་བསྔགས་པའི་སྐྱེས་བུ་དེ་དག་ཇི་ལྟར་བྱོན་པའི་ཚུལ་ནི། དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་སྟེ། དེའང་དང་པོ་ནི་ནང་པས་གཎྜཱི་བརྡུང་བའི་སྒྲ་ལ་བརྟགས་ནས་དེ་ལ་མུ་སྟེགས་པ་རྣམས་ཁྲོས་ནས་དམག་དྲངས་ཏེ་བསྣུབས་སོ།།

གཉིས་པ་ནི་སྟག་གཟིག་རྒྱལ་པོའི་སྐྱེས་ཀྱི་མཚན་མ་ལ་བརྟགས་ནས་ཁྲོས་ཏེ་དམག་དྲངས་ནས་བསྣུབས་སོ། །གསུམ་པ་ནི་མུ་སྟེགས་ཀྱི་སློང་མོ་བཤལ་ཆུས་གཏོར་བ་ལ་ཁྲོས་ཏེ་ཉི་མ་བསྒྲུབས་ནས་བསྣུབས་སོ། །ཨོ་ཊི་པའི་རྒྱལ་པོ་ཛ་ལེ་རུ་ཧ་ཞེས་པས་ཤར་ཕྱོགས་ཕལ་ཆེར་ལ་དབང་བསྒྱུར་བ་དེའི་ཚེ་བྲམ་ཟེ་མོ་པྲ་ཀཱ་ཤ་ཤཱི་ལཱ་ཞེས་བྱ་བ་ནང་པ་ལ་དད་པ་ཞིག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བསྟན་པའི་རྩ་བ་མངོན་པ་འདི་ནི་འདི་ལྟར་ནུབ་པར་གྱུར་ཀྱང་སླར་དར་བར་བྱེད་པ་ནི་གཞན་འགའ་ཡང་མི་སྣང་ན་བདག་ནི་བུད་མེད་ཀྱི་ལུས་སུ་སོང་བས་མི་ནུས་མོད་ཀྱི། འོན་ཀྱང་ལུས་ལས་ཁྱེའུ་བསྐྱེད་དེ། དེ་ལ་བསྟན་པ་དར་བར་བྱེད་དུ་གཞུག་གོ་སྙམ་སྟེ། རྒྱལ་རིགས་དང་འདུས་པ་ལས་ཐོགས་མེད་དང་། བྲམ་ཟེའི་རིགས་དང་འདུས་པ་ལས་དབྱིག་གཉེན་འཁྲུངས་སོ། །འཁྲུངས་མ་ཐག་ནས་དེ་དག་གི་ལྕེ་ལ་གྷི་ཝཾ་གིས་ཨ་ཡིག་འདྲི་བ་ལ་སོགས་པ་བློ་རྣོ་བའི་ཆོ་ག་རྣམས་བྱས་སོ། །ཆེར་སོན་པའི་ཚེ་བདག་ཅག་གི་ཕའི་ལས་གང་ཡིན་ཞེས་སྨྲས་པ་ལ། མ་དེས་འདི་སྐད་དུ། དེའི་ཕྱིར་ན་ཁྱེད་དག་བསྐྱེད་པ་མ་ཡིན་གྱི། བློ་སྦྱོང་གིས་བསྟན་པ་དར་བར་བྱོས་ཤིག་ཅེས་གདམས་སོ།།

གཞོན་ནུས་གཉིས་ཀྱང་དེ་ལྟར་བགྱིའོ་ཞེས་གཉིས་ཀའང་ཆུང་ངུ་ཉིད་ནས་རིག་པའི་གནས་ཐམས་ཅད་ལ་འཇུག་པའི་བློ་གྲོས་ཤིན་ཏུ་གསལ་བར་གྱུར་ཏེ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་སྦྱངས། དེ་ནས་གཅེན་གྱིས་ཐེག་པ་ཆེན་པོའི་བསྟན་པ་གསལ་བར་བྱེད་པ་ལ་དགོངས་ནས་རི་བོ་བྱ་རྐང་གི་ཕུག་ཏུ་བྱོན་ཏེ་ལོ་བཅུ་གཉིས་བར་དུ་བྱམས་པ་བསྒྲུབས་ཀྱང་གྲུབ་པའི་རྟགས་མཚན་མ་བྱུང་ནས་སྐྱོ་སྟེ་ཕ་རོལ་ཏུ་བྱོན་པ་ན། ཁྱི་མོ་ཁོག་སྨད་འབུས་གང་ཞིང་ཟ་བ་ལ་ཁོག་སྟོད་མ་ཤི་བར་ཟུག་པ་ཞིག་མཐོང་ནས། དེར་སྙིང་རྗེ་ལྷག་པར་སྐྱེས་ནས། འདི་ལྟར་འབུ་འདི་དག་ནི་བསལ་ན་འཆི་བར་འགྱུར་ལ། མ་བསལ་ན་ནི་ཁྱི་མོ་འཆི་བར་འགྱུར་གྱི་དེ་བས་ན་རང་གི་ལུས་ལས་ཤ་བཅད་དེ་འབུ་རྣམས་དེར་བསལ་བར་བྱའོ་སྙམ་སྟེ། གྲོང་ཁྱེར་དུ་བྱོན་ནས་གསེག་ཤང་གཏེང་པར་བཅུག་སྟེ། སྤུ་གྲི་གཡར་ནས་ལུས་ཀྱི་ཤ་བཅད་དེ། སྲོག་ཆགས་ཕྲོ་མོ་དེ་དག་ལག་པས་བསལ་ན་ནི་ཤི་བའི་དོགས་པས་སྤྱན་བཙུམ་བཞིན་པར་ལྗགས་ཀྱི་རྩེ་མོས་ལེན་པར་བརྩམས་པ་ན་དེ་ཉིད་དུ་ཁྱི་མོ་མེད་པར་རྗེ་བཙུན་གྱི་སྐུ་འོད་དང་འོད་ཟེར་ལྷམ་མེར་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་ཡུས་པའི་ཚུལ་གྱིས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་ཆེན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབེབས། །བདག་གིས་དེ་ཙམ་བསྒྲུབས་ན་རྟགས་ཀྱང་མ་བྱུང་བས་ཐུགས་རྗེ་རེ་ཆུང་ཞེས་གསོལ་བ་དང་རྗེ་བཙུན་གྱིས། ལྷ་ཡིས་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ང་དང་པོ་ཉིད་ནས་ཡོད་ཀྱང་ཁྱོད་རང་གི་ལས་ཀྱི་སྒྲིབ་པས་མ་མཐོང་བར་ཟད་དོ།།

ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་ལས་ཀྱི་སྒྲིབ་པ་བྱང་ནས་མཐོང་བ་ཡིན་ནོ། །ཞེས་དང་། ཁྱོད་ཀྱི་འདོད་པ་ཅི་ཞིག་གསུངས་པ་ལ། ཐེག་པ་ཆེན་པོ་དར་བར་ཞུས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་ཡུད་ཙམ་གྱིས་དགའ་ལྡན་གྱི་གནས་སུ་ཁྲིད་དེ། ལྷའི་སྐད་ཅིག་ཏུ་བཞུགས་ནས། ཡུམ་གྱི་མདོ་རྣམས་དང་། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་དང་། ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་དང་། དེ་དག་གི་དོན་སྟོན་པའི་བསྟན་བཅོས་བྱམས་ཆོས་ལྔ་རྣམས་གསན་ཏེ་མི་ཡུལ་དུ་བྱོན་ནས། དབྱིག་གཉེན་ལ་སོགས་པའི་སློབ་མའི་ཚོགས་དཔག་ཏུ་མེད་པ་བསྐྲུན་ནོ།།

བརྩམས་པའི་སྒོ་ནས་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་ནི། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང་། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་དང་། ཐེག་པ་ཐུན་མོང་བའི་སྡོམ་ཆོས་མངོན་པ་ཀུན་ལས་བཏུས་པ་གཉིས་དང་བྱམས་ཆོས་ལྔ་ཡང་ཡི་གེར་བཀོད་དོ། །མངོན་རྟོགས་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་པར་ངེས་པ་དང་། རྒྱུད་བླ་མའི་འགྲེལ་པ། མདོ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་དང་། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་ཅིང་། འོད་བྱེད་པའི་ས་མངོན་དུ་མཛད་དེ། མདོར་ན་ལོ་གྲངས་ཕྱེད་དང་ཉིས་བརྒྱའི་བར་དུ་བསྟན་པ་ལ་བྱ་བ་བྱས་སོ་ཞེས་གྲགས་སོ།།

སློབ་དཔོན་དེས་སྲོལ་འབྱེད་པ་ནི། རྒྱ་ཆེན་སྤྱོད་རྒྱུད་དེ། དེ་ཡང་བྱམས་ཆོས་སྡེ་ལྔ་དང་། ས་སྡེ་ལྔ། སྡོམ་རྣམ་གཉིས་ཏེ་དེ་དག་གི་དོན་ནི། རྣལ་འབྱོར་སྤྱོད་པའི་ས་ནི་བཅུ་བདུན་ལྟ་བ་བྱ་སྟེ། དེ་ཉིད་ལས། རྣམ་ཤེས་ལྟ་དང་ལྡན་པ་དང་། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་བཅས་ལ་སོགས་པ་དང་། །ཏིང་འཛིན་བཅས་དང་མ་ཡིན་དང་། །སེམས་ཡོད་པ་དང་སེམས་མེད་དག །ཐོས་དང་བསམས་དང་བསྒོམས་པ་དང་། །དེ་བཞི་ཐེག་པ་གསུམ་ལྡན་དང་། །ཕུང་པོ་བཅས་དང་ཕུང་མེད་གཞན། །ཞེས་པས་བསྟན་ལ། ཉན་ཐོས་ཀྱི་ས་ལ་དོན་རྣམ་པ་གསུམ་སྟེ། རིགས་དང་འཇུག་དང་ངེས་འབྱུང་བའི། །མིང་དུ་བྱས་པའི་ས་གསུམ་མོ། །དེ་དག་རྣམས་ནི་མདོར་བསྡུ་ན། །ཉན་ཐོས་ཀྱི་ནི་ས་ཞེས་བྱ། །ཞེས་གསུངས་སོ། །བྱང་ས་ནི། གཞི་དང་རྟགས་དང་ཕྱོགས་རྣམས་དང་། །ལྷག་པའི་བསམ་དང་གནས་པ་དང་། །སྐྱེ་དང་ཡོངས་སུ་འཛིན་དང་ས། །སྤྱོད་དང་རབ་གནས་ཐ་མ་ཡིན། །ཞེས་དོན་བཅུས་བསྟན་ཏོ།།

རྣམ་པར་གཏན་ལ་དབབ་པ་བསྡུ་བ་ནི་མཁས་པར་འགྱུར་བའི་དོན་ཏེ། དེ་ཉིད་ལས། འདི་མན་ཆད་ནི་ས་དེ་དག་ཉིད་ཀྱི་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་བརྗོད་པར་བྱ་སྟེ། རྣམ་པར་གཏན་ལ་དབབ་པ་ལ་བརྟེན་ནས་ཐམས་ཅད་ཀྱི་དྲིས་པ་ལ་ལན་གདབ་པ་ལ་མཁས་པར་འགྱུར་རོ། །ཞེས་གསུངས་པས་སོ། །གཞི་བསྡུ་བ་གང་ཞེ་ན། གནས་གསུམ་གྱིས་གཞི་བསྡུ་བར་འགྱུར་ཏེ། འདི་ལྟ་སྟེ། མདོ་སྡེའི་གཞི་དང་། འདུལ་བའི་གཞི་དང་། མ་མོའི་གཞིའོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ནི་ཉན་ཐོས་དང་ཐུན་མོང་བ་སྟེ། དེ་ཉིད་ལས། དུ་དང་ཅི་ཕྱིར་ཉེར་ལེན་དང་། །མཚན་ཉིད་དེ་ཡི་རྣམ་གཞག་དང་། །གོ་རིམ་དོན་དང་དཔེ་དབྱེ་དང་། །བསྡུས་ལ་སོགས་པ་རྣམ་པ་བཞི། །བསྡུས་དང་མཚུངས་ལྡན་ལྡན་པ་དང་། །རྣམ་པར་ངེས་པ་བཞིར་དབྱེ་སྟེ། །བདེན་དང་ཆོས་ཐོབ་འབེལ་གཏམ་ནི། །རྣམ་པར་ངེས་པའི་དབྱེ་བ་སྟེ། །ཀུན་ལས་བཏུས་པའི་སྤྱི་སྡོམ་ཡིན། །ཞེས་གསུངས་པས་སོ།།

ཐེག་པ་ཆེན་པོ་བསྡུ་བ་ལ་དོན་བཅུ་སྟེ། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །བསྟན་འདི་འདི་ལྟར་གཞན་ན་མ་མཐོང་ལ། །འདི་དག་བྱང་ཆུབ་མཆོག་གི་རྒྱུར་མཐོང་བས། །གནས་བཅུ་བསྟན་པས་ཁྱད་ཞུགས་གང་ཡིན་པ། །ཐེག་པ་ཆེན་པོ་སངས་རྒྱས་བཀར་འདོད་དོ། །ཅིའི་ཕྱིར་གནས་བཅུ་འདི་དག་གི་གོ་རིམ་འདི་ལྟར་བསྟན་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་ཉིད་དུ་རེ་ཞིག་ཆོས་རྣམས་ཀྱི་རྒྱུ་ལ་མཁས་པ་ལ་བརྟེན་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱའོ།།

དེའི་འོག་ཏུ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའི་ཉེས་པ་ཡོངས་སུ་སྤང་བ་ལ་མཁས་པ་ཉེ་བར་བཟུང་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དེ་དག་གི་མཚན་ཉིད་ལ་མཁས་པར་བྱའོ། །དེ་ལྟར་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཤིན་ཏུ་བཟུང་བ་རྟོགས་པར་བྱ་སྟེ། དེས་སྒྲིབ་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་འོག་ཏུ་ཤེས་བྱའི་མཚན་ཉིད་བརྟགས་ནས་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་བསྟེན་ཏེ། སྔོན་སྦྱོར་བ་ཅན་གྱི་ཕ་རོལ་ཕྱིན་པ་དྲུག་པོ་དག་རྟོགས་པར་བསྒྲུབ་པར་བྱའོ། །དེའི་འོག་ཏུ་ལྷག་པའི་བསམ་པ་རྣམ་པར་དག་པས་ཡོངས་སུ་བཟུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པ་དེ་དག་ས་བཅུ་དག་ཏུ་རབ་ཏུ་ཕྱེ་སྟེ། བསྐལ་པ་གྲངས་མེད་པ་གསུམ་དུ་བསྒོམས་པར་བྱའོ།།

དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་པོ་དག་ཡོངས་སུ་རྫོགས་པར་བྱའོ། །ཡོངས་སུ་རྫོགས་ནས་དེའི་འབྲས་བུ་མྱ་ངན་འདས་པ་དང་། བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ་སྟེ། གནས་བཅུ་པོ་དེ་དག་གི་གོ་རིམ་ནི་དེ་ལྟར་བསྟན་ཏོ། །བསྟན་པ་འདི་ནི་ཐེག་པ་ཆེན་པོ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་རེ་ཞིག་ཐོག་མ་ཁོ་ནར་ཀུན་གཞི་རྣམ་པར་ཤེས་པ་ནི་ཤེས་བྱའི་གནས་སོ་ཞེས་བརྗོད་པ་བཅོམ་ལྡན་འདས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྟན་པས། ཀུན་གཞི་རྣམ་པར་ཤེས་པ་གང་དུ་བསྟན་ཞེ་ན། བཅོམ་ལྡན་འདས་ཀྱི་ཆོས་མངོན་པའི་མདོ་ལས་ཚིགས་སུ་བཅད་དེ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་གསུངས་སོ།།

