༄༅། །རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་འགྲེལ་དད་ལྡན་དགའ་བསྐྱེད་ཅེས་བྱ་བ་བཞུགས་སོ།།

༄༅། །རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་འགྲེལ་དད་ལྡན་དགའ་བསྐྱེད་ཅེས་བྱ་བ་བཞུགས་སོ།།[1]

༼༸སྐྱབས་མགོན་༸པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་བཙུན་བསྟན་འཛིན་འཕྲིན་ལས་ཇིགས་མེད་ཆོས་ཀྱི་དབང་ཕྱུག་གམ་དགེ་སློང་ཤནྟིའི་མིང་ཅན་ (1938-1989) གྱིས་མཛད་པ།༽

 

ཐོས་བསམ་སྒོམ་པའི་བློ་གྲོས་བརྟས་བགྱིད་པའི། །

ལམ་བཟང་སྟོན་པའི་དམ་པ་རྣམས་ལ་འདུད། །

རྒྱན་དྲུག་མཆོག་གཉིས་བསྟོད་པའི་ལེགས་བཤད་ཀྱི། །

དགོངས་དོན་ལེགས་པར་བསྙད་དོ་ཉན་པར་རིགས། །

འདིར་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མར་གྲགས་པའི་དོན་བཤད་པ་ལ་གསུམ། བཀའ་གསུང་པ་པོ་བསྟན་པའི་བདག་པོ་ལ་བསྟོད་པ། བཀའི་དགོངས་པ་འགྲེལ་བྱེད་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ལ་བསྟོད་པ། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་གངས་ཅན་ལྗོངས་སུ་བསྒྱུར་བར་མཛད་པའི་ལོ་པཎ་རྣམས་ལ་བསྟོད་པའོ། །དང་པོ་ནི།

མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །

གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཤིང་། །

སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །

འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །

ཞེས་སོ། །དོན་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ནི་ནམ་མཁ༷འ་དང་མཉ༷མ་པའི་གྲངས་མེད་པའི་ཁམས་གསུམ་གྱི་འགྲོ་བ་ཀུན་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས་པའི་མཁྱེན་པའི་ཡེ་ཤེས་དང་། འགྲོ་བ་ཀུན་ལ་རབ་ཏུ་བརྩེ་བའི་སྙིང་རྗེ་ཆེན་པོས་དུས་རྟག་པར་རབ་ཏུ་དགོངས་ནས། བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡུན་རིང་དུ་བསྒོམས་པས་སྒོམ་པ་རབ་ཏུ་རྫོགས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་མི་མཇེད་མཇིག་རྟེན་གྱི་ཁམས་ཀྱི་ཞིང་གི་གདུལ་བྱ་རྣམས་ཀྱི་དོན་མཛད་པའི་དཔལ་དུ་གྱུར་པ། བསྐལ་བཟང་རྣམ་འདྲེན་སྟོང་གི་ནང་ནས་སྙིང་སྟོབས་མཆོག་ཏུ་གྱུར་ཅིང་། ཤཱཀྱའི་རིགས་ཅན་རྣམས་ཀྱི་གཙུག་གི་ཏོག་ཏུ་གྱུར་པའི་རྒྱལ་བ་ཤཱཀྱ་ཐུབ་པ་དེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་པའོ།།

དེ་ཡང་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་སུ། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་བཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་རྟག་སྟོན་པ། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར། སྟོན་པ་མཆོག་དེ་མི་མཇེད་འཛམ་བུ་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་རྣམ་པར་རོལ་པ་ཡིན་ལ། མཛད་པ་བཅུ་གཉིས་ནི། དགའ་ལྡན་གནས་ནས་འཕོ་བའི་མཛད་པ། ལྷུམས་སུ་བཞུགས་པའི་མཛད་པ། སྐུ་བལྟམས་པའི་མཛད་པ། བཟོ་ཡི་གནས་ལ་མཁས་པའི་མཛད་པ། བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ། ངེས་པར་འབྱུང་བའི་མཛད་པ། ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ། བྱང་ཆུབ་ཤིང་དྲུང་གཤེགས་པའི་མཛད་པ། བདུད་བཏུལ་བའི་མཛད་པ། མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ། སྐུ་མྱ་ངན་ལས་འདས་པའི་མཛད་པ་རྣམས་སོ།།  །།

