༄༅། །རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ།

༄༅། །རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ།[1]

༼བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པ།༽

 

དཔལ་ལྡན་ཚོགས་གཉིས་རིན་ཆེན་ཁམས་ལས་གྲུབ། །ལྷུན་གྲུབ་སྐུ་བཞིའི་བང་རིམ་མངོན་པར་བཀྲ། །རྒྱལ་སྲས་གསེར་རིའི་དབུས་ན་ལྷང་ངེ་བ། །རྣམ་འདྲེན་ཤཱཀྱ་སེང་གེར་གུས་ཕྱག་འཚལ། །ཐེག་མཆོག་བསྟན་པ་རྒྱ་མཚོའི་མཐར་སོན་ཏེ། །ཤེར་ཕྱིན་སྤྱན་དྲངས་དབུ་མའི་སྲོལ་ཕྱེ་ཤིང་། །ཆོས་གྲྭ་ཆེན་པོའི་རྒོལ་བ་ཀུན་འཇོམས་པ། །ཀླུ་སྒྲུབ་ཀླུ་ཡི་དབང་པོར་ཕྱག་འཚལ་ལོ། །ཆུ་སྐྱེས་དབུས་འཁྲུངས་རིག་པའི་གནས་ཀུན་ལ། །སྤོབས་པ་མཆོག་བརྙེས་མུ་སྟེགས་རྒོལ་བ་ཀུན། །ཡང་དག་ལྟ་བའི་ལམ་དུ་འཇུག་མཛད་པ། །ཨཱརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །

བརྩོན་པ་ཆེན་པོས་མི་ཕམ་ཞལ་གཟིགས་ཤིང་། །ཏིང་འཛིན་སྟོབས་ཀྱིས་མན་ངག་ཀུན་གསན་ནས། །རྣམ་རིག་སྲོལ་ཕྱེ་ས་གསུམ་བརྙེས་གྱུར་པ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །སྐྱེས་སྟོབས་རྣམ་དཔྱོད་མཁའ་ལྟར་རབ་ཡངས་པས། །འབུམ་སྡེ་དགུ་བཅུ་རྩ་དགུ་ཐུགས་ལ་མངའ། །ཆོས་མངོན་རྒྱ་མཚོའི་དགོངས་དོན་གསལ་མཛད་པ། །ཀུན་མཁྱེན་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པའི་ཡན་ལག་ལྷུན་སྟུག་ཅིང་། །དྲི་མེད་བསླབ་གསུམ་དག་པའི་ལུས་སྟོབས་རྒྱས། །རིགས་ལམ་གསེར་གྱི་དྲ་བས་གདོང་མཛེས་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལས། །སྡེ་བདུན་ལེགས་བཤད་འོད་སྟོང་སྤྲོ་བ་ཡིས། །ཐར་ལམ་པདྨོའི་ནགས་ཚལ་རྒྱས་མཛད་པ། །ཆོས་གྲགས་སྨྲ་བའི་ཉི་མར་ཕྱག་འཚལ་ལོ། །འབུམ་ཕྲག་འདུལ་བའི་དགོངས་དོན་བདུད་རྩིའི་གཏེར། །རྣམ་དཔྱོད་ཀླུ་ཡི་དབང་པོས་བསྲུབས་པ་ལས། །ལེགས་བཤད་འོད་དཀར་འགྱེད་པའི་དཔལ་ཡོན་ཏན། །འཕགས་པ་ཡོན་ཏན་འོད་ལ་ཕྱག་འཚལ་ལོ། །རྣམ་དག་ཚུལ་ཁྲིམས་རྩ་བ་རབ་ཏུ་བརྟན། །ཆོས་འདུལ་ཡལ་ག་སྟོང་ཕྲག་གཡོ་བ་ཡིས། །མི་བཟད་འཆལ་ཚུལ་གདུང་བ་ཀུན་འཕྲོག་པ། །མཁས་མཆོག་ཤཱཀྱ་འོད་ལ་ཕྱག་འཚལ་ལོ། །ཐུབ་པའི་གདུང་འཚོབ་ཐར་འདོད་གཙུག་གི་རྒྱན། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །རྩེ་གཅིག་བསྟོད་པས་བུ་རམ་ཤིང་པའི་བསྟན། །སྐྱེ་དགུའི་དཔལ་དུ་ཡུན་རིང་གནས་གྱུར་ཅིག །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །བདེ་གཤེགས་བསྟན་ལ་རབ་ཏུ་བྱུང་གྱུར་ཏེ། །ཤིང་རྟ་ཆེ་བཞིན་ཐུབ་པའི་དགོངས་པ་ཀུན། །དྲི་མེད་རིགས་པས་གསལ་བར་བྱེད་གྱུར་ཅིག །དེ་ལྟར་དང་བའི་ཡིད་ཀྱིས་ཐུབ་པའི་བསྟན། །མཛེས་བྱེད་རྒྱན་དྲུག་མཆོག་གཉིས་བསྔགས་པ་འདི། །ན་ཚོད་གཞོན་ནུའི་དུས་སུ་རྡོ་རྗེ་འཆང་། །བསོད་ནམས་མཚན་ཅན་ཞབས་ཀྱིས་བཀའ་གནང་ལྟར། །སྤེལ་བར་བྱས་ཀྱང་ཆུ་ཤིང་སྡོང་པོ་ལྟར། །བརྗོད་དོན་སྙིང་པོས་དབེན་པར་གྱུར་མཐོང་ནས། །སླར་ཡང་གསར་དུ་སྤེལ་བའི་བྱེད་པ་པོ། །བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོའོ།།  །།

[1] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། པོད། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༤ བར།

Leave a Reply

Your email address will not be published. Required fields are marked *