ཡང་དེ་ཉིད་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞི་རྣམ་ཤེས་ཏེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་ཐོགས་མེད་ཀྱིས་ནི། ཐ་སྙད་དུ་འཁོར་འདས་ཀུན་གྱི་གནས་ཀུན་གཞི་བསྟན་པ་ལ་སོགས་པ་ཆོས་བཅུ་བསྟན་པ་དང་། མཐར་ཐུག་ཏུ་སྤྲོས་པ་ཐམས་ཅད་དང་བྲལ་བས། ཉན་ཐོས་ཀྱི་ཐེག་པ་ལས། ཐེན་ཆེན་ཁྱད་པར་འཕགས་པར་བཞེད་དེ། བྱང་ས་ལས། རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པ་དང་ཡིད་ཀྱི་རྣམ་པར་གཏན་ལ་དབབ་པ་ནི་ས་བོན་གྱི་གནས་ཀུན་གཞི་རྣམ་པར་ཤེས་པ་ཞེས་གང་སྨོས་པའོ། །དེ་ཡོད་པ་དང་རབ་ཏུ་དབྱེ་བ་ནི་མ་བསྟན་ཏེ། །ཅིའི་ཕྱིར་མ་བསྟན་པ་དང་། ཇི་ལྟར་ན་དེ་ཡོད་པ་ཉིད་དང་། །རབ་ཏུ་དབྱེ་བ་རིག་པར་བྱ་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་གསང་སྟེ་བསྟན་ཅིང་། རྣམ་པར་གཞག་པ་ཡིན་པས་ན། དེའི་ཕྱིར་མ་བསྟན་ཏེ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་དབབ། །བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་ནི། །རྣམ་པ་བརྒྱད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་མེད་ན་གནས་ལེན་པ་མི་སྲིད་པ་དང་། དང་པོ་འཇུག་པ་མི་སྲིད་པ་དང་། གསལ་བར་འཇུག་པ་མི་སྲིད་པ་དང་། ས་བོན་ཉིད་མི་སྲིད་པ་དང་། ལས་མི་སྲིད་པ་དང་། ལུས་ཀྱི་ཚོར་བ་མི་སྲིད་པ་དང་། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང་། རྣམ་པར་ཤེས་པའི་འཆི་འཕོ་མི་སྲིད་པས་སོ། །ཞེས་དང་། ནང་གི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། གསོ་བའི་རིག་པ་དང་། སྒྲ་རིག་པ་དང་། བཟོ་རིག་པ་དང་། རྣམ་པར་མི་རྟོག་པ་སྤྲོས་པ་ཐམས་ཅད་བྲལ་བ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ། སྤྱིའི་མཚན་ཉིད་ཆེན་པོ་ལ་ཞུགས་པ། ཤེས་བྱའི་མཐར་ཕྱིར་པ། སྒྲོ་འདོགས་པ་དང་། བསྐུར་བ་དང་། བསྐུར་བ་འདེབས་པའི་མཐའ་གཉིས་རྣམ་པར་སྤངས་པའི་ཕྱིར། དབུ་མའི་ལམ་དུ་འགྲོ་བ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཁོང་དུ་ཆུད་ཅིང་རྟོགས་པའི་ཤེས་རབ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ།།

དེ་དག་གི་ཉམས་ལེན་མདོར་བསྡུ་ན། ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་ཅིང་སྐྱོན་གྱི་རྣམ་པ་གང་ཡང་མེད་པའི་གང་ཟག་ཟླ་མེད་པ་སངས་རྒྱས་དཀོན་མཆོག །དེ་དང་བྱང་སེམས་ཕྱིར་མི་ལྡོག་པ་རྣམས་ཀྱི་ཐུགས་རྒྱུད་ལ་ཞུགས་པའི་ལུང་དང་རྟོགས་པའི་ཆོས་ཇི་ལྟ་བ་དང་ཇི་སྙེད་པ་ཆོས་དཀོན་མཆོག །དེ་དག་ཚུལ་བཞིན་སྒྲུབ་པའི་བྱང་སེམས་ཕྱིར་མི་ལྡོག་པ་དགེ་འདུན་དཀོན་མཆོག་སྟེ་དེ་ལ་སྐྱབས་སུ་འགྲོ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེའི་རྒྱུ་བྱམས་པ་དང་སྙིང་རྗེ་བསྐྱེད་པ་སྟེ། དང་པོ་བྱམས་པ་ནི། རང་གི་རྩ་བའི་མ་ལ་སྒོམ་ཞིང་མ་ཡང་། མདོ་ལས། སེམས་ཅན་གཅིག་གིས་མ་བྱས་ཏེ། །ནུ་ཞོ་འཐུང་བ་གང་ཡིན་པ། །རྒྱ་མཚོ་བཞི་ལའང་དེ་ཙམ་མེད། །སེམས་ཅན་གཅིག་གིས་ཕ་བྱས་ཏེ། །རྟ་དང་གླང་པོ་བྱིན་པ་རྣམས། །ཚངས་པའི་འཇིག་རྟེན་ལས་ཀྱང་བརྒལ། །ཞེས་གསུངས་སོ།།

དེས་ན་ཕ་མ་མ་བྱས་པའི་སེམས་ཅན་མེད་ལ། མ་བྱས་རེས་ཀྱིས་ཕན་ཚད་མེད་པ་བཏགས་ཏེ། དེའང་མངལ་དུ་ཆགས་དུས་ཟླ་བ་དགུ་འམ་བཅུའི་བར་དུ་ལུས་ལྗི་བ་དང་། ངལ་བ་དང་། དེ་ནས་བཙས་པའི་དུས་སུ་རང་གི་ལུས་སེམས་བྲལ་བ་ལ་ཐུག་པའི་སྡུག་བསྔལ་བྱུང་ཡང་བཟོད་པར་བྱས་ཏེ། སྐྱེས་ནས་བརྡ་དོན་མི་ཤེས་ཤིང་ཅིའང་མི་ནུས་པ་རོ་ཁའི་འབུ་ལྟ་བུར་ཡོད་པ་ལ་བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། ཟས་ཞིམ་པ་ལྕེས་བསྙོད། མི་གཙང་བ་ལག་པས་ཕྱིས། སོར་མོ་བཅུའི་ཁ་ལ་བླངས། ཟས་གོས་ལ་སོགས་པ་ཅི་ནུས་སུ་སྦྱར། གནོད་པ་མཐའ་དག་བསལ། ཆེར་སྐྱེས་ནས་རང་གི་སྲོག་དང་བསྡོས་པའི་ནོར་གཅེས་པ་བྱིན། འབྲི་ཀློག་ལ་སོགས་པ་བསླབ་བྱའི་རིགས་ཀུན་བསླབས། མདོར་ན་ཕན་བཏགས་ཤིང་གནོད་པ་ཀུན་ལས་བསྐྱབས་པ་ལ་སོགས་དྲིན་ཅི་ཡོད་བསམ་མོ།།

དྲིན་ཅན་གྱི་མ་འདི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱའོ་སྙམ་པ་སེམས་བསྐྱེད་དང་འབྲེལ་བ་དང་། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ་དང་། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་སྨོན་ལམ་དང་འབྲེལ་བ་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །སྙིང་རྗེ་ནི་བདག་གི་མ་འདི། འདོད་པ་བདེ་བ་འདོད་ཀྱང་། བདེ་བའི་རྒྱུ་དགེ་བ་སྒྲུབ་མི་ཤེས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། སྡུག་བསྔལ་གྱི་རྒྱུ་སྤང་མ་ཤེས། བདག་གི་དྲིན་ཅན་མ་འདི་སྡུག་བསྔལ་དང་ལྡན། བདེ་བ་དང་བྲལ་འདུག་པ་སྙིང་རེ་རྗེ་ན། འདི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་དགོས་པ་ལ། མ་རང་གི་གནས་ལུགས་ལ་བལྟས་པས་སྡུག་བསྔལ་དེ་དང་དེའི་རྒྱུ་དང་ལྡན། དེ་ལོངས་སྤྱོད་དུ་འཇུག་པ་སྙིང་རེ་རྗེ། སྡུག་བསྔལ་འདི་ལྟ་བུ་དང་བྲལ་བར་བྱའོ། །སྙམ་པ་སེམས་བསྐྱེད་དང་འབྲེལ་བ་སོགས་བྱམས་པ་བསྒོམ་པའི་སྐབས་ལྟར་བྱ་ཞིང་བསྒོམ་མོ།།

དེ་ནས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་སྟེ། དང་པོ་སྦྱིན་པ་ནི། གཏོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་སྟེ། དབྱེ་ན་ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པ་གསུམ་མོ། །ཚུལ་ཁྲིམས་ནི་ཁ་ན་མ་ཐོ་བ་སྤོང་བའི་སེམས་པ་སྟེ། དབྱེ་ན་ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །བཟོད་པ་ནི་སྲན་ཐུབ་པའི་སེམས་པ་སྟེ། དབྱེ་ན་གནོད་བྱེད་ཀྱིས་མི་འབྱེད་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་གསུམ་མོ། །བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའི་སེམས་པ་སྟེ། དབྱེ་ན་གོ་ཆ། སྦྱོར་བ། ཆོག་པར་མི་འཛིན་པའི་བརྩོན་འགྲུས་གསུམ་མོ། །བསམ་གཏན་ནི་དམིགས་པ་རྩེ་གཅིག་པ་སྟེ། དབྱེ་ན་མཐོང་ཆོས་ལ་བདེ་བར་གནས་པ་དང་། ཡོན་ཏན་མངོན་པར་བསྒྲུབ་པ་དང་། གཞན་གྱི་དོན་བྱེད་པའི་བསམ་གཏན་གསུམ་མོ། །ཞེས་རབ་ནི་དོན་དམ་ཤེས་པ་སྟེ། དབྱེ་ན་རྣམ་པར་མི་རྟོག་པའི་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པའི་ཤེས་རབ་གསུམ་མོ། །འབྲས་བུ་ལ་སོ་སོའི་འབྲས་བུ་དང་། ཐུན་མོང་གི་འབྲས་བུ་གཉིས་ལས། དང་པོ་ལ་རེ་རེ་ལའང་འབྲས་བུ་ལྔ་ལྔ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་བདག་གཞན་ལ་ཕན་པ་དང་། བདག་པོའི་འབྲས་བུ་བསོད་ནམས་འབྱུང་བ་དང་། བྲལ་བའི་འབྲས་བུ་སེར་སྣ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སྤོང་བ་དང་། རྣམ་སྨིན་གྱི་འབྲས་བུ་ལོངས་སྤྱོད་སོགས། རྒྱུ་མཐུན་གྱི་འབྲས་བུ་གཏོང་བ་སོགས་སྔོན་གྱི་ལས་དེ་བྱེད་པར་འགྱུར་བའོ། །ཐུན་མོང་གི་འབྲས་བུ་ནི་ཐམས་ཅད་ཀྱང་ཡོངས་སུ་བསྔོ་བས་བསྒྱུར་ན་རྒྱ་མཚོ་ཆེན་པོའི་ཆུ་ལྟར་རྫོགས་པའི་བྱང་ཆུབ་ཉིད་དུ་རོ་གཅིག་ཏུ་འགྱུར་བའོ།།

སྤྱིར་དལ་འབྱོར་གྱི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འཕྲད། བཅོས་མ་མ་ཡིན་པའི་བློ་སྐྱེས་ནས་དམ་པའི་ཆོས་ཕྱིན་ཅི་མ་ལོག་པ་ཅིག་བྱེད་དགོས། དེ་ལ་ཞེན་པ་བཞི་དང་བྲལ་བ་ཅིག་ཉམས་སུ་ལེན་དགོས། དེ་གང་ཞེ་ན། ཚེ་འདི་ལ་མ་ཞེན་པ། ཁམས་གསུམ་འཁོར་བ་ལ་མ་ཞེན་པ། བདག་གི་དོན་ལ་མ་ཞེན་པ། དངོས་པོ་དང་མཚན་མ་ལ་མ་ཞེན་པའོ། །དེ་བཤད་ན། ཚེ་འདི་ཆུའི་ཆུ་བུར་དང་འདྲ་བས་ནམ་འཆི་ངེས་པ་མེད་པས་ཞེན་པ་བྱ་རིན་མི་ཆོག  །ཁམས་གསུམ་འཁོར་བ་འདི་དུག་གི་འབྲས་བུ་དང་འདྲ་བས་འཕྲལ་ཞིམ་ཡང་ཕུགས་སུ་གནོད་པ་སྐྱེལ། སུ་ཞེན་པར་བྱེད་པ་ཚོ་འཁྲུལ། རང་གི་དོན་ལ་ཞེན་ན་དགྲ་བོའི་བུ་གསོས་པ་དང་འདྲ། འཕྲལ་དགའ་དགའ་ལྟར་བྱེད་ཀྱི་ཕུགས་སུ་རང་ལ་གནོད་པ་སྐྱེལ་ངེས། དེས་ན་རང་དོན་ལ་ཞེན་ན་འཕྲལ་བདེ་ཡང་ཕུགས་ངན་སོང་དུ་འགྲོའོ། །དངོས་པོ་དང་མཚན་མ་ལ་མངོན་པར་ཞེན་ན་སྨིག་སྒྱུ་ལ་ཆུར་འཛིན་པ་དང་འདྲ། འཕྲལ་ཆུར་སྣང་ཡང་བཏུང་རྒྱུ་མེད། འཁོར་བ་འདི་བློ་འཁྲུལ་པ་ལ་སྣང་ཡང་ཤེས་རབ་ཀྱིས་བརྟགས་ན་ངོ་བོར་གྲུབ་པ་ཅི་ཡང་མེད། དེས་ན་འདས་པ་ལ་སེམས་མི་གཞུག །མ་འོངས་པ་ལ་སེམས་མི་གཞུག །ད་ལྟ་བ་ལ་རྣམ་པར་ཤེས་པ་མི་གཞུག་པ་ཞིག་གོ་བར་བྱས་ནས། ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པར་བྱའོ།།

དེ་ལྟར་བྱས་པས་ཚེ་འདི་ཉིད་ལ་མ་ཞེན་པས་ངན་སོང་དུ་མི་སྐྱེ། ཁམས་གསུམ་ལ་མ་ཞེན་པས་འཁོར་བར་མི་སྐྱེ། བདག་གི་དོན་ལ་མ་ཞེན་པས་ཉན་རང་དུ་མི་སྐྱེ། དངོས་པོ་དང་མཚན་མ་ལ་མ་ཞེན་པས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཡང་ན་འདི་ལ་དོན་བདུན་སྟེ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་དང་། དངོས་བཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་དང་། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ་དང་། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་དང་། བློ་སྦྱངས་པའི་ཚད་བསྟན་པ་དང་། བློ་སྦྱོང་གི་དམ་ཚིག་བསྟན་པ་དང་། བློ་སྦྱོང་གི་བསླབ་བྱ་བསྟན་པའོ། །དེ་ལྟ་བུའི་སློབ་དཔོན་དེ་མཐར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་འདས་སོ།།

 