 

གཉིས་པ་བཀའི་དགོངས་པ་འགྲེལ་བྱེད་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ལ་བསྟོད་པ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས། རྒྱན་དྲུག་ལ་བསྟོད་པ་དང་། མཆོག་གཉིས་ལ་བསྟོད་པའོ། །དང་པོ་ལ་གསུམ། ཟབ་མོའི་ལམ་གྱི་རིམ་པ་གསལ་མཛད་ཀླུ་སྒྲུབ་ཡབ་སྲས་ལ་བསྟོད་པ། རྒྱ་ཆེ་བའི་ལམ་གྱི་རིམ་པ་གསལ་མཛད་ཐོགས་མེད་སྐུ་མཆེད་ལ་བསྟོད་པ། ལམ་གྱི་རིམ་པ་རིགས་པ་ཡང་དག་གིས་སྒྲུབ་པར་བྱེད་པའི་རིགས་པའི་དབང་ཕྱུག་རྣམ་གཉིས་ལ་བསྟོད་པའོ། །དང་པོ་ལ་གཉིས། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ལ་བསྟོད་པ་དང་། དེའི་སྲས་འཕགས་པ་ལྷ་ལ་བསྟོད་པའོ། །དང་པོ་ནི།

ཤེས་རབ་ཆེན་པོས་དེ་ཉིད་ལེགས་རྟོགས་ནས། །

བརྩོན་པ་ཆེན་པོས་གོ་འཕང་མཆོག་བརྙེས་ཤིང་། །

བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས། །

འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །

ཞེས་པའོ། །དོན་ནི། ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ཆེན་པོས་ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལེགས་པར་རྟོགས་ནས། ལམ་གྱི་གནད་མ་ལུས་པ་ལ་གུས་སྦྱོར་རྟག་སྦྱོར་གྱི་བརྩོན་པ་ཆེན་པོ་བསྟེན་ནས་ཐུན་མོང་བའི་སྣང་ཚོད་ལ་བྱང་སེམས་འཕགས་པ་དང་། ཐུན་མོང་མ་ཡིན་པ་ལ་སྒྲིབ་གཉིས་སྤངས་པའི་རྒྱལ་བའི་གོ་འཕང་མཆོག་བརྙེས་ཤིང་། རྒྱལ་བའི་བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས་པའི་འཕགས་མཆོག་ཀླུ་སྒྲུབ་ཀྱི་ཞབས་ལ་ཕྱག་འཚལ་ལོ་ཞེས་པའོ།།

ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་འདི་སྔོན་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ཞེས་བྱ་བར་འཁྲུངས་པའི་ཚེ། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ཞེས་བྱ་བ་དང་མཇལ་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ལ་མཆོད་པའི་དངོས་པོ་ཚད་མེད་པས་མཆོད་ཅིང་། རིན་པོ་ཆེ་རིན་ཐང་མེད་པ་སྦར་བ་གང་གཏོར་ཏེ་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོ་མཛད་ཅིང་། ལྷག་པར་མ་འོངས་པའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པ་ལ་ཐུག་པའི་ཚེ། བདག་རབ་ཏུ་བྱུང་སྟེ་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ་དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་ཀྱང་འདོར་བར་གྱུར་ཅིག །ཅེས་ཞིང་འདིར་སྟོན་པའི་བསྟན་པ་སྤེལ་བའི་ཐུགས་བསྐྱེད་དང་དམ་བཅའ་མཛད་དོ།།