སློབ་དཔོན་དེའི་གཅུང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་བཞི་པ་མང་དུ་ཐོས་པའི་མཁས་མཆོག་དབྱིག་གཉེན་ནི། རྒྱུད་དེ་ཉིད་ལས། ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་པ་དེ་གཙོ་བྱེད། །མཆོད་རྟེན་ཀུན་དགའ་ར་བར་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་བའི། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། །ཞེས་དུས་གསུམ་གཟིགས་པ་མཆོག་གིས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་སྟེ། འདིས་ཁ་ཆེར་སློབ་དཔོན་སཾ་གྷ་བྷ་དྲའི་དྲུང་དུ་བྱོན་ནས་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། མངོན་པ་སྡེ་བདུན་ལ་སོགས་པ་གསན་ཅིང་སྦྱངས་པས་མཐར་ཕྱིན་པར་མཛད་དོ།།

དེ་ནས་ཤྲཱི་ནཱ་ལེནྡྲར་བྱོན་པས་དེ་ཉིད་དུ་གཅེན་གྱིས་ཐེག་པ་ཆེན་པོའི་བསྟན་བཅོས་ཀྱི་རྣམ་གྲངས་མང་པོ་བརྩམས་ནས་བསྟན་པ་སྤེལ་གྱིན་བཞུགས་པ་ཐོས་པས། དེ་ལ་ཅུང་ཟད་མ་རངས་པའི་རྣམ་འགྱུར་གྱིས་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ལ་བསྟིངས་པའི་ཚིག་གིས་འདི་ལྟར། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་སྨྲས་སོ། །དེ་གཅེན་གྱིས་གསན་ནས་ཚུལ་བཞིན་མིན་པའི་ལོག་སྒྲུབ་ཏུ་མཁྱེན་ནས་དེ་མ་བསལ་ན་མི་བཏུབ་པར་དགོངས་ནས། རང་གི་སློབ་མ་གཉིས་ལ་མདོ་སྡེ་ས་བཅུ་པ་དང་། བློ་གྲོས་མི་ཟད་པས་བསྟན་པ་གཉིས་དེའི་ཐད་དུ་སྲོད་དང་ཐོ་རངས་ཀྱི་དུས་སུ་ཁ་ཏོན་བྱེད་དུ་བཏང་ནས། དེ་དག་གིས་ཀྱང་དེ་བཞིན་དུ་བྱས་སོ།།

དེའི་དུས་ན་དབྱིག་གཉེན་གྱིས་མདོ་འདོན་པ་གསན་པས་སྲོད་ལ་ཐེག་པ་ཆེན་པོ་རྒྱུ་བཟང་བ་ཙམ་གྱིས་རྟོགས། ཐོ་རངས་རྒྱུ་འབྲས་གཉིས་ཀ་བཟང་པོར་རྟོགས་ནས་སྔར་གྱི་སྐུར་བ་བཏབ་པ་རྗེས་སུ་དྲན་ཅིང་འགྱོད་པས་རང་གི་ལྕེ་གཅོད་པར་བརྩམས་སོ། །དེར་མདོ་འདོན་པ་གཉིས་ཀྱི་མཆེད་དུ། དེས་སྒྲིབ་པ་སྦྱོང་བར་མི་འགྱུར་གྱི། དེ་བས་ཕུ་བོ་ཅན་དུ་གཤེགས་ན་དེ་ལ་སྒྲིབ་པ་སྦྱོང་བའི་ཐབས་མངའ་འོ་ཞེས་སྨྲས་པ་དང་། ཐོགས་མེད་ཀྱི་དྲུང་དུ་བྱོན་ནོ། །དེར་ཐོག་མ་ཉིད་དུ་ཆོས་ཀྱི་འབེལ་གཏམ་འགའ་ཞིག་བྱས་པས། གཅུང་པོ་ནི་སྤོབས་པ་མྱུར་ཞིང་ལན་ཐོགས་པ་མེད་པར་འབྱུང་བ་དང་། གཅེན་པོ་དེ་ལས་ཅུང་ཟད་བུལ་ཞིང་ལན་བཟང་པོ་བྱུང་བ་ལ། གཅེན་གྱི་གསུང་ལས་ཁྱོད་ནི་སྐྱེ་བའི་ཕྲེང་བ་ལྔ་བརྒྱར་པཎྜི་ཏར་གྱུར་པས་ད་ལྟ་ཡར་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ་ཡིན་ལ། ང་ནི་དེ་ལྟ་བུ་མ་ཡིན་པས་ལྷག་པའི་ལྷ་ལ་འདྲི་ཡིན་ལན་སྨྲ་བ་ཡིན་ནོ་ཞེས་བྱུང་བས། དེར་ལྷག་པར་དད་ནས། དེ་ཉིད་བདག་ལ་བསྟན་དུ་གསོལ། །ཞེས་གསོལ་བ་བཏབ་པས། རྗེ་བཙུན་ལ་འདྲི་ཡི་གསུངས་ནས་ཞུས་པ་དང་། བྱམས་པས། འདི་སོ་སོ་སྐྱེ་བོ་ཡིན་ཞིང་ཐེག་པ་ཆེན་པོ་ལ་སྐུར་བ་བཏབ་པས་ཚེ་འདི་ལ་མཐོང་བའི་སྐལ་བ་མེད་པས། ལས་སྒྲིབ་ཟད་པར་བྱེད་པའི་ཐབས་སུ་ཐེག་ཆེན་གྱི་མདོའི་འགྲེལ་པ་མང་པོ་བརྩམས་པ་དང་། གཙུག་ཏོར་རྣམ་པར་རྒྱལ་མ་ཡི་དམ་དུ་བགྱིས་ན། ཕྱི་མའི་དུས་ན་མཇལ་བར་ལུང་བསྟན་པ་དེ་ལྟར་བསྙད་པར་ཤིན་ཏུ་ཡིད་ཆེས་ཏེ། དེའི་ཚེ། ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་འདོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་མགྲིན་པར་སོང་བ་མེད། །ཅེས་སྨྲས་སོ།།

སློབ་དཔོན་འདི་བྷ་ག་བི་ཧ་ར་ཞེས་བྱ་བ་ན་ཟངས་ཆེན་འབྲུ་མར་གྱིས་བཀང་བའི་ནང་དུ་བཞུགས་ནས་འབུམ་སྡེ་བརྒྱད་ཅུའམ་དགུ་བཅུ་རྩ་དགུ་ཐུགས་ལ་བཅང་བ་ཞལ་ཏོན་དུ་མཛད་ཅིང་། མཁས་པའི་ཚོགས་ཀྱི་སློབ་མའང་འདི་ལས་མང་བར་མ་བྱུང་བར་མངོན་ནོ། །འདིས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་བརྩམས་ཏེ་སྐྱེས་དང་བཅས་པ་སློབ་དཔོན་འདུས་བཟང་ལ་བསྐུར་བས་ཤིན་ཏུ་མཉེས་ནས། དེའི་འགྲེལ་པ་མདོ་དང་མཐུན་པ་ཞེས་བྱ་བ་ཡང་བྱས་སོ། །བརྩམས་པའི་བསྟན་བཅོས་ཀྱི་ཉི་མས་སྟོབས་བཅུ་མངའ་བའི་བཞེད་པ་གསལ་བར་མཛད་པའི་ཚུལ་ནི། བཀའ་འཁོར་ལོ་དང་པོ་བསྟན་པའི་གཞིར་བཟུང་ནས་ཆོས་ཐམས་ཅད་ཀྱི་མཚན་ཉིད་གཏན་ལ་འབེབས་པ་མཛོད་རྩ་བ་རང་འགྲེལ་དང་བཅས་པ་མཛད་དེ། རང་འགྲེལ་འདི་ཉིད་བརྩམས་ནས་སློབ་དཔོན་འདུས་བཟང་ལ་བསྐུར་བས། ཅུང་ཟད་མ་མཉེས་པར་རྩ་བ་སུན་འབྱིན་གྱི་འགྲེལ་པ་འདི་ལུང་རིགས་ཀྱིས་ཚར་བཅད་དེ་ཕམ་པར་བྱ་བར་དགོངས་ནས། བསྟན་བཅོས་ལན་གྱི་ཕུང་པོ་ཞེས་པའང་བརྩམས་ཏེ་རྒྱ་གར་དུ་བྱོན་པར་ཆས་པ་ན། དེ་སློབ་དཔོན་དབྱིག་གཉེན་གྱིས་གསན་ནས། སློབ་དཔོན་འདི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་མཁས་པ་ཡིན་པས་བཟློག་པར་ཡང་དཀའ་ཞིང་། བཟློག་པའི་དགོས་པ་ཡང་མེད་པས་བདག་ནི་རང་བྱུང་གི་མཆོད་རྟེན་བལྟར་འགྲོའོ་ཞེས་བསྒྲགས་ཏེ་བལ་ཡུལ་དུ་བྱོན་ནོ། །ཞེས་གྲགས་སོ།།

འཁོར་ལོ་བར་པའི་དགོངས་འགྲེལ་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་སྟོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་འགྲེལ་དང་། འཁོར་ལོ་ཐ་མ་ངེས་དོན་དུ་བཤད་པ། པྲ་ཀཱ་ར་ཎ་སྡེ་བརྒྱད་དང་། གཞན་ཡང་ས་བཅུ་པ་དང་། བློ་གྲོས་མི་ཟད་པས་བསྟན་པ་དང་། ག་ཡ་གོ་རིའི་མདོ་དང་། ཆོས་བཞི་པའི་མདོ་དང་། སྒོ་དྲུག་པའི་གཟུངས་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལ་སོགས་པ་བཀའ་དང་བསྟན་བཅོས་ཀྱི་འགྲེལ་པ་མང་དུ་མཛད་དེ། སློབ་དཔོན་དེའི་བསྟན་བཅོས་ཀྱི་དོན་ནི། བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་བརྟེན་ནས། མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། ཆོས་མངོན་པ་ཐམས་ཅད་ཀྱི་མཛོད་ལྟ་བུ་ཞིག་སྟེ། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲངས་བཅས། །དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ། །དེ་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །ཅེས་སོ།།

དེས་འཁོར་འདས་ཀྱི་ཆོས་རྣམས་ཟག་བཅས་ཟག་མེད་གཉིས་སུ་བསྡུས་ཏེ། ཟག་བཅས་ཟག་མེད་སྤྱིར་བཤད་པ་དང་། ཟག་བཅས་བྱེ་བྲག་ཏུ་བཤད་པ་དང་། ཟག་མེད་བྱེ་བྲག་ཏུ་བཤད་པ་ལ་གནས་བརྒྱད་ཀྱིས་བསྟན་པར་མཛད་དེ། དང་པོ་སྤྱིར་བསྟན་པ་ནི། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་གསུངས་ཏེ། དེ་དག་དབྱེ་ན་ཕུང་པོ་ལྔ། སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བརྒྱད་དུ་དབྱེ་སྟེ། ཕུང་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་མཚན་ཉིད་དང་བཅས་པ་དང་། བསྡུ་ན་སྲིད་ཞིའི་ཆོས་ཐམས་ཅད་གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱིས་ཁམས་དང་གསུམ་གྱིས་བསྡུས་པ་གསུངས་ཏེ། ཕུང་པོ་དང་ནི་སྐྱེ་མཆེད་དང་། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །ཞེས་གསུངས་པས་སོ།།

ཟག་བཅས་བྱེ་བྲག་ཏུ་བཤད་པ་ནི། འཁོར་བའི་རྒྱུ་འབྲས་གཉིས་ཏེ། འབྲས་བུ་སྡུག་བསྔལ་བདེན་པ་དང་། རྒྱུ་ཀུན་འབྱུང་བདེན་པ་གཉིས། དང་པོ་འབྲས་བུ་སྡུག་བསྔལ་བདེན་པ་ནི། ཁམས་གསུམ་པོ་ཐམས་ཅད་དེ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །དེ་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ཡིན་དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ཉི་ཤུ། །གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །གཟུགས་མེད་ཁམས་ན་གནས་མེད་དོ། །ཞེས་པའི་གནས་དེ་དག་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དམྱལ་བ་རྣམས་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ། དུད་འགྲོ་གཏི་མུག་གི་སྡུག་བསྔལ། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་རྣམས་འཆི་འཕོ་ལྟུང་གི་སྡུག་བསྔལ། མི་རྣམས་ན་རྒ་སྐྱེ་འཆིའི་སྡུག་བསྔལ་བ་དང་། མདོར་ན་ངན་སོང་གསུམ་པོ་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་ལྷ་མི་ལ་འགྱུར་བའི་སྡུག་བསྔལ། ཀུན་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བ་སྟེ། དེ་ལས་གཞན་ཟག་བཅས་རྣམས་ནི། སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་གསུངས་སོ།།

འབྲས་བུ་སྡུག་བསྔལ་བདེན་པ། དེའི་རྒྱུ་ཀུན་འབྱུང་བདེན་པ་ནི། ལས་དང་ཉོན་མོངས་པ་གཉིས་ཏེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ཞེས་དང་། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང་། །འདོད་ཆགས་དབྱེ་བས་བདུན་དུ་བཤད། ཅེས་གསུངས་པས་སོ།།

ཟག་མེད་བྱེ་བྲག་ཏུ་བཤད་པ་ནི། ལས་ཉོན་དང་འཁོར་བའི་སྡུག་བསྔལ་ཞི་བར་བྱེད་པ་ནི། འགོག་བདེན་སོ་སོ་བརྟགས་པའི་འགོག་པ་སྟེ། བྲལ་བའོ་སོ་སོ་སོ་སོ་ཡིན་ཞེས་དྲི་མ་མེད་པའི་ཤེས་རབ་སྟེ། ཟག་བཅས་ཀྱི་ལས་དང་ཉོན་མོངས་རྣམས་ཆུའི་ཆུ་ལོན་ལྟ་བུར་འགོག་པའོ། །དེའི་རྒྱུ་ནི་ལམ་གྱི་བདེན་པ་སྟེ། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་དང་། བདེན་པ་མཐོང་དང་བསྒོམ་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །བདེན་པ་དག་ནི་བཞི་བཤད་དོ། །སྡུག་བསྔལ་ཀུན་འབྱུང་དེ་བཞིན་དང་། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་སོགས་གསུངས་པས་སོ།།

ལམ་དེ་སྒོམ་པའི་ཚུལ་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་སོ། །བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའི་གནད་ནི། ཕྱི་རོལ་པས་བརྟགས་པའི་གང་ཟག་གི་བདག་རྟག་པ་གཅིག་པུ་དང་། ཆོས་ཀྱི་བདག་གཙོ་བོ་དང་རྡུལ་ཕྲན་རྟག་པ་སོགས། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། ཞེས་པས་བཀག་ནས། རང་ལུགས་ལ་སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི། འདུས་མ་བྱས་རྟག་པའི་གཞི་སྟེ། ཤེས་བྱ་ཐམས་ཅད་དེ་ལྔའི་ནང་དུ་འདུས་ཤིང་། གཞི་ལྔ་པོ་དེའང་རྫས་སུ་གྲུབ་པར་བཞེད་དོ།།