དེ་ལྟར་ཐུགས་བསྐྱེད་པ་ལྟར་ཞིང་འདིར་སྟོན་པ་ཐུབ་པའི་དབང་པོ་བྱོན་པའི་ཚེ་ལི་ཙཱ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་འཁྲུངས་པ་ན། ཐུབ་པའི་དབང་པོས་འཁོར་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་གཞོན་ནུ་དེའི་ཡོན་ཏན་རྒྱ་ཆེར་བསྔགས་ཤིང་། རྒྱལ་བ་རང་ཉིད་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་ལོན་པ་ན་འཕགས་པ་ཀླུ་སྒྲུབ་ཏུ་གྱུར་ནས་རྒྱལ་བའི་བསྟན་པ་རྒྱས་པར་བྱེད་པར་ལུང་བསྟན། ལངྐར་གཤེགས་པའི་མདོ་ལས་ཀྱང་།

ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །

དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །

ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །

རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །

ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་།

དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །

དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །

རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །

རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །

བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །

གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །

དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །

ཅེས་དང་། གསེར་འོད་དམ་པའི་མདོ་ལས་ལི་ཙཱ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་རྒྱ་ཆེར་བསྔགས་པ་དེ་ཡང་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་འདི་ཉིད་ཡིན་ཏེ། འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པའི་མདོ་འཇུག་འགྲེལ་དུ་དྲངས་པ་ལས། ཀུན་དགའ་བོ། ལི་ཙཱ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་རྒྱལ་བའི་བསྟན་པ་རྒྱས་པར་བྱས་ཏེ། མཐར་རབ་ཏུ་དྭངས་པའི་འོད་ཅེས་བྱ་བའི་ཞིང་དུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་གྱུར་ནས་བསྟན་པ་རྒྱས་པར་བྱས་ཏེ་ལོ་བརྒྱ་ལོན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས་ཀྱང་། བདག་ཉིད་ཆེན་པོ་འདིས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་ལུང་བསྟན་ཅིང་། སྔར་སྨོས་པ་དེ་དག་ཀྱང་མཚོན་བྱེད་ཙམ་ཡིན་གྱི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལུང་བསྟན་པའི་མདོ་རྒྱུད་ཀྱི་གསུང་རབ་བརྒྱ་ཕྲག་ཙམ་ཡོད་ཅེས་འཕགས་ཡུལ་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ།།

འཕགས་པ་ཀླུ་སྒྲུབ་གང་དུ་འཁྲུངས་པའི་ཡུལ་ནི། རྒྱ་གར་ལྷོ་ཕྱོགས་བཻ་དརྦྷའི་ཡུལ་ཏེ། ཡུལ་དེར་བྲམ་ཟེ་ཆེན་པོ་ཞིག་ལ་བུ་མེད་པ་ན། རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་པའི་ལུང་བསྟན་བྱུང་བར་དེ་ལྟར་བྱས་པས། བུ་གཅིག་བཙས་ཏེ་མཚན་མཁན་ལ་བསྟན་པས། མཚན་བཟང་མོད་ཀྱི་ཞག་བདུན་གྱི་ཚེ་ལས་མེད་ཟེར་བར། ཐབས་ཅི་ཡོད་དྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན་དང་། དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་ན་ལོ་བདུན་འཚོ། དེ་ནས་ཐབས་མེད་ཟེར་བས། དེ་ལྟར་བྱས་ཏེ་ལོ་བདུན་དུ་ཉེ་བ་ན། བུའི་རོ་མཐོང་བ་ཕ་མས་མ་བཟོད་པས། གཡོག་དང་བཅས་པ་འཁྱམ་དུ་བཏང་ངོ་།།