སློབ་དཔོན་ཀྱིས་བྱེ་སྨྲའི་གྲུབ་མཐའ་མི་འཐད་པ་གཟིགས་ནས་མཛོད་རང་འགྲེལ་གྱིས་མདོ་སྡེ་པའི་གྲུབ་མཐའ་བཤད་ནས། བྱེ་སྨྲས་བརྟགས་པའི་ལྡན་མིན་འདུ་བྱེད་དང་། འདུས་མ་བྱས་ཀྱི་གཞི་དང་། སེམས་བྱུང་རྫས་ཐ་དད་པ་སོགས་བཀག་ནས་ཆ་མེད་གཉིས་པོ་རྫས་གྲུབ་ཏུ་བཞེད། མདོ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་པ་ལ་བརྟེན་ནས། ཕྱིས་ཐེག་པ་ཆེན་པོ་སེམས་ཙམ་པའི་གྲུབ་མཐའ་ལ་ཞུགས་ནས། མདོ་སྡེ་པས་བརྟགས་པའི་ཕྱི་རོལ་གྱི་དོན་བདེན་གྲུབ་ཏུ་འདོད་པ་དེ། རྣམ་རིག་པའི་རིགས་པས་བཀག་ནས་པྲ་ཀཱ་ར་ཎ་སྡེ་བརྒྱད་ཀྱིས་ཐེག་པ་ཆེན་པོའི་དོན་སེམས་ཙམ་དུ་འགྲེལ་པ་སྟེ། སུམ་ཅུ་པའི་ཚིག་ལེའུ་བྱས་པ་ལས། བདག་དང་ཆོས་སུ་ཉེར་འདོད་པ། །སྣ་ཚོགས་དག་ནི་གང་བྱུང་བ། །དེ་ནི་རྣམ་པར་ཤེས་པར་གྱུར། །གྱུར་པ་དེ་ཡང་རྣམ་གསུམ་སྟེ། །རྣམ་པར་སྨིན་དང་ངར་སེམས་དང་། །ཡུལ་ལ་རྣམ་པར་རིག་པའོ། །ཞེས་དང་། ཉི་ཤུ་པའི་ཚིག་ལེའུར་བྱས་པ་ལས། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་སོགས་ཀྱིས་རྣམ་རིག་བསྒྲུབས་ནས། མདོ་འགྲེལ་ཚུལ་ཡང་མཚན་ཉིད་གསུམ་གྱིས་གཏན་ལ་དབབ་པ་སྟེ། རང་བཞིན་གསུམ་ངེས་པར་བྱ་བར་བསྟན་པ་ལས། བརྟགས་དང་གཞན་གྱི་དབང་དང་ནི། །ཡོངས་སུ་གྲུབ་པ་ཉིད་དག་སྟེ། །རང་བཞིན་གསུམ་པོ་གཏན་རྣམས་ཀྱི། །ཟབ་མོ་ཡི་ནི་ཤེས་བྱར་འདོད། །ཅེས་གསུངས་སོ།།

དེས་ན་སེམས་ཙམ་པའི་གྲུབ་མཐའི་གནད་ནི། དོན་དམ་པར་ན་ཕྱི་རོལ་གྱི་ཡུལ་མེད་ལ། དེ་མེད་པས་ན་དེ་འཛིན་གྱི་ཤེས་པའང་མེད་པས། མྱོང་བ་གཉིས་སྟོང་གི་ཤེས་པ་གསལ་རིག་ཙམ་ཞིག་རྫས་སུ་གྲུབ་པ་འདོད་དོ། །དེ་ལྟ་བུའི་སློབ་དཔོན་དེས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། ནུབ་ཕྱོགས་མ་རུའི་ཡུལ་དུ་སྐྱེས་པ་རྒྱལ་པོ་ཤྲི་ཧརྴ་ཞེས་བྱ་བ་ལས་ཀྱི་སྟོབས་ཤིན་ཏུ་ཆེ་བ་ཞིག་བྱུང་བ་དེའི་དུས། དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཙམ་ཡིན་པར་གྲགས། མཐར་བལ་ཡུལ་དུ་བྱོན་ནས་ཆོས་གཞི་བཙུགས་ནས་དགེ་འདུན་མང་དུ་འཕེལ་བར་མཛད། ཁྱིམ་བཙུན་ཆོས་གོས་གྱོན་ནས་ཞིང་རྨོད་པ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ནས་དགེ་འདུན་གྱི་དབུས་སུ་ཆོས་བསྟན་ནས་སྐུ་འདས་སོ། །རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་ཐོགས་མེད་སྐུ་མཆེད་ཀྱི་སྐབས་ཏེ་གཉིས་པའོ།།  །།

 

སློབ་དཔོན་དེས་ཚད་མ་དང་། མངོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འདུལ་བ་རྣམས་བཤད་པའི་སློབ་མ་རང་ལས་མཁས་པར་གྲགས་པའི་སློབ་མའི་གཙོ་བོ་བཞི་བྱུང་བའི་ཚད་མ་རང་བས་མཁས་པ་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ནང་གསེས་གཞུང་བྱེད་པའི་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་བཙུན་པ་ཟླ་བ་པདྨའི་མྱུ་གུ་དང་། །ཞེས་ཐམས་ཅད་མཁྱེན་པའི་བཀས་ལུང་བསྟན་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དེ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལྷག་ཙམ་གྱི་དུས་ན། འཕགས་པ་ཀུ་རུ་ཀུ་ལླེ་རང་བྱུང་དུ་བཞུགས་པའི་རི་དང་ཉེ་བའི་ལྷོ་ཕྱོགས་ཀྱི་རྒྱུད་དུ་རིགས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་སོ། །ཅུང་ཟད་ནར་སོན་ནས་བརྡ་སྤྲོད་རིག་པ་ལ་སོགས་པའི་གཙུག་ལག་ཐམས་ཅད་ལ་ཤིན་ཏུ་མཁས་པར་སྦྱངས་ནས། དམ་པའི་བསྟན་པ་ལ་དད་པར་གྱུར་ནས་གནས་མ་བུའི་སྡེ་པའི་མཁན་པོ་རྒྱལ་བའི་དབང་པོ་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ་བསླབ་པའི་གཞི་ལྔ་ལེགས་པར་བཟུང་ངོ་།།

སྐབས་ཤིག་ན་དཔལ་ནཱ་ལེནྡྲར་བྱོན་ཏེ་ཐམས་ཅད་མཁྱེན་པ་གཉིས་པ་དབྱིག་གཉེན་གྱི་ཞབས་ལ་བསྟེན་ཏེ་ཐེག་པ་གསུམ་ལ་མཁས་པར་སྦྱངས། ཁྱད་པར་རིགས་པར་སྨྲ་བའི་གྲུབ་མཐའ་དང་ཚད་མ་ལ་ཤིན་ཏུ་མཁས་པར་གྱུར་ཏེ། འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་མ་རིག་པའི་མུན་པ་དཔྱིས་འབྱིན་པར་བྱེད་པའི་གཉེན་པོ་རྣམ་པར་འབྱེད་པའི་ཤེས་རབ་བསྐྱེད་པར་བྱེད་པའི་ཚད་མ་ལ་སོགས་པའི་བསྟན་བཅོས་ཐོར་བུ་བརྒྱ་རྩར་ལོངས་པ་བརྩམས་སོ།།

ནམ་ཞིག་ན་བསྟན་བཅོས་དེ་དག་ཀྱང་ཐོར་བུ་ལྟ་བུར་སོང་ནས་ལུས་ཡོངས་སུ་མ་རྫོགས་པར་དགོངས་ནས། དེ་དག་གི་བརྗོད་བྱ་ཐམས་ཅད་ཚང་ཞིང་ལུས་གཅིག་ཏུ་དྲིལ་ནས་སྟོན་པའི་བསྟན་བཅོས་ཤིག་བརྩམས་པར་བགྱིའོ་སྙམ་དུ། ལྷོ་ཕྱོགས་རི་བོ་འབིགས་བྱེད་དང་ཉེ་བ་ན་རང་གི་བསྟི་གནས་ཡོད་པའི་ཕུག་པ་དེའི་བྲག་ངོས་སུ། ཚད་མའི་མདོ་ཀུན་ལས་བཏུས་པའི་མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བའི་ཚིགས་སུ་བཅད་པ་བྲིས་པ་ནི་འདི་ལྟར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་པ་འདི་དག་རྡོ་ཐལ་གྱིས་བྲིས་མ་ཐག་ནས་ས་གཡོ་བ་དང་། འོད་འབྱིན་པ་དང་། སྒྲ་ཆེན་པོ་འབྱུང་བ་དང་། མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱི་བྱིན་པ་རེངས་ལ་སོགས་པའི་ལྟས་ཀྱི་ཁྱད་པར་མང་པོ་བྱུང་ངོ་། །དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་ནག་པོ་ཐུབ་རྒྱལ་ཞེས་བྱ་བས་བརྟགས་པ་ན་ཚིགས་སུ་བཅད་པ་དེའི་མཐུར་ཤེས་པས། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་སྐབས་སུ་འོངས་ནས་ལན་གཉིས་སུ་བསུབས་སོ།།

ལན་གསུམ་པར། སློབ་དཔོན་གྱིས་སླར་ཡང་བྲིས་ནས་དེའི་མཇུག་ཏུ། སུ་ཞིག་ངས་བྲིས་པའི་ཚིགས་སུ་བཅད་པ་འཕྱི་བ་ཀུ་རེ་དང་ཀྱལ་ཀའི་ཕྱིར་ཡིན་ན་དགོས་པ་རྒྱ་ཆེན་པོ་ཡོད་པས་མ་དབྱི། ཕྲག་དོག་གི་དབང་གིས་ཡིན་ན་བློ་ལ་ཡོད་པའི་ཕྱིར་དབྱི་བར་མི་ནུས་སོ། །གལ་ཏེ་རྩོད་པའི་ཕྱིར་ན་ལུས་དངོས་སུ་སྟོན་ཅིག་རྩོད་པར་བྱའོ། །ཞེས་བྲིས་སོ། །དེ་མཐོང་ནས་རྩོད་པའི་ཕྱིར་ཁོ་འོངས་ནས་བསྟན་པ་རྒྱལ་དུ་བཙུགས་ཏེ་རྩོད་པས་སློབ་དཔོན་ལན་གསུམ་གྱི་བར་དུ་རྒྱལ་ཏེ། ཁྱོད་ནང་པའི་བསྟན་པ་ལ་འཇུག་དགོས་གསུངས་པས། ཤིན་ཏུ་ཁྲོས་ཤིང་ཁ་ནས་མེ་སྦར་ཏེ་སློབ་དཔོན་གྱི་ཡོ་བྱད་ཕལ་ཆེར་བསྲེགས་སོ། །དེ་ལ་སློབ་དཔོན་ཐུགས་སྐྱོ་སྟེ། ཀྱེ་མ་བདག་གིས་མུ་སྟེགས་འདི་གཅིག་པུའི་དོན་ཡང་བྱ་བར་མི་ནུས་ན། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལྟ་ཞོག །དེ་བས་ཞི་བའི་བདེ་བ་མངོན་དུ་བྱའོ་སྙམ་དུ་དགོངས་ནས། བདག་གིས་ཐོད་ལེ་ཀོར་འདི་ནམ་མཁར་འཕངས་ནས། ཇི་སྲིད་འདི་ས་ལ་ལྷུང་བ་ན་སེམས་བསྐྱེད་བཏང་ངོ་ཞེས་དམ་བཅས་ནས་འཕངས་པས། ས་ལ་མ་ལྷུང་བར་དེ་ཉིད་དུ་འཇམ་དཔལ་བྱོན་ཏེ། བུ་ཀྱེ་མ་བྱེད་ཐེག་པ་དམན་དང་ཕྲད་ལས་བློ་གྲོས་ངན་པ་སྐྱེད། །ཁྱོད་ཀྱིས་སངས་རྒྱས་མ་ཐོབ་བར་དུ་དགེ་བའི་བཤེས་སུ་ང་ཉིད་འགྱུར། །མུ་སྟེགས་ཚོགས་ཀྱི་བསྟན་བཅོས་འདི་ལ་གནོད་པར་ནུས་མིན་ཏེ། །ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གནང་བ་བྱིན་ཏེ་ལུང་བསྟན་པའི་བསྟན་བཅོས་ཆེན་པོ་ཚད་མ་ཀུན་ལས་བཏུས་པ་བརྩམས་སོ།།

གཞན་ཡང་དེའི་རང་འགྲེལ་དང་། དམིགས་པ་བརྟག་པ་རྩ་འགྲེལ་དང་། དུས་གསུམ་བརྟག་པ་དང་། རིག་པ་ལ་འཇུག་པ་དང་། ཕྱོགས་ཆོས་དགུའི་འཁོར་ལོ། བརྒྱད་སྟོང་དོན་བསྡུས་ལ་སོགས་པ་མང་དུ་མཛད་པའི་སྒོ་ནས་བསྟན་པ་ཤིན་ཏུ་རྒྱས་པར་མཛད་དོ། །དེའི་ཚེ་ཤར་ཕྱོགས་སུ་རྒྱལ་པོ་བི་ག་མ་ཙནྡྲ་དང་། དེའི་བུ་ཀཱ་མ་ཙནྡྲ་གཉིས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཕྱོགས་གླང་གིས་འགྲོ་དོན་མཛད་མཐར་ཨོ་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས་སོ།།

 

རིགས་པར་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལས། གཞུང་འགྲེལ་བར་བྱེད་པའི་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། །ཡི་གེ་ངྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་ལུང་བསྟན་པ་ལྟར། ལྷོའི་ཕྱོགས་ཀྱི་རྒྱ་མཚོ་དང་ཉེ་བའི་ཡུལ་ཀཉྩི་ན་ག་ར་ཞེས་བྱ་བའི་ཕྱོགས་ན་མུར་འདུག་པའི་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་ཤིང་། ཆུང་ངུའི་དུས་ནས་བརྡ་སྤྲོད་པའི་རིག་པ་ལ་ལེགས་པར་སྦྱངས་ནས། བྲམ་ཟེའི་རིགས་ཀྱི་དབང་ཕྱུག་གི་ཆོ་ག་བྱ་བའི་ཕྱིར་རང་གི་ཞང་པོ་མུ་སྟེགས་ཀྱི་པཎྜི་ཏ་གཞོན་ནུ་མ་ལེན་ཞེས་བྱ་བ་ལས་རྩྭ་མུཉྫ་དང་ཚངས་སྐུད་ལ་སོགས་པ་བྲམ་ཟེའི་ཡོ་བྱད་རྣམས་བསླངས་པས། ཞང་པོས་གླེན་པ་ཁྱོད་ལ་ཆོས་མི་སྟེར་ཞེས་སྨྲས་ནས་བསྐྲད་པ་ན། གཞོན་ནུའི་བསམ་པར་ཡོ་བྱད་མི་བྱིན་ཡང་ངན་སྨྲས་ཀྱི་ཁ་ཁྲུ་འཐོར་བ་མི་རིགས་སོ། །འོན་ཀྱང་མུ་སྟེགས་ཐམས་ཅད་ཕམ་པར་བྱེད་པ་ཞིག་བྱའོ་སྙམ་ནས། ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་སྦྱངས་སོ།།