དེ་ནས་རིམ་གྱིས་སོང་སྟེ་ཁ་སརྤཱཎིའི་ཞལ་བལྟས་ཏེ། རིམ་གྱིས་དཔལ་ནཱ་ལེནྡྲའི་ས་ར་ཧའི་སྒོ་དྲུང་དུ་སོང་སྟེ། སྙན་ངག་གི་རིག་བྱེད་སྟོན་པ་ན་བྲམ་ཟེ་ཆེན་པོས་རྒྱལ་སྲས་གཞོན་ནུ་དེ་ནང་དུ་ཁྲིད་ནས་འདིར་འོང་བའི་རྒྱུ་མཚན་གང་ཡིན་དྲིས། ཇི་ལྟར་གྱུར་པའི་རྒྱུ་མཚན་བཤད་པས། རབ་ཏུ་འབྱུང་ནུས་ན་ཐབས་ཡོད་གསུངས་པས། ཕྱིས་རབ་ཏུ་འབྱུང་བར་ཁས་བླངས་ཏེ། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་གཟུངས་འདོན་དུ་བཅུག །ཁྱད་པར་ལོ་བདུན་པའི་ནུབ་མོ་མཚན་ཐོག་ཐག་ཏུ་བཏོན་པས། འཆི་བདག་གི་ཆད་པ་ལས་གྲོལ། ལོ་བརྒྱད་ལོན་པ་ན་རབ་ཏུ་བྱུང་ནས། ཤེས་བྱ་རིག་པའི་གནས་རྣམས་དང་། ཐེག་པ་ཆེ་ཆུང་ཐམས་ཅད་ལ་མཁས་པར་སྦྱངས་སོ།།

ཕྱིས་ཕ་མ་དང་མཇལ་ཞིང་བྲམ་ཟེ་ཆེན་པོ་དེ་ཉིད་ལས་དཔལ་གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་མང་དུ་ཞུས་པས། རྒྱུད་དང་སྙན་བརྒྱུད་ཀྱི་གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་གནང་ཞིང་། དེ་ཉིད་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་པར་མཛད་དེ། མཚན་དགེ་སློང་དཔལ་ལྡན་ཞེས་གྲགས་སོ། །དེ་ལྟར་ནཱ་ལེནྡྲར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྲོལ་གང་ཡོད་པ་རྣམས་གསན་ཞིང་། གཙོ་བོར་ནི་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བ་ཡིན་པས། རྗེ་བཙུན་འཇམ་དབྱངས་ལྷའི་བུའི་ཚུལ་བཟུང་བ་བྱང་སེམས་བློ་གྲོས་རིན་ཆེན་ལ་མདོ་སྔགས་ཀྱི་དམ་པའི་ཆོས་མ་ལུས་པ་གསན་ཏེ། སྟོན་པ་ཤཱཀྱའི་རྒྱལ་པོ་ཞིང་འདིར་བྱོན་ནས་མདོ་སྔགས་ཀྱི་ཆོས་ཇི་སྙེད་གསུངས་པའི་གསང་བའི་གནས་ཐམས་ཅད་ཐུགས་ལ་ཆུད་པར་མཛད་དོ།།

དེའི་ཚེ་མུ་གེ་ཆེན་པོ་ཞིག་བྱུང་ནས་ནཱ་ལེནྡྲའི་དགེ་འདུན་རྣམས་འཚོ་བས་ཕོངས་པར་གྱུར་པ་ན་གནས་བརྟན་སྒྲ་གཅན་འཛིན་བཟང་པོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་ནཱ་ལེནྡྲའི་ཞལ་ཏ་བ་མཛད་ནས་དགེ་འདུན་རྣམས་སྐྱོང་དགོས་པར་བསྐུལ་བ་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་དེ་ལྟར་མཛད་པར་ཞལ་གྱིས་བཞེས་ཏེ་གླིང་བར་ནས་གསེར་འགྱུར་གྱི་རྩི་བཞེས་ནས་ཟངས་མང་པོ་གསེར་དུ་བསྒྱུར་ཏེ་མུ་གེ་མེད་པའི་ས་ནས་འབྲས་དང་ནས་ལ་སོགས་པ་འཚོ་བའི་ཡོ་བྱད་ཐམས་ཅད་དྲངས་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་དགེ་འདུན་རྣམས་འཚོ་བས་ཕོངས་པ་མེད་པར་མཛད། དེ་ནས་བསླབ་ཁྲིམས་འཆལ་བར་སྤྱོད་པ་མང་པོ་ཞིག་གིས་སའི་སྟེང་ཁྱབ་སྟེ་རྒྱལ་བའི་བསྟན་པའི་ནང་མཛོད་འདུལ་བ་ཆེས་ཆེར་ཉམས་པར་བྱས་པ་ཐུགས་ཀྱིས་མ་བཟོད་ནས་བསླབ་ཁྲིམས་འཆལ་བར་སྤྱོད་པ་སྟོང་ཕྲག་མང་པོ་གནས་ནས་ཕྱུང་། སྐལ་བ་དང་ལྡན་པ་རྣམས་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་བསྟན་ཅིང་། ལྷག་པར་དམ་པའི་ཆོས་འདུལ་བ་རྒྱ་ཆེར་བསྒྲགས་ཏེ་སྔོན་སྟོན་པ་ཐུབ་པའི་དབང་པོས་ཝཱ་ར་ཎཱ་སཱིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་དང་མཚུངས་པ་ལྟ་བུ་ཞིག་མཛད་པས། མཛད་པ་དེ་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱིས་དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པའི་ནང་ནས་དང་པོ་དམ་པའི་ཆོས་འདུལ་བ་ཉམས་པ་གསོས་ཏེ་འདུལ་བའི་ཆོས་རྒྱ་ཆེར་བསྒྲགས་པ་ཞེས་གཏམ་དུ་གྲགས་སོ།།

དེའི་ཚེ་བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་པ་དགེ་སློང་བདེ་བྱེད་ཅེས་པས་ཐེག་པ་ཆེན་པོ་སུན་འབྱིན་པའི་བསྟན་བཅོས་གླེགས་བམ་མང་པོ་བརྩམས་ཏེ་ཐེག་པ་ཆེན་པོའི་ལྟ་སྤྱོད་གཉིས་ཀ་སུན་འབྱིན་པ་ཞིག་བྱུང་བ་ན། བདག་ཉིད་ཆེན་པོ་འཕགས་ཀླུ་སྒྲུབ་ཀྱིས་ལོག་པར་སྨྲ་བ་དེའི་གཉེན་པོར་ཆོས་རྒྱ་ཆེར་གསུངས་ཏེ་ལྟ་བ་ལོག་པ་དེ་རྣམས་སུན་ཕྱུང་། སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་སྟོན་པར་མཛད་པ་དེའི་ཚེ་བྱིས་པ་གཉིས་ཆོས་ཉན་དུ་འོང་བའི་དྲི་ཞིམ་པོས་འཁོར་ཀུན་ཏུ་ཁྱབ་པར་གྱུར་ཅིང་། སོང་བ་དང་དྲི་ཞིམ་པོ་དེ་མེད་པར་གྱུར་པ་དང་། དེའི་རྒྱུ་མཚན་དྲིས་པས་དེ་དག་ན་རེ། ངེད་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་འགྲོ་བ་ལ་ཙནྡན་གོར་ཤིརྵའི་བསྲུང་བ་བྱས་པ་ཡིན་ཟེར་རོ།།