ཁྱད་པར་སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་ལས་བཏུས་པ་ཚར་གསུམ་གསན་ཏེ། དེའང་གཉིས་པའི་དུས་ནས་སློབ་དཔོན་དབང་ཕྱུག་སྡེ་ལས་ཁྱད་པར་གྱུར་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་ཇི་ལྟ་བ་བཞིན་བརྗོད་པས་ཤིན་ཏུ་མཉེས་ནས། ཁྱོད་ཀྱིས་ངའི་གྲུབ་མཐའ་ནོར་བ་ཐམས་ཅད་ཕྱོགས་སྔར་གྱིས་ལ་ཀུན་ལས་བཏུས་ཀྱི་འགྲེལ་པ་རྩོམས་ཤིག་ཅེས་རྗེས་སུ་གནང་ངོ་། །གཞན་ཡང་གྲུབ་མཐའི་གནད་ཐམས་ཅད་རྟོགས་དགོས་པར་དགོངས་ནས་སློབ་དཔོན་བྲན་གྱི་རྣམ་པར་བརྫུས་ནས་གྲངས་ཅན་པའི་གསང་ཚིག་རྣམས་ཀྱང་མ་ལུས་པ་མཁྱེན་པར་མཛད་ནས། རྒྱ་གར་ཤར་ནུབ་གཉིས་ན་རིགས་པ་སྨྲ་བའི་གཙུག་གི་ནོར་བུར་གྱུར་ནས། ཆོས་དང་མཐུན་པའི་རྩོད་པས་རྒོལ་བ་ངན་པ་ཐམས་ཅད་ཚར་བཅད་དེ་ཆོས་ཀྱི་ལམ་ལ་བཀོད་དོ། །དེའི་ཚེ། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི །ཆོས་མ་ཡིན་རྣམས་ད་གདོད་ལོངས། །ཞེས་ཆེད་དུ་བརྗོད་སྐད་དོ། །ཁྱད་པར་བརྩམས་པའི་བསྟན་བཅོས་ནི། རྟོག་གེ་རབ་ཏུ་བྱེད་པ་སྡེ་བདུན་དང་། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་མཛད་དོ།།

དེའི་འཕྲོས་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་ལྷ་དབང་བློར་བརྩམ་དུ་བཅུག་ནས་དེས་ལན་གཅིག་ལན་གཉིས་བར་དུ་བརྩམས་ཏེ་གཟིགས་སུ་ཕུལ་བས་གཉིས་ཀའང་ཆུ་དང་མེར་སྦྱངས་པར་གྲགས་ཤིང་། ཡང་ལན་གཅིག་བརྩམས་ནས་གཟིགས་པར་ཕུལ་བས། ཚིག་ཟུར་གྱིས་མཚོན་པའི་དོན་རྣམས་དང་། འཕྲོས་དོན་རྣམས་མ་གཏོགས་པའི་དངོས་སུ་བསྟན་པའི་དོན་རྣམས་བྱུང་འདུག་གསུངས་སོ།།

རྒྱལ་པོ་གསལ་བ་སོགས་རྒྱལ་སྲིད་ལ་འཁོད་ནས་མི་རིང་བའི་དུས་ན། དཔལ་ལྡན་ཆོས་ཀྱི་གྲགས་པས་ལོ་དྲུག་བརྒྱའི་བར་དུ་བསྟན་པའི་བྱ་བ་བྱས་ནས། །མཐར་ཡུལ་ཀངྒིར་གཙུག་ལག་ཁང་བཞེངས་ཤིང་། སྐྱེ་བོ་མང་པོ་ཆོས་ལ་བཀོད་ནས་སྐུ་འདས་སོ།།

དེ་ལྟ་བུའི་རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་པོ་དང་། ཆོས་ཀྱི་གྲགས་པ་རྣམ་གཉིས་དགོངས་དོན་མཐུན་པར་གཏན་ཚིགས་རིག་པའི་སྲོལ་འབྱེད་ཚུལ་ནི། ཐ་སྙད་དེ་ལྟ་བུའི་མདོ་སྡེ་པའི་རྗེས་སུ་འབྲངས་ཏེ། རང་མཚན་དང་སྤྱི་གཉིས་ཀྱི་སྒོ་ནས་ཆོས་རྣམས་གཏན་ལ་དབབ་ནས། དེ་འཇལ་གྱི་ཚད་མའང་གཉིས་སུ་བཞེད་དེ། ཀུན་བཏུས་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་དང་། ཆོས་གྲགས་ཀྱིས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་སོགས་གསུངས་པའི་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་སྡེབ་སྟེ་འཆད་པ་ལ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་། ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་གཉིས། དང་པོ་ལ། ཤེས་བྱའི་ཡུལ་ཤེས་བྱེད་བློ། བློ་དེས་ཡུལ་རྟོགས་པའི་ཚུལ་དང་གསུམ་ལས། དང་པོ་ནི་མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ལེའུའི་ཐོག་མར་གཞལ་བྱ་རང་སྤྱི་གཉིས་ཀྱི་རྣམ་གཞག་དང་། མངོན་སུམ་ལེའུར་གཟུང་ཡུལ་དང་། མངོན་སུམ་དང་རང་དོན་ལེའུར་གཉིས་ཆར་དུ་འཇུག་ཡུལ་སོགས་ཀྱི་རྣམ་གཞག་གསུངས་པའི་ཡུལ་དེའི་མཚན་ཉིད་ནི། རང་འཛིན་གྱི་བློས་རིག་པར་བྱ་བ་ཡིན་ནོ། །དེའི་འཇོག་བྱེད་ཡིན་པས་སོ། །དེ་ལ་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས་གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་གསུམ་དང་། རྟོགས་ཚུལ་གྱི་སྒོ་ནས་རང་སྤྱི་གཉིས་ཡིན་ཏེ། རྣམ་འགྲེལ་ལས། དེ་ནི་རང་གཞན་ངོ་བོ་ཡིན། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། །ཅེས་གསུངས་ལ། གཞལ་བྱ་མཐར་ཐུག་ནི་རང་མཚན་གཅིག་ཏུ་འདུ་སྟེ། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་གསུངས་པས་སོ།།

དེའང་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་མང་དུ་ཡོད་པ་ལས། འདིར་ནི་མདོ་སེམས་གཉིས་ཀྱི་གྲུབ་མཐའ་འཆད་པའི་སྐབས་དོན་ཡིན་པས། མདོ་སྡེ་པའི་ལུགས་ལ་གཟུང་ཡུལ་གྱི་རྣམ་གཞག་འཐད་དེ། རྣམ་འགྲེལ་ལས། དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་གསུངས་སོ། །སེམས་ཙམ་པའི་ལུགས་ལ་དོན་དམ་པར་སེམས་ལས་མ་གཏོགས་པའི་ཕྱི་རོལ་གྱི་གཟུང་ཡུལ་གྱི་རྣམ་གཞག་མེད་དེ། ཆོས་གྲགས་ཀྱིས། གང་གི་དངོས་པོ་རྣམ་དཔྱད་ནས། །དེ་ཉིད་དུ་ནི་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གསུངས་སོ།།

གཉིས་པ་བློའི་མཚན་ཉིད་རིག་པ་ཡིན་ལ། དེ་ལ་ཡུལ་རང་སྤྱི་འཛིན་པའི་རྟོག་བཅས་རྟོག་མེད་གཉིས། ངོ་བོའི་སྒོ་ནས་འཁྲུལ་མ་འཁྲུལ་གཉིས། འཇུག་ཚུལ་སྒོ་ནས་སྣང་སེམས་སོགས་དུ་མ་ཡོད་ཀྱང་། ཤེས་པའི་ངོ་བོའི་སྒོ་ནས་རང་རིག་གཅིག་གི་ནང་དུ་འདུ་བར་བསྟན་ཏེ། མདོ་ལས། རྟོག་པའང་རང་རིག་ཉིད་དུ་འདོད། །ཅེས་གསུངས་པས་སོ། །བློ་དེ་ལ་ཚད་མ་དང་། ཚད་མིན་གཉིས་ལས་ཕྱི་མ་ནི། མདོ་དང་རྣམ་འགྲེལ་ངེས་ཀྱི་རང་དོན་ལེའུ་དང་། གཏན་ཚིགས་ཐིགས་པའི་གཏན་ཚིགས་ལྟར་སྣང་སྟོན་པའི་སྐབས་རྣམས་དང་། གཞན་དོན་ལེའུའི་ཕྱོགས་ཆོས་ཀྱི་གཏན་ཚིགས་ལྟར་སྣང་སྟོན་པའི་སྐབས་རྣམས་དང་། གཞན་དོན་ལེའུའི་ཕྱོགས་ཀྱི་གཏན་ཚིགས་ལྟར་སྣང་གསུམ་ལས་བསྟན་པའི་ཚད་མིན་གྱི་བློའི་མཚན་ཉིད་ནི་མི་སླུ་བ་མ་གྲུབ་པ་ཡིན་ཏེ། རྣམ་འགྲེལ་ལས། ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །ཞེས་དང་། ཚད་མས་མ་གྲུབ་པ་ལ་དོན་མེད་པར་གསུངས་ཏེ། འགལ་བ་ཀུན་ཏུ་མ་བསལ་ཞིང་། །བསྟན་བཅོས་དོན་ཡང་མ་བསྟན་ཡང་། །དེ་བདེན་དོན་ཞེས་ཁས་ལེན་པ། །གཡེམ་མ་མུར་ཅོལ་གྱིས་རྒྱལ་ལོ། །ཞེས་གསུངས་སོ།།

དེ་ལྟའི་ཚད་མིན་གྱི་བློ་དེ་ལ་མ་རྟོགས། ལོག་རྟོག །ཐེ་ཚོམ་གསུམ་ཡོད་ལ། དེའང་བསྡུ་ན་དོན་ཇི་ལྟ་བ་བཞིན་དུ་མ་རྟོགས་པ་གཅིག་གི་ནང་དུ་འདུའོ། །གསུམ་པ་བློ་དེའི་ཡུལ་རྟོགས་ཚུལ་ལ་སྤྱི་དང་བྱེ་བྲག་གི་རྟོགས་ཚུལ། སྣང་བ་དང་སེལ་བའི་རྟོགས་ཚུལ། །བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ། འབྲེལ་བ་དང་འགལ་བའི་རྟོགས་ཚུལ་ཏེ། བཞི་ཡོད་པ་བསྟན་ཏེ། དང་པོ་ནི། མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ལེའུའི་ཐོག་མར་སྤྱི་མཚན་གྱི་རྣམ་གཞག །རྣམ་འགྲེལ་ལེའུར་སྤྱི་དང་། གཞི་མཐུན་གྱི་རྣམ་གཞག །མངོན་སུམ་ལེའུར་སྤྱི་དང་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་གསུངས་པ་རྣམས་ཀྱིས་སྤྱི་དང་བྱེ་བྲག་གི་མཚན་ཉིད་ནི། རིགས་མི་མཐུན་པ་གཞན་ལས་ལྡོག་པ་སྤྱིའི་མཚན་ཉིད། རིགས་མཐུན་ནང་ཚན་ལས་ཀྱང་ལྡོག་པ་བྱེ་བྲག་གི་མཚན་ཉིད། དེ་ལ་སྤྱི་ནི། དངོས་པོར་མ་གྲུབ་པ་སྟེ། རྣམ་འགྲེལ་ལས། སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། །དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པ་གྲུབ་པའི་ཕྱིར། །ཞེས་དང་། སྤྱི་ཡི་བློ་ཡང་བསླད་པ་ཡིན། །ཞེས་སོགས་གསུངས་སོ།།

གཉིས་པ་ནི། མདོ་དང་རྣམ་འགྲེལ་ངེས་ཀྱི་མངོན་སུམ་ཡང་དག་ལྟར་སྣང་གི་སྐབས་སུ་རྟོག་མེད་ཀྱི་ཤེས་པའི་ཡུལ་སྣང་ཚུལ་དང་། རྣམ་འགྲེལ་རང་དོན་ལེའུར་གཞན་སེལ་གྱི་རྣམ་གཞག་དང་། མངོན་སུམ་ལེའུར་སྤྱི་དངོས་མེད་དང་། མངོན་སུམ་རྟོག་བྲལ་དུ་སྒྲུབ་པའི་སྐབས་རྣམས་སུ་གཞན་སེལ་གྱི་རྣམ་གཞག་དང་། གཞན་སེལ་ཁས་བླངས་ལ་ཕྱི་རོལ་པས་རྟོག་པ་ཕན་ཚུལ་བརྟེན་པར་ཐལ་བ་སོགས་ཀྱི་རྩོད་པ་ལྔ་སྤང་ཚུལ་བསྟན་པའི་སྣང་སེལ་གྱི་མཚན་ཉིད་ནི། རྟོག་མེད་ཡུལ་ལ་སྣང་ནས་འཇུག་པ་སྣང་བའི་མཚན་ཉིད། དེ་ལ་སྣང་བས་འཇུག་པ་ལ་རེས་འཇོག་མེད་དེ། རྣམ་འགྲེལ་ལས། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་སོ།།

མངོན་སུམ་སྣང་ལ་མ་ངེས་པར་བཞེད་དེ། རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། དེ་ནི་ངེས་པ་ཇི་ལྟར་མངོན་སུམ་གྱི་གཟུང་བ་ཡིན་ཞེ་ན། ཞེས་སོགས་དང་། རྣམ་ངེས་ལས། བདེ་བ་ལ་སོགས་པའི་བདག་ཉིད་རང་རིག་པ་བརྗོད་པ་དང་། མ་འབྲེལ་པ་དེ་ནི་མངོན་སུམ་གྱི་ཚད་མའོ། །ཞེས་དང་། རིག་ཐིགས་ལས། དེ་ལ་དང་པོ་ལ་ཐུན་མོང་མ་ཡིན་པ་མཐོང་བ་ཁོ་ན་ཚད་མའོ། །ཞེས་གསུངས་པས་སོ། །སྒྲ་རྟོག་གི་ཡུལ་དངོས་འགལ་བཅད་ནས་འཇུག་པ་སེལ་བའི་མཚན་ཉིད་ཡིན་ཏེ། རྣམ་འགྲེལ་ལས། མཐོང་བ་འགའ་ལའང་ཤེས་པ་གང་། །སྤྱི་ཡི་དོན་ཅན་རྣམ་རྟོག་པ། །གཞན་གྱིས་ཆ་སྒྲོ་མ་བཏགས་པ། །དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན། །ཞེས་སོ།།

སེལ་ཡུལ་ལྡོག་པ་དངོས་མེད་དུ་གསུངས་ཏེ། དེ་ཉིད་ལས། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང་། །སྒྲ་ཡང་དེ་སྙད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན། །ཞེས་དང་། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོགས་པ་མིན། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་སོ། །བག་ཆགས་སྟོབས་ཀྱིས་སེལ་བའི་འཛིན་སྟངས་མུ་བཞི་སྲིད་དེ། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །ཞེས་སོགས་གསུངས་སོ།།

གསུམ་པ་ནི། རྗོད་བྱེད་སྒྲ་དང་རྟོག་པ་ཡུལ་ལ་འཇུག་ཚུལ་གཅིག་པས། རྗོད་བྱེད་ཀྱི་སྒྲ་ཡང་ཡུལ་ལ་སེལ་བས་འཇུག་པ་ཡིན་པ་ལ། འགའ་ཞིག་དོན་རང་མཚན་ལ་བརྡ་དངོས་སུ་སྦྱོར་བར་འདོད། འགའ་ཞིག་སྤྱི་དངོས་པོ་ལ་བརྡ་དངོས་སུ་སྦྱར་བར་འདོད་པ་རྣམས། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡ་མ་ཡིན། །ཞེས་དང་། ཁྱད་པར་རྣམས་ལ་སྒྲ་རྣམས་ནི། །འཇུག་པ་སྲིད་པ་ཡོད་མིན་མོད། །ཁྱད་པར་རྗེས་འགྲོ་མེད་པས་ན། །བརྡ་འཇུག་པ་ནི་མེད་ཕྱིར་རོ། །ཞེས་གསུངས་སོ། །དེ་ལའང་འཆད་ཚེ་དངོས་ཀྱི་བརྗོད་བྱ། རྗོད་བྱེད་ཞེན་པའི་བརྗོད་བྱ་རྗོད་བྱེད་བཞིར་དབྱེ་ནས་དངོས་ཀྱི་བརྗོད་བྱ་མེད། ཞེན་པའི་བརྗོད་བྱ་རང་མཚན་ཡིན་པར་བསྟན་ཏོ། །དེའང་འཇུག་པའི་ཚེ་སྣང་བརྟགས་གཅིག་ཏུ་འཁྲུལ་བས་དོན་ཐོབ་པར་བསྟན་ཏོ།།