ཙན་དན་དེ་བླང་དུ་ཡོད་དམ་དྲིས་པས། ཡབ་ལ་འདྲི་ཡིས་ཟེར་ནས་དྲིས་པས། སློབ་དཔོན་ཀླུའི་ཡུལ་དུ་འབྱོན་ན་འབུལ་ཟེར་བ་ན་སློབ་དཔོན་གྱིས་ཀླུའི་ཡུལ་དུ་གདུལ་བྱ་མཐའ་ཡས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གདན་དྲང་བ་སོགས་དགོས་པ་མང་པོ་ཞིག་ཉེ་བར་གཟིགས་ནས་འབྱོན་པར་ཞལ་གྱིས་བཞེས་ཏེ་ཀླུའི་ཡུལ་དུ་བྱོན། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་ཀླུ་རྒྱལ་མཐུ་བོ་ཆེ་རྣམས་ཀྱིས་གཙོས་དཀར་ཕྱོགས་ཀྱི་ཀླུ་བགྲང་བ་ལས་འདས་པས་མཆོད་པའི་དངོས་པོ་ཚད་མེད་པས་མཆོད་དེ་ཆོས་སྟོན་པར་གསོལ་བ་བཏབ་པ་ན། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་བསྟན། ཀླུ་རྣམས་ཀྱིས་བཞུགས་པར་ཞུས་པས། ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་ཚོལ་བ་དང་འབུམ་གདན་འདྲེན་དུ་འོངས་ཀྱི་བསྡད་མི་ཁོམ་ཕྱིས་འོང་སྲིད་གསུངས་ཏེ། ཀླུའི་འདམ་མང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་། གཟུངས་མང་པོ་སྤྱན་དྲངས་ཏེ་འཛམ་བུའི་གླིང་དུ་བྱོན། དེའི་ཚེ་ཀླུ་རྣམས་ཀྱིས་སློབ་དཔོན་སླར་ཡང་ཀླུའི་ཡུལ་དུ་ངེས་པར་འབྱོན་དགོས་ཞེས་གཏའ་མ་ལྟ་བུར་འབུམ་གྱི་གཤམ་ནས་བག་ཙམ་མ་བསྐུར་ཅེས་གྲགས་ཏེ་ཀླུ་ཡུལ་ནས་སྤྱན་དྲངས་པའི་ཡུམ་རྒྱས་པ་ལ་རྟག་ངུའི་ལེའུ་དང་ཆོས་འཕགས་ཀྱི་ལེའུ་རྣམས་མ་བྱུང་བས་བརྒྱད་སྟོང་པའི་གཤམ་གྱི་ལེའུ་གཉིས་པོ་དེ་ཡུམ་རྒྱས་པའི་གཤམ་དུ་སྦྱར་ཏེ་ལེའུ་གཉིས་པོ་དེ་ཡུམ་རྒྱས་བསྡུས་ལ་ཁྱད་གང་ཡང་མེད་དོ།།

དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་བཞེས་པའི་འདམ་དེས་མཆོད་རྟེན་བྱེ་བ་ལ་སོགས་པ་བྱས། ཀླུ་རྣམས་ཀྱིས་གྲོགས་བྱས་པས། དེ་ནས་ཀླུ་སྒྲུབ་ཏུ་མཚན་ཆགས། དེ་ནས་ལི་ཁ་ར་ཤིང་འཕེལ་དུ་ཕེབས། གསེར་འགྱུར་མཛད་དེ་སྦྱིན་པ་རྒྱ་ཆེན་པོ་མཛད་ནས། བྲམ་ཟེ་རྒན་པོ་བཟའ་མི་གཉིས་ལ་གསེར་མང་པོ་གནང་བས་དད་དེ། རྒན་པོས་ཉེ་གནས་བྱས་ཆོས་མཉན་ཏེ་ཤི་ནས་སློབ་དཔོན་ཀླུའི་བྱང་ཆུབ་ཏུ་གྱུར་ཏོ། །གཞན་ཡང་ལྷ་ཁང་མང་པོ་བཞེངས་ཤིང་། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བསྒྱུར་བར་རྩོམ་པའི་ཚེ་སྒྲོལ་མའི་སྤྲུལ་པ་རྒན་མོའི་རྣམ་པ་ཅན་གཅིག་གིས། དེ་བས་མཆོག་བསྒྲུབས་ན་དོན་ཆེ་བས་དཔལ་གྱི་རི་ལ་སྒྲུབ་པ་གྱིས་ཤིག་གསུངས་ཏེ། དེར་སྒྲོལ་མའི་སྒྲུབ་ཐབས་ཀྱང་མཛད་དོ།།

དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱ་གར་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གིས་གཙོས་ཕྱོགས་ཐམས་ཅད་དུ་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བརྩིགས། ཆོས་སྨྲ་བ་རྣམས་ལ་མཆོད་གཞི་མང་དུ་བཙུགས། འཛམ་བུའི་གླིང་གི་རྒྱལ་བའི་བསྟན་པ་ལ་ཞུགས་ནས་ཆོས་དོན་དུ་གཉེར་བ་ཕལ་མོ་ཆེ་འདུས་པ་ལ་དམ་པའི་ཆོས་རྒྱ་ཆེར་སྩལ། ཁྱད་པར་དུ་ཡང་རྒྱལ་བ་ཉིད་ཀྱི་ཞལ་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་ནི་ཤིན་ཏུ་རྟོགས་པར་དཀའ་བས་འཁྲུལ་མེད་དུ་རྟོགས་པ་སྲིད་མཐའ་ཙམ་དུ་སྣང་བ་དང་། ཕལ་མོ་ཆེ་ནི་ཐོས་པ་ཙམ་གྱིས་སྐྲག་སྟེ་སྤོང་བ་དང་། འགའ་ཞིག་ནི་མོས་བློ་བྱེད་ཀྱང་རང་བཞིན་གྱིས་མེད་པའི་དོན་གཏན་ནས་མེད་པའི་དོན་དུ་བཟུང་སྟེ་ཆད་མཐར་ལྷུང་ནས་ཕུང་བར་འགྱུར་བ་དང་། སྟོང་པ་ཉིད་ཀྱི་དོན་མ་རྟོགས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་གང་གིའང་ལམ་བགྲོད་པའི་ཐབས་མེད་པར་གཟིགས་ནས་ཐུགས་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བསྐུལ་ཏེ་ཆོས་རྣམས་ཀྱི་གནས་ལུགས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་དམ་པར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཐ་སྙད་དུ་དཀར་ནག་གི་ལས་འབྲས་ནམ་ཡང་བསླུ་བ་མེད་པར་ངེས་པ་གཉིས་འགལ་མེད་དུ་རྟོགས་པ་དབུ་མའི་ལམ་བཟང་པོ་རྒྱ་ཆེར་བསྒྲགས་ཏེ།

གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །

ཞེས་སོགས་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་དང་། དེའི་ཡན་ལག་གི་རིགས་ཚོགས་རྣམས་མཛད་དེ་སྔོན་སྟོན་པ་ཐུབ་པའི་དབང་པོས་བྱ་རྒོད་ཕུང་པོའི་རིར་ཤིར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་བཀའ་སྩལ་པ་ཇི་ལྟ་བར་འཛམ་བུའི་གླིང་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་ཆེས་ཆེར་གསལ་བར་མཛད་དེ་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་བསྒྲག་པར་མཛད་དོ། །དེ་ལ་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་འཛམ་བུའི་གླིང་དུ་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པའི་ནང་ནས་ཆོས་ཀྱི་སྒྲ་ཆེན་པོ་བསྒྲགས་པ་གཉིས་པ་ཞེས་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ།།