བཞི་པ་ནི། རང་དོན་ལེའུའི་ཐོག་མར་རྟགས་ཀྱི་ལྡོག་ཁྱབ་གྲུབ་པ་ལ། རྟགས་ཆོས་ཀྱི་འབྲེལ་བ་གྲུབ་དགོས་པའི་སྒྲུབ་བྱེད་དང་། འབྲེལ་བ་དེ་དག་ཇི་ལྟར་ངེས་པའི་ཚུལ་དང་། གཞན་དོན་ལེའུ་ཡང་འབྲེལ་བ་ལ་ལྟོས་ནས་གཏན་ཚིགས་ཡང་དག་ཏུ་འགྱུར་བའི་ཚུལ་དང་། གཞན་ཡང་འབྲེལ་བརྟག་ལས། འབྲེལ་བའི་རྣམ་གཞག་གསུངས་པའི་འབྲེལ་བའི་མཚན་ཉིད་ནི། ཆོས་གང་ཆོས་གཞན་མི་འདོར་བ་འབྲེལ་བ་སྤྱིའི་མཚན་ཉིད། དེ་ལ་དབྱེ་ན་ངོ་བོ་བདག་གཅིག་དང་། དེ་ལས་དེ་བྱུང་གཉིས་སུ་ཡོད་པ་དེ་དག་ལ་དོན་ལ་འབྲེལ་བ་དགག །བློ་ངོར་འབྲེལ་བ་སྒྲུབ། འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་བཤད་པ་ལས། དོན་ལ་འབྲེལ་བ་མེད་དེ། དོན་རང་མཚན་སིལ་བུར་གནས་པའི་ཕྱིར་ཏེ། འབྲེལ་བརྟག་ལས། གཞན་དང་ཁོ་ནི་འབྲེལ་བ་ནི། །གྲུབ་ན་གཞན་དང་ཅི་ཞིག་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་བ་ཡང་དག་ཏུ་ན་མེད། །ཅེས་དང་། དེ་འགྲེལ་བྱེད་པས་ཀྱང་། བློས་སྦྲེལ་ཏེ་འབྲེལ་བ་ནི། རྣམ་པར་རྟོག་པས་སྐྱེ་བར་འགྱུར། །ཞེས་དང་། རྣམ་འགྲེལ་ལས། མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་འདི་ཡི་ས་བོན་ཡིན། །ཞེས་དང་། རྣམ་ངེས་ལས་ཀྱང་། དོན་དམ་པར་ནི་ཡོད་པ་ལའང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། འབྲེལ་བ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ། །ཞེས་རྣམ་འགྲེལ་དུ་བཤད་ཟིན་ཏོ། །ཞེས་སོ།།

འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་ལ་ངོ་བོ་བདག་གཅིག་གི་འབྲེལ་བ་ནི། གང་དངོས་པོར་ཡོད་པ་ཡིན་ན་འཇིག་པས་ཁྱབ། དཔེར་ན་བུམ་པ་བཞིན། ཁྱོད་ཀྱི་སྒྲ་དང་དཀོན་མཆོག་སོགས་རྟག་དངོས་ཡོད་པ་ཁས་བླངས་སོ། །ཞེས་པའོ། །དེའི་ཁྱབ་པ་སྒྲུབ་པ་ལ་ལྟོས་མེད་ཀྱི་རྟགས་དང་། གནོད་པ་ཅན་གྱི་རྟགས་གཉིས་གསུངས་ཏེ། ལྟོས་མེད་ནི་གང་དངོས་པོ་སྐྱེད་པ་དེ་ཁོ་ན་འཇིག་པའང་དེ་ཉིད་ཡིན་པས། དངོས་པོ་དེ་འཇིག་པ་ལ་རང་སྐྱེད་བྱེད་ཀྱི་རྒྱུ་ལས། འཇིག་བྱེད་གཞན་ལ་ལྟོས་མི་དགོས་ཏེ། རྣམ་འགྲེལ་ལས། དངོས་འཇིག་གཞན་ལ་ལྟོས་མེད་ཕྱིར། །ཞེས་དང་། རྒྱུ་མེད་ཕྱིར་ན་འཇིག་པ་ནི། །རང་གི་ངོ་བོས་རྗེས་འགྲེལ་ཉིད། །ཅེས་གསུངས་པས་སོ། །གནོད་པ་ཅན་གྱི་རྟགས་ནི། དེས་ན་ཤེས་བྱ་གང་དང་གང་དོན་བྱེད་པ་མིན་པ་དེ་ལ་དངོས་པོར་མེད་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། རྟག་དངོས་འདོད་པ་དག་ཀྱང་དོན་བྱེད་པས་སྟོང་ངོ་། །ཞེས་པ་སྟེ། སློབ་དཔོན་གྱིས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །དེ་ལ་རིམ་དང་རིམ་མ་ཡིན། །འགལ་ཕྱིར་སྐད་ཅིག་མིན་པ་མེད། །ཅེས་གསུངས་སོ།།

དེ་ལས་དེ་བྱུང་འབྲེལ་བ་ཚད་མས་སྒྲུབ་པ་ནི། རྣམ་འགྲེལ་ལས། རིགས་གང་གང་ལ་རབ་གྲུབ་པ། །ཁྱད་པར་མེད་དེ་མེ་ཤིང་བཞིན། །རྒྱུ་མ་མཐོང་བ་ཅན་གཞན་ཡང་། །དེ་ལས་འགྲུབ་པར་ཡང་དག་ཤེས། །ཞེས་གསུངས་ཏེ། དེ་ལྟར་སྔར་མི་དམིགས་པས། རྒྱུ་གཞན་ལས་སྐྱེ་བ་ཁེགས་ཤིང་འབྲས་བུའི་རྗེས་འགྲོ་གྲུབ་པས་རྒྱུའི་མཐའ་གསུམ་ཁེགས་ལ། འབྲས་བུའི་མཚན་ཉིད་རྗེས་སུ་འགྲོ་ལྡོག་གཉིས་གྲུབ་པས་རྗེས་འགྲོ་ཕྲུགས་གསུམ་དང་། དེ་བཞིན་དུ་ལྡོག་པའི་ཕྲུགས་གསུམ་གྱིས་གྲུབ་བོ། །འགལ་བ་ནི་ཆོས་གང་གང་ལ་གནོད་པར་བྱེད་པའོ། །དེ་ལ་འགལ་ཟླ་དངོས་པོ་དང་དངོས་མེད་ལ་ལྟོས་ནས་ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤང་འགལ་གཉིས་ཀྱང་དོན་ལ་མེད་བློ་ངོར་སྒྲུབ། འགལ་བ་སྒྲུབ་བྱེད་ཚད་མའི་རྣམ་གཞག་རྣམས་ཀྱང་། འགལ་རྟགས་སུ་བཀོད་ནས་འགལ་ཟླ་འགོག་པར་བྱེད་པའི་གཏན་ཚིགས་ཡང་དག་གི་སྐབས་སུ་དགོས་པས་ན། མདོ་དང་རྣམ་འགྲེལ་ངེས་ཀྱི་རང་དོན་ལེའུ་དང་། གཏན་ཚིགས་ཐིགས་པ་རྣམས་སུ་འགལ་དམིགས་ཀྱི་གཏན་ཚིགས་གསུངས་སོ།།

གཉིས་པ། ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ། མཚན་ཉིད་ཀྱི་རྣམ་གཞག་མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། དང་པོ་སྤྱིར་མཚན་ཉིད་ནི་འདིས་གོ་བར་བྱེད་པ་རྣམ་འཇོག་གི་རྒྱུ་སྟེ་ནོག་ལྐོག་ཤལ་ལྟ་བུ་དོན་གྱི་ཆོས་དང་། དེའི་མཚན་ཉིད་དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པ། མཚོན་བྱ་ནི་འདི་གོ་བར་བྱ་བ་རྣམ་གཞག་གི་འབྲས་བུ་བ་ལང་ལྟ་བུ་བློས་བཏགས་པའི་ཆོས། དེའི་མཚན་ཉིད་རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་པ། མཚན་གཞི་ནི་འདི་ལ་གོ་བར་བྱ་བ་མཚན་ཉིད་རྟེན་པས་ན་རྟེན་གྱི་ཆོས་ཏེ་དཀར་ཟལ་ལྟ་བུ་དོན་གྱི་ཆོས། མཚན་ཉིད་ཀྱི་རྟེན་བྱེད་པ་མཚན་གཞིའི་མཚན་ཉིད་དེ་དེ་དག་ནི་རྣམ་པར་གཞག་འཇོག་གི་རྒྱུ་འབྲས་ཡིན་ནོ། །དེ་ལ་ཚད་མའི་མཚན་ཉིད་ནི་མི་བསླུ་བ་སྟེ། རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་སོགས་དང་། བསམ་པ་ལ་ནི་བསླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །ཅེས་དང་། བསླུ་མེད་ཕྱིར་ན་ཚད་མ་ཉིད། །ཅེས་དང་། བསླུ་བ་མེད་ཅན་གང་ཡིན་དེ། །བསྒོམ་བྱུང་མངོན་སུམ་མཚན་མ་འདོད། །ཅེས་དང་། བསླུ་བའི་ཕྱིར་རོ་དེ་དོན་དུའང་། །ཚད་མ་ཉིད་ནི་བཀག་པ་སྟེ། །ཅེས་སོགས་གསུངས་སོ།།

མི་བསླུ་བ་དང་། མ་ཤེས་དོན་གསལ་གཉིས་པོ་མཚན་ཉིད་ཐ་དད་པ་གཉིས་སུ་འདོད་པ་ནི་མི་འཐད་དེ། མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་པོ་རང་མཚན་རྟོགས་པར་དོན་ལ་མཐུན་པའི་ཕྱིར་དང་། མི་བསླུ་བའི་དོན་འཆད་པའི་སྐབས་སུ་ཡང་། དོན་བྱེད་ནུས་པར་གནས་པ་ནི། །ཞེས་དང་། མ་ཤེས་དོན་གསལ་གྱི་དོན་འཆད་པའི་སྐབས་སུ་ཡང་། རང་གི་མཚན་ཉིད་མ་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །མི་བསླུ་བ་དེའང་བྱ་བྱེད་ལས་གསུམ་ལ་མི་བསླུ་བའོ། །ཚད་མ་དེ་དག་མི་བསླུ་བ་ཡིན་པ་ནི་རང་གཞན་གང་ལས་ངེས་ཤེས་ན། རང་ངེས་གཞན་ངེས་གཉིས་ཡོད་པ་བསྟན་ཏེ། རྣམ་འགྲེལ་ལས། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་དང་། མངོན་སུམ་གྱིས་ནི་གཟུང་བ་ལ། །ཁྱད་པར་ཆ་ཤས་རྣམས་སྤང་བ། ཁྱད་པར་གང་ལས་ངེས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །ཞེས་གསུངས་སོ།།

དེས་ན་དོན་རིག་དོན་བྱེད་སྣང་ཅན་དང་། གོམས་པ་ཅན་གཉིས་དང་། རང་རིག་དང་རྗེས་དཔག་ནི་རང་ལས་ངེས་ཀྱི་ཚད་མ་དང་། མངོན་སུམ་དང་པོ་པ་དང་། ཡིད་མ་གཏད་པ་དང་། འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས་ཀྱི་ཚད་མའོ། །ཚད་མའི་དབྱེ་གཞི་ནི། ཡང་དག་པའི་ཤེས་པ་ཙམ་ཡིན་ཏེ། རྣམ་ངེས་ལས། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ་མངོན་སུམ་དང་ནི་རྗེས་སུ་དཔག་ཅེས་བྱ་བའོ། །ཞེས་གསུངས་སོ། །དེ་ལ་དབྱེ་ན་མངོན་སུམ་དང་རྗེས་དཔག་གཉིས། མངོན་སུམ་ཚད་མའི་མཚན་ཉིད་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་སྟེ། རིགས་ཐིགས་ལས། ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའོ། །རྟོག་པ་ནི། ཤེས་པ་ལ་བརྗོད་པ་དང་འདྲེས་རུང་བ་སྟེ། དེ་དང་བྲལ་བའོ། །ཞེས་དང་། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་བརྗོད། །ཅེས་གསུངས་སོ། །མངོན་སུམ་དེ་ལ་དབྱེ་ན་བྱེ་སྨྲ་ལ་གསུམ་སྟེ་རང་རིག་མི་འདོད་པས་སོ། །སེམས་ཙམ་པ་ལ་རང་རིག་དང་། རྣལ་མངོན་གཉིས་སོ། །མདོ་སྡེ་པས། དབང་པོ་དང་། ཡིད་དང་། རང་རིག་དང་། རྣལ་མངོན་དང་། བཞི་བསྟན་ཏེ། དབང་པོ་ནི། ཀུན་བཏུས་ལས། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་དབང་པོ་གཟུགས་ཅན་བདག་རྐྱེན་པ་ལ་བརྟེན་ནས་ཤེས་པ་མ་འཁྲུལ་བ་དབང་མངོན་གྱི་མཚན་ཉིད། ཡིད་ནི་དབང་ཤེས་དེ་མ་ཐག་རྐྱེན་བདག་རྐྱེན་ལ་རྟེན་དེས་ཡུལ་དེ་མ་ཐག་རྐྱེན་འཛིན་པ་ཡིད་མངོན་གྱི་མཚན་ཉིད་ཡིན་ཏེ། རྣམ་ངེས་ལས། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞིང་དེ་དོན་དེ་མ་ཐག །འཛིན་པར་བྱེད་པ་ཡིད་ཀྱང་ངོ་། །ཞེས་གསུངས་སོ།།

རང་རིག་ནི། རྣམ་འགྲེལ་ལས། རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་གསུངས་སོ། །དེས་ན་ཕྱི་རོལ་པ་དང་བྱེ་བྲག་སྨྲ་བ་རང་རིག་མེད་ན་ཚད་མའི་རྣམ་གཞག་འགལ་ཏེ། རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་དང་། འདི་ཅི་སྟེ་རང་ངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་རིག །ཅེས་སོ། རང་མྱོང་མེད་ན། བདེ་སོགས་ལ་མྱོང་བྱེད་རྫས་གཞན་ཡོད་པ་ཐལ། དེ་ལ་མྱོང་བྱེད་ཡོད། རང་མྱོང་མེད་པའི་ཕྱིར་རོ། །འདོད་ན་དུས་མཉམ་ཡིན་ན་འབྲེལ་པ་མེད་ལ། སྔ་ཕྱི་ཡིན་ན་གང་རུང་མེད་པས་མི་འཐད་དེ། ཚད་མ་ཀུན་བཏུས་ལས། ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ཡི་ཚུལ་གཉིས་ཉིད། །དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བར་འདི་མེད་ཕྱིར་རོ། །ཤེས་པ་གཞན་གྱིས་ཉམས་མྱོང་ན། །ཐུག་མེད་དེ་ལའང་དྲན་པ་སྟེ། །དེ་བཞིན་ཡུལ་གཞན་ལ་འཕོ་བ། །མེད་འགྱུར་དེ་ཡང་མཐོང་ཕྱིར་རོ།།

རང་རིག་ཡོད་པར་སྒྲུབ་པ་ནི། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་སོ། །དེའང་གྲུབ་སྟེ། ཕྱིས་ཀྱི་དྲན་པའི་རྟགས་ལས་སྔོ་འཛིན་དབང་མངོན་རང་དུས་སུ། མྱོང་བྱེད་ཡོད་པར་གྲུབ་ཅིང་། མྱོང་བྱེད་རྫས་གཞན་མེད་པའི་ཕྱིར་ཏེ། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་གསུངས་སོ། །རྣལ་འབྱོར་མངོན་སུམ་ནི། བདེ་བར་གཤེགས་པའི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་། དྲི་མ་དང་བྲལ་བ་རྣམ་པར་དག །ཅེས་དང་། ཀུན་བཏུས་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་དང་། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་སྒོམ་བྱུང་ཡིན། །ཞེས་གསུངས་པའི་དོན་ལ་གསུམ་ལས། རང་བཞིན་ངོས་བཟུང་བ་ནི། བསྒོམ་བྱུང་འཁྲུལ་བ་མེད་པ་རྣལ་འབྱོར་མངོན་སུམ་ཚད་མའི་མཚན་ཉིད། དབྱེ་ན། ཉན་རང་ཐེག་ཆེན་འཕགས་པ་གསུམ་གྱི་མངོན་སུམ་གསུམ། དེའང་སློབ་པ་དང་མི་སློབ་པའི་སྒོ་ནས་ལྔ། དེ་དག་ལ་སྣང་བཅས་དང་སྣང་མེད་ཀྱི་དབྱེ་བས་གཉིས་གཉིས་རྣམ་པ་བཅུའོ། །དེའི་རྒྱུ་ནི་ཐབས་ཤེས་གཉིས་ལ་བརྟེན་ནས་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་གཟིགས་པ་འགྲུབ་པར་འགྱུར་རོ།།

མཐར་ཕྱིན་པའི་དུས་ནི། ཉན་ཐོས་ཚེ་གསུམ་དང་། རང་རྒྱལ་བསྐལ་པ་བརྒྱ་དང་། གྲངས་མེད་གསུམ་གྱིས་རྫོགས་པའི་སངས་རྒྱས་པར་འགྱུར་རོ། །ཉན་རང་ནི་བག་ཆགས་དང་བཅས་པའི་ཕྱིར་སྟོན་པ་ཡང་དག་མིན་ལ། སངས་རྒྱས་ནི་ཐབས་ལ་སྒོམ་ཞིང་བག་ཆགས་སྤངས་པའི་ཕྱིར་ཀུན་མཁྱེན་ཡིན་ཏེ། ཕྱོགས་ཀྱི་གླང་པོས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མར་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །འདིར་ཡང་རབ་ཏུ་བྱེད་པའི་དང་པོར་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་ཚད་མར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་པ་ནི་གུས་པ་བསྐྱེད་པར་བྱ་བའི་དོན་དུའོ། །དེ་ལ་རྒྱུ་ནི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པའོ། །བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པའོ། །སྦྱོར་བ་ནི་འགྲོ་བ་ལ་བསྟན་པ་སྟོན་པའོ། །འབྲས་བུ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །རང་དོན་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ཉིད་ཀྱིས་ཏེ། དོན་གསུམ་ཉེ་བར་བླང་བར་བྱའོ། །རབ་ཏུ་མཛེས་པའི་དོན་ནི་སྐྱེས་བུ་གཟུགས་ལེགས་པ་བཞིན་ནོ། །ཕྱིར་མི་ལྡོག་པའི་དོན་ནི་རིམས་ནད་ལེགས་པར་སྦྱང་བ་བཞིན་ནོ། །མ་ལུས་པའི་དོན་ནི་བུམ་པ་ལེགས་པར་གང་བ་བཞིན་ནོ། །དོན་གསུམ་པོ་དེ་ཡང་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང་། སློབ་པ་དང་མི་སློབ་པ་རྣམས་ལས་དོན་ཕུན་སུམ་ཚོགས་པ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །གཞན་དོན་ཕུན་སུམ་ཚོགས་པ་ནི་སྒྲོལ་བའི་དོན་གྱིས་ན་སྐྱོབ་པ་ཉིད་དོ། །དེ་ལྟ་བུའི་ཡོན་ཏན་ཅན་སྟོན་པ་ལ་ཕྱག་འཚལ་ནས། ཚད་མར་བསྒྲུབ་པ་བྱ་བའི་ཕྱིར་རོ། །ཞེས་གསུངས་སོ།།

གཉིས་པ་བཅད་ཤེས་དང་ངེས་པ་གཉིས་རྟོག་པ་ཡིན་པའི་ཕྱིར་མངོན་སུམ་མིན་པས། དེས་ན་རྣལ་འབྱོར་མངོན་སུམ་ཀུན་མངོན་སུམ་ཡིན་པའི་ཕྱིར་ཚད་མ་གྲུབ་སྟེ། རྟོག་པའི་དྲ་བ་རྣམ་བསལ་ཅིང་། །ཟབ་ཅིང་རྒྱ་ཆེ་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སངས་རྒྱས་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཅན་ཏེ། ཚུར་མཐོང་གིས་བློས་དཔག་པ་ནི་མ་ནུས་ཏེ། རྣམ་འགྲེལ་ལས། གཟུགས་སོགས་དང་ནི་སེམས་དེ་ལྟར། །འཛིན་པའི་ཡུལ་ཅན་བཤད་པ་དེ། །མ་དག་བློ་ཅན་ལ་ཡིན་གྱིས། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་གསུངས་སོ། །འོན་ཀྱང་ཚིག་གི་ཁྱད་པར་ངེས་པར་གྱུར་ན། སྔོན་བྱུང་བ་རྣམ་མཁྱེན་ཚད་མ་ཡིན་པར་དཔག་པར་ནུས་ཏེ། གང་གཞན་ལ་འཆད་པ་ལ། དོན་དང་མཐུན་ཞིང་འགལ་བ་མེད་པ་དེས་གཞལ་བྱ་དེ་མངོན་སུམ་དུ་མཐོང་བ་ཡིན་ཏེ་རང་རང་གི་ཡུལ་འཆད་པ་བཞིན་ཏེ། གཞུང་འབུམ་པ་འཆད་པ་པོ་དེས་ཀྱང་དོན་དང་མཐུན་ཞིང་འགལ་བ་མེད་པར་སྟོང་པ་ཉིད་བཤད་པ་བཞིན་ནོ། །ཞེས་རྒྱལ་ཡུམ་འབུམ་པ་ལྟ་བུ་ལ་དཔག་ནས་ངེས་པར་ནུས་སོ།།

སྟོན་པ་གཞན་དང་ནི་རིགས་པས་བརྟགས་ན་བསླུ་བ་ཅན་ཡིན་པ་དེས་ན་དཔྱད་པ་གསུམ་གྱིས་དག་པའི་བཀའ་བརྒྱད་སྟོང་པ་ལྟ་བུ་སྟོང་ཉིད་བསྟན་པའི་སངས་རྒྱས་ཀྱི་གསུང་བསླུ་བ་མེད་པའི་ཕྱིར། རྣམ་མཁྱེན་ཚད་མར་གྲུབ་པ་བཞེད་དེ། རྣམ་འགྲེལ་ལས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །ཤེས་བྱ་མི་རྟག་པ་ཉིད་ཀྱི། །དེ་ནི་མི་བརྟན་ཡིན་ཕྱིར་རོ། །རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་རྟག་ཕྱིར། །ལྟོས་པ་མི་རུང་བ་ཡི་ཕྱིར། །རྣམ་འགའ་ཕན་གདགས་བྱ་མིན་ཕྱིར། །ཞེས་སོགས་གསུངས་སོ།།

གོམས་པ་རྫོགས་ནས་དེ་གསལ་བ། །རབ་ཀྱི་མཐར་ཕྱིན་པས་ཀྱང་འགྲུབ་སྟེ། དཔེར་ན་འདོད་འཇིགས་གོམས་པ་བཞིན། །འདིར་ཡང་རྟེན་བརྟན་པ་ཡིན་ནོ། །དེའང་གྲུབ་སྟེ། དཔེར་ན་གང་སྐྱེ་བ་ལ་རྒྱུ་ཚང་ན་སྐྱེ་ངེས་པས་ཁྱབ། དཔེར་ན་མྱུ་གུ་སྐྱེད་ངེས་ཀྱི་སྐད་ཅིག་ཐ་མ་བཞིན། རྣལ་མངོན་འབྱུང་བ་ལའང་རྒྱུ་ཚོགས་པ་ཚང་ཞིང་གེགས་གཞན་མེད་དོ། །དེར་མ་ཟད་རིག་པའི་ཡ་མཐའ་ཐུག་མེད་དང་མ་མཐའ་ཐུག་མེད། རྟེན་བརྟན་པས་ཀྱང་འགྲུབ་སྟེ། སྐྱེ་མ་ཐག་པའི་སེམས་འདི་ལ་ཉེར་ལེན་གྱི་རྒྱུ་སྔ་མ་སྔོན་སོང་ཅན་ལས་སྐྱེ་བ་འབྱུང་ངེས་ཡིན་པས་ཁྱབ། སེམས་རང་ལས་གཞན་ལ་ལྟོས་པ་མེད་པའི་ཕྱིར། དཔེར་ན་ད་ལྟར་གྱི་རིག་པ་བཞིན་ནོ། །ཞེས་པའི་རྟགས་ཀྱིས་རིག་པའི་སྔོན་མཐའ་ཐུག་མེད་འགྲུབ་སྟེ། རྣམ་འགྲེལ་ལས། དེ་ཕྱིར་ངེས་པ་གང་ཉིད་ཀྱི། །འདུ་བྱེད་ཀྱིས་ནི་རྗེས་འཇུག་པར། །སེམས་ནི་དེ་མིན་མི་འབྱུང་བས། །དེ་ཚེ་སེམས་ལ་བརྟེན་པ་ཡིན། །ཞེས་དང་། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་གསུངས་པས་སོ། །མ་འོངས་པའི་སེམས་ཐུག་མེད་དུ་སྒྲུབ་པ་ལ་བདག་འཛིན་དང་བཅས་པ་དང་། བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པ་གཉིས་ལས། དང་པོ་ནི། རྒྱུ་རྨོངས་པ་དང་ལས་ཉོན་ཚང་ཞིང་གེགས་མེད་པའི་ཕྱིར་ཕྱི་མཐའ་ཐུག་མེད་གྲུབ་སྟེ། རྣམ་འགྲེལ་ལས། གང་ཚེ་ལུས་ལ་ལྟོས་མེད་པར། །ཤེས་པ་འགའ་ཞིག་འགའ་ཞིག་གིས། །བག་ཆགས་སད་པའི་རྒྱུར་འགྱུར་བ། །དེ་དག་འགའ་ཞིག་ལས་འགའ་ཡིན། །ཞེས་གསུངས་སོ།།

ཁ་ཅིག་ལས་དང་ལུས་སེམས་འཁོར་བའི་རྒྱུ་ཡིན་ལ། དེ་གཉིས་སྤང་བའི་ཕྱིར་དཀའ་བ་སྤྱོད་ཟེར་རོ། །མི་འཐད་དེ། རྨོངས་པ་མ་སྤངས་ན་ལས་དང་ལུས་འཛད་མི་ནུས་པའི་ཕྱིར་དང་། ལས་ལུས་དཀའ་ཐུབ་ཀྱིས་བཅོམ་ཡང་སླར་ཡང་སྐྱེ་བས་མི་ཕན་པའི་ཕྱིར་དང་། བདག་མེད་རྟོགས་ན་དེ་གཉིས་ལོགས་སུ་སྤོང་མི་དགོས་པས། ལས་དང་ལུས་འཛད་པའི་ཕྱིར་དཀའ་ཐུབ་བྱེད་པ་དེ་ཐར་པའི་ལམ་མིན་ནོ། །འཁོར་བར་སྐྱེ་བྱེད་ཀྱི་རྒྱུ་མ་རིག་པ་ཡིན་ལ། དེ་ལས་ཉོན་མོངས་པ་དང་ལས་དང་འཁོར་བ་འབྱུང་ཞིང་། སྐྱེ་མཆེད་འདི་ལས་ཕྱི་མའི་སྐྱེ་མཆེད་གཞན་འབྱུང་བ་དང་། དེ་ཡི་བཟང་ངན་ལས་ཀྱིས་བྱེད་པར་གསུངས་ཏེ། རྣམ་འགྲེལ་ལས། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། །ཞེས་དང་། གལ་ཏེ་དེ་ལས་ཁྱད་པར་ཅན། །ལས་རྣམས་བདག་པོ་ཞེས་གསུངས་སོ།།

བྱམས་སོགས་བདག་འཛིན་དང་མི་འགལ་བའི་ཕྱིར། འཁོར་བའི་རྩ་བ་བདག་འཛིན་གཅོད་ནུས་པ་མིན་ལ། བདག་མེད་རྟོགས་པའི་ཤེས་རབ་ནི་བདག་འཛིན་དང་འགལ་བས་ན་བདག་མེད་པར་མཐོང་བས་བདག་ཏུ་འཛིན་པ་དེ་སུན་འབྱིན་ནུས་ཏེ། དཔེར་ན་ས་བོན་ཐོག་མ་ཡོད་པ་མིན་ན་ཡང་། མེས་བསྲེགས་ན་ཕྱི་མཐའ་མཐོང་བ་བཞིན་དུ་འཁོར་བ་ཐོག་མ་མེད་ཀྱང་། བདག་མེད་མཐོང་ན་ཕྱི་མཐའ་འགྲུབ་ཏེ། རྣམ་འགྲེལ་ལས། སྟོང་ཉིད་ལྷ་དང་དེ་འགལ་ཕྱིར། །དེ་ལས་བྱུང་བའི་ཉེས་ཀུན་དང་། །འགལ་བ་རབ་ཏུ་གྲུབ་པ་ཡིན། །ཞེས་དང་། འགའ་ཡི་ཆོས་ཀུན་བདག་མེད་པ། །གོམས་པ་དེ་ཡི་བདག་ཉིད་དུ། །འགྱུར་ཏེ་དངོས་པོ་མཐོང་བ་བཞིན། །ཞེས་གསུངས་སོ།།

གཉིས་པ་བདག་འཛིན་མེད་པའི་གསལ་བ་སྐྱེ་བ་ལ། རྒྱུ་གཞན་ལ་ལྟོས་མི་དགོས་པས་རྒྱུ་ཚང་ཞིང་། གེགས་མེད་པའི་ཕྱིར་ན་གསལ་བ་བསྐྱེད་པར་ངེས་སོ། །གསལ་བའི་ཡེ་ཤེས་དེ་བཟུང་འཛིན་མེད་པའི་ཕྱིར། འཁྲུལ་བ་མེད་པར་འགྲུབ་སྟེ། རྣམ་འགྲེལ་ལས། རྣམ་པ་དུ་མ་ཐབས་མང་པོར། །ཡུན་རིང་དུས་སུ་གོམས་པ་ལ། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤང་བ་ཡིན། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་སོགས་ལས་ཁྱད་འདི་ཡིན། །དེ་དོན་ཕྱིར་ན་ཐབས་གོམས་པས། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་གསུངས་སོ།།

དེ་ལྟ་བུའི་སྟོན་པ་དེ། རྣམ་གྲོལ་དོན་གཉེར་ལ་མཁོ་བའི་གཙོ་བོའི་དོན། བདེན་པ་བཞིའི་དོན་ལ་མི་སླུ་བ་དངོས་སྟོབས་ཀྱི་རིགས་པས་གྲུབ་པས་ན་ལམ་དེ་འདྲ་སྟོན་ནུས་པ་དེ་ཀུན་མཁྱེན་ཡིན་ཏེ། དགོས་པའི་དོན་ཀུན་ཤེས་པའི་ཕྱིར་རོ། །ཡང་ན་རྗེས་སུ་དཔག་པས། ཐམས་ཅད་མཁྱེན་པ་གྲུབ་སྟེ། ཐམས་ཅད་མཁྱེན་པས་བདག་མེད་པའི་སེང་གེའི་སྒྲ་སྒྲོགས་པས་སོ། །གང་ཕྲ་ཞིང་དཀའ་བ་མཐོང་བ་དེས་ཡིད་གཏད་ན་རགས་ཤིང་སླ་བ་མཐོང་སྟེ། ཉི་ཟེར་གྱི་རྡུལ་མཐོང་བ་དེས་ཡིད་གཏད་ན་བུམ་པ་མཐོང་བཞིན། ཐམས་ཅད་མཁྱེན་པས་ཀྱང་ཕྲ་ཞིང་དཀའ་བ་བདག་མེད་པ་གཟིགས་སོ། །བསྐལ་པའི་བར་དུ་བརྗོད་རྒྱུ་ཡང་། །མེ་ལོང་ནང་དུ་ཅིག་ཅར་འཆར། །དེ་བཞིན་ཤེས་བྱ་མཐའ་མེད་པ། །མཁྱེན་པའི་སྐད་ཅིག་གཅིག་གིས་མཁྱེན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

གཉིས་པ་རྗེས་དཔག་ལ་གཉིས་ལས། རང་དོན་རྗེས་དཔག་གི་མཚན་ཉིད་ནི་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་གཞལ་བྱ་ལྐོག་གྱུར་གྱི་དོན་མཐོང་བ་ཡིན་ནོ། །ཕྱོགས་ཆོས་གྲུབ་ཅིང་འབྲེལ་བ་ངེས་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། རྣམ་འགྲེལ་ལས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་གསུངས་ཏེ། རྟགས་ཡང་དག་དེ་ལ་དབྱེ་ན། རང་བཞིན་གྱི་རྟགས་དང་། འབྲས་བུའི་རྟགས་དང་། མ་དམིགས་པའི་རྟགས་གསུམ་ཡོད་དོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་གསུངས་ཏེ། ཚུལ་གསུམ་མ་གྲུབ་པ་གཏན་ཚིགས་ལྟར་སྣང་གི་མཚན་ཉིད། དབྱེ་ན་རྟགས་མ་གྲུབ་པ་དང་། མ་ངེས་པ་དང་། འགལ་བ་དང་གསུམ་མོ། །གྲུབ་བསལ་མེད་ལ་དཔག་གཞིར་གཟུང་བ་ཤེས་འདོད་ཡང་དག་གི་མཚན་ཉིད་ཡིན་ནོ། །སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པ་བསྒྲུབ་བྱའི་མཚན་གཞི་ཡིན། །བསྒྲུབ་བྱའི་བསལ་བའི་མཚན་ཉིད་ནི་ཕྱོགས་ཤེས་འདོད་རང་གི་དམ་བཅས་ཙམ་ཉིད་ན་དངོས་སུ་སེལ་ནུས་ཀྱི་འགལ་བ་གྲུབ་པ། དབྱེ་ན་མངོན་སུམ་གྱི་བསལ་བ་དང་། དངོས་སྟོབས་ཀྱི་བསལ་བ། ཡིད་ཆེས་ཀྱི་བསལ་བ། གྲགས་པའི་བསལ་བ་བཞིའོ།།

གཞན་དོན་རྗེས་དཔག་གི་མཚན་ཉིད་རང་ཉིད་ཀྱིས་ཚད་མས་མཐོང་བའི་དོན་གཞན་ལ་སྟོན་པའི་ངག །རྒོལ་བ་དང་ཕྱིར་རྒོལ་དང་དཔང་པོ་གསུམ་རིམ་པ་བཞིན་སྒྲུབ་བྱེད་བརྗོད་པ་ཁས་ལེན་པ་དང་། སུན་འབྱིན་བརྗོད་པ་ཁས་ལེན་པ་དང་། །དེ་གཉིས་རྒྱལ་ཕམ་བརྡ་སྤྲོད་པར་ཁས་ལེན་པའོ། །རྒོལ་བ་དང་ཕྱི་རྒོལ་གཉིས་ལ་སོ་སོའི་སྐྱོན་ཡོན་གྱི་སྒོ་ནས་རིམ་བཞིན་ཚར་བཅད་པ་དང་། རྗེས་སུ་འཛིན་པ་འཇུག་ལ་དེ་ལྟར་མིན་ན་རྒྱལ་ཕམ་གཉིས་ཀ་མེད་པ་གསུངས་སོ། །ནོར་སོགས་ཕྲོགས་པ་དང་། གོ་འཕང་སྦྱིན་པ་སོགས་འཇིག་རྟེན་པས་ཚར་བཅད་པ་དང་རྗེས་སུ་འཛིན་པ་འདོད་ལ། གྲུབ་མཐའ་ཡང་དག་བླང་བ་དང་མི་མཐུན་པ་འདོར་བར་བྱེད་པ་ལ་སྐྱེས་བུ་དམ་པའི་ཚར་བཅད་དང་རྗེས་འཛིན་འདོད་དོ། །ཆོས་ལྡན་གྱི་རྒྱལ་པོས་གཉིས་ཀ་བྱེད་པར་གྲགས་སོ། །སྒྲུབ་ངག་ལ་ཚུལ་གསུམ་རང་རྒྱུད་དུ་གྲུབ་པ་དང་། ཕ་རོལ་པོའི་ཁས་བླངས་བརྗོད་ནས་མི་འདོད་པ་དངོས་ཀྱི་རིགས་པས་ཐལ་འགྱུར་བརྗོད་པ་དང་གཉིས་གསུངས།

དངོས་སྟོབས་ཀྱི་ཚད་མ་ནི། རྣམ་འགྲེལ་ལས། དངོས་གང་ཇི་ལྟ་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟར་གྱི། །དངོས་ལས་དེ་བསྐྱེད་རྟགས་ཅན་བློ། །ཞེས་གསུངས་སོ། །ཚད་མ་དེའི་འབྲས་བུ་ནི། ཡུལ་ཅན་ཚད་མའི་བྱེད་པ་འཇུག་པའི་གཞི་ལ་གཞལ་བྱ་དང་། བྱེད་པ་དངོས་རྣམ་པར་འཇོག་བྱེད་ལ་ཚད་མ་དང་། རྣམ་པར་གཞག་བྱ་ལ་འབྲས་བུར་འཇོག་པ་ཡིན་པས། དེས་ན་རྣམ་པར་གཞག་འཇོག་གི་རྒྱུ་འབྲས་ཉིད་ལ་ཚད་འབྲས་འདོད་དོ། །དེ་ལ་རང་རིག་ཚད་འབྲས་ནི། རང་རིག་འདོད་པ་གྲུབ་མཐའ་ཕལ་ཆེར་མཐུན་པ་ཡིན་གསུངས་སོ།།

སྨྲས་པ། དངོས་སྟོབས་རིགས་པའི་ལམ་གྱི་དྲང་ཐིག་གིས། །ལོག་རྟོག་འཁྱོག་པོའི་རི་མོ་སུན་འབྱིན་ཅིང་། །ཚད་མར་གྱུར་པའི་དགོངས་པ་དྲང་པོའི་ལམ། །སྒྲུབ་བྱེད་གཏན་ཚིགས་རིགས་པའི་གཞུང་འགྲེལ་བཟང་། །རིགས་པའི་དབང་ཕྱུག་ཕྱོགས་གླང་ཡབ་སྲས་ཀྱི་སྐབས་ཏེ་གསུམ་པའོ།།  །།

 

སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་བས་མཁས་པ་ཡོན་ཏན་འོད་ནི། རྒྱ་ཆེར་འགྲེལ་ལས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། བྲམ་ཟེའི་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་སྒྲུབ་པ། ཞེས་འབྱུང་བའི་ཡོན་ཏན་དང་ལྡན་པ་དེ། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་སྐྱེས། རིག་བྱེད་དང་བསྟན་བཅོས་མཐའ་དག་ལེགས་པར་བྱང་བ་ཕྱིས་དེ་ཉིད་ཀྱི་གཙུག་ལག་ཁང་ཞིག་ཏུ་རབ་ཏུ་བྱུང་བསྙེན་པར་རྫོགས་ནས། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་དྲུང་དུ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང་། ཐེག་པ་ཆེན་པོའི་མདོ་སྡེ་དུ་མར་ཡང་མཁས་པར་སྦྱངས། སྡེ་པ་ཐ་དད་པའི་འདུལ་བ་བསྟན་བཅོས་དང་བཅས་པ་མཁས་པར་མཁྱེན། འདུལ་བ་འབུམ་སྡེ་རྟག་ཏུ་ཐུགས་འདོན་མཛད། ཡུལ་བཅོམ་བརླག་གི་ཨ་གྲ་པུ་རི་ཞེས་བྱ་བར་བཞུགས་ཏེ། ལྷན་ཅིག་གནས་པ་དགེ་སློང་སྟོང་ཕྲག་ལྔ་རེ་ཡོད་ཅིང་། ཐམས་ཅད་ཀྱང་བསྡམ་བྱའི་ཉེས་བྱས་ཕྲ་མོ་ཚུན་ཆོད་སོ་སོའི་ཕྱིར་བཅོས་ཀྱིས་འཕྲལ་འཕྲལ་དུ་བཅོས་པས། ཚུལ་ཁྲིམས་རྣམ་པར་དག་པ་ནི་སྔོན་དགྲ་བཅོམ་པ་རྣམས་ཀྱིས་བསྟན་པ་སྐྱོང་བའི་དུས་བཞིན་ཡོད་ལ། མདོ་སྡེ་འཛིན་པ་དང་མ་མོ་འཛིན་པའང་མང་དུ་ཡོད་ཅིང་། འདུལ་བ་འབུམ་སྡེ་ཐོན་པའང་ལྔ་བརྒྱ་ཙམ་མོ། །ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་ཀྱིས་རྒྱལ་པོ་ཤྲཱི་ཧརྴའི་བློན་པོ་མ་ཏགྷ་རཱ་ཛ་ཞེས་བྱ་བ་ལན་ཅིག་རྒྱལ་པོའི་ཆད་པས་མིག་ཕྱུང་བ་ཡང་སློབ་དཔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོར་ཆུད། རྒྱལ་པོའི་བླ་མར་གྱུར་པས་ཉིན་རེ་བཞིན་ཡོ་བྱད་དཔག་ཏུ་མེད་པའི་འདུ་བ་བྱུང་ཡང་དེ་མ་ཐག་ཐམས་ཅད་དགེ་བར་བསྒྱུར་ཏེ། རང་ཉིད་སྦྱངས་པའི་ཡོད་ཏན་ལས་ཉམས་པ་མི་མངའ་འོ། །ལོ་བཞི་བརྒྱར་བཞུགས་ནས་འདུལ་བའི་མདོ། དེའི་རང་འགྲེལ། ཀརྨ་ཤ་ཏམ། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་ལ་སོགས་པ་མཛད་དོ།།

སློབ་དཔོན་ཤཱཀྱ་འོད་ནི། ནུབ་ཕྱོགས་སུ་འཁྲུངས་ནས་མཐར་མ་ག་དྷར་བཞུགས་པའི་མཁན་པོ་བསོད་ནམས་གྲགས་པ་དང་ཞི་བ་འོད་ཀྱི་སློབ་མར་འོད་ལྡན་ལས་བཤད་ཅིང་། དེས་འདུལ་བ་སུམ་བརྒྱ་པ་དང་རང་འགྲེལ་འོད་ལྡན་མཛད། རྒྱལ་པོ་གཽ་པ་ལས་མ་ག་ངྷ་སོགས་དབང་བསྒྱུར་བའི་སྐབས་སློབ་དཔོན་འདིས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་དོ། །སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་གཉིས་ཀྱིས་ནི་སྟོན་པའི་བསྟན་པའི་རྩ་བ་འདུལ་བའི་བསྟན་པ་བསྐྱངས་ནས། སོ་སོ་ཐར་པ་རིགས་བདུན་ནམ་བརྒྱད་པོ། དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བྱ་བ། ཉམས་ན་ཕྱིར་བཅོས་པར་བྱེད་པའི་དོན་རྣམས་བསྟན་པའོ། །འདུལ་བ་འཛིན་པ་མཆོག་གཉིས་ཀྱི་སྐབས་ཏེ་བཞི་པའོ།།

སླར་སྨྲས་པ། མི་མཇེད་འཇིག་རྟེན་འདི་ཡི་གདུལ་བྱ་རིགས་ཅན་རྣམ་གསུམ་ལ། །ཁམས་དབང་མོས་པ་དང་མཚུངས་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །མངོན་མཐོ་ངེས་པར་ལེགས་པའི་ཕན་བདེའི་འབྱུང་གནས་བླ་ན་མེད། །བསྟན་པ་འདི་ཡི་སྟོན་པ་བྱེད་པོ་སྟོན་མཆོག་དམ་པ་ཤཱཀྱའི་གཙོ། །རྒྱལ་བས་རིགས་ཅན་རྣམས་གསུམ་བཀྲི་བའི་ཕྱིར། །ཐེག་གསུམ་ཆོས་སྒོ་དུ་མར་གསུངས་ནའང་། །མཐར་ཐུག་ཐེག་པ་ཆེ་ལ་གཞོལ་ལོ་ཞེས། །ཆུ་བོ་རྒྱ་མཚོར་འབབ་པའི་དཔེ་ཡིས་བསྟན། །སྟོན་པ་ཐུབ་པ་རང་ཉིད་བསྟན་བཅོས་མཛད་དང་བསྟན་པ་འཛིན་པའི་ཚུལ་འབྱུང་བར། །སྟོན་པས་ལུང་བསྟན་ཕལ་ཆེར་དགོངས་པ་ཅན་ནམ་ངེས་དོན་མིན་ནམ་འཛམ་བུའི་གླིང་། །མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་བཀའ་ལུང་ཐམས་ཅད་རང་དབང་དུ། །རྣམ་པར་འགྲེལ་པ་དྲི་མ་མེད་པའི་བློ་གྲོས་འདི་འདྲ་གཞན་ལ་ཡོད་དམ་ཅི། །དེ་ལྟར་བགྱིས་པའི་དགེ་བས་བདག །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །གཏེར་བཞིན་གདུལ་བྱའི་བསམ་པ་ཀུན། །རྫོགས་བྱེད་བྱང་ཆུབ་ཆེན་པོར་བསྔོ། །དེ་ཐོབ་ནས་ནི་སྐུ་གསུང་ཐུགས། །སྒྱུ་འཕྲུལ་བཀོད་པ་དཔག་མེད་ཀྱིས། །ཕྱོགས་བཅུའི་གདུལ་བྱ་མ་ལུས་པའི། །ཆོས་རྔ་ཆེན་པོར་བདག་གྱུར་ཅིག །འདི་ནི་ཡང་ཡང་བསྐུལ་བའི་ངོར། །བློ་གྲོས་བཟང་པོས་སྦྱར་བ་དགེ །སརྦ་མངྒ་ལཾ།། །།

 

[1] རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། ཤིང་པར། དཔེ་གཟུགས། ཤོག་གྲངས་ ༡ན༡ ནས་ ༥༦ན༡ བར།

Leave a Reply

Your email address will not be published. Required fields are marked *