དེ་ནས་གདུལ་བྱ་མང་པོ་ཞིག་གི་དོན་ལ་དགོངས་ཏེ་བྱང་སྒྲ་མི་སྙན་དུ་འབྱོན་པར་བཞེད་ནས་བྱོན་པའི་ལམ་ཁར་བྱིས་པ་ཛེ་ཏ་ཀའི་ལག་རིས་ལས་རྒྱལ་པོར་ལུང་བསྟན་ནས་སྒྲ་མི་སྙན་དུ་ཕེབས། དེར་ན་བཟའ་ཤིང་ལ་བཀལ་ནས་ཁྲུས་མཛད་པས། དེ་གཞན་གྱིས་ཁྱེར་བ་ལ་ང་ཡི་ཡིན་གསུངས་པས་ང་བདག་ཅན་ཟེར། དེ་ནས་སྒྲ་མི་སྙན་དུ་གདུལ་བྱའི་དོན་མཛད་ནས་ཚུར་ཕེབས་ཚེ་སྔར་རྒྱལ་པོར་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོར་གྱུར་པ་རྒྱལ་པོ་བདེ་སྤྱོད་བཟང་པོའི་མཆོད་གནས་སུ་ལོ་གསུམ་བཞུགས་ཏེ་དམ་པའི་ཆོས་རྒྱ་ཆེར་སྟོན་པར་མཛད། དེ་ནས་རྗེ་བཙུན་སྒྲོལ་མས་བསྐུལ་བ་ལྟར་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ཏེ་གཙོ་བོར་སྒྲུབ་པ་སྙིང་པོར་མཛད་ཅིང་། སྲས་ཀྱི་ཐུ་བོ་ཨཱརྱ་དེ་ཝ་དང་སངས་རྒྱས་བསྐྱངས་ལ་སོགས་པ་བསྟན་འཛིན་ཆེན་པོ་མང་པོས་གཙོས་མི་དང་མི་མིན་གྱི་གདུལ་བྱ་མཐའ་ཡས་པ་ལ་དམ་པའི་ཆོས་རྒྱ་ཆེར་སྩལ་ཏེ་རྒྱལ་བ་རང་ཉིད་སླར་ཡང་འཇིག་རྟེན་དུ་བྱོན་པ་ལྟ་བུར་བསྟན་པ་ཆེས་ཆེར་རྒྱས་པར་མཛད། རྒྱལ་བའི་བསྟན་པ་ནམ་ཡང་མི་ནུབ་པར་ཡུན་རིང་དུ་གནས་པའི་ཆེད་རྡོ་རྗེ་གདན་ལ་རྡོའི་དྲ་མིག་གི་རྭ་བ་དང་། མཆོད་རྟེན་བརྒྱ་ཕྲག་མང་པོ་དང་། དཔལ་ལྡན་འབྲས་སྤུངས་ཀྱི་བཀོད་པ་ཆེན་པོ་དང་། དགེ་འདུན་གྱི་སྡེ་རྣམས་ལ་མཆོད་གཞི་མང་པོ་བཙུགས།  ནག་པོ་ཆེན་པོ་ལ་སོགས་པ་ཆོས་སྐྱོང་རྣམས་ལ་འཕྲིན་ལས་བཅོལ། ཙནྜི་ཀ་དང་ནོར་རྒྱུན་མ་ལ་སོགས་པ་ནོར་ལྷ་མང་པོ་ལ་རྒྱལ་བའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་མཆོད་ཅིང་བསྙེན་བཀུར་བྱ་བར་བསྐོས་ཏེ་རྒྱལ་བའི་བསྟན་པ་སྒོ་ཀུན་ནས་འཕེལ་བར་མཛད། སྐུ་ཚེའི་སྨད་ལ་གཙོ་ཆེར་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་ཤིང་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟར་མདོ་སྔགས་གཉིས་ཀའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་ནས་ཆོས་ཀྱི་སྒྲ་ཆེན་པོ་གསུམ་པ་བསྒྲགས་ཏེ་སྔོན་རྒྱལ་བས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཐུན་པར་གདུལ་བྱ་བགྲང་བ་ལས་འདས་པ་ཐེག་པ་ཆེན་པོའི་ལམ་ལ་འཁྲིད་པར་མཛད་ཅིང་། རྒྱལ་བས་གསུངས་པའི་ངེས་དོན་གྱི་མདོ་རྣམས་སུས་ཀྱང་དོན་གཞན་དུ་བསྒྱུར་མི་ཐུབ་པར་ངེས་པ་བརྟན་པར་མཛད་དོ།།

ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་པ་འགྲེལ་བའི་བསྟན་བཅོས་མང་དུ་མཛད་པ་ནི་འདི་ལྟར། རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་སྙིང་པོ་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་བྱང་ཆུབ་ལམ་གྱི་རིམ་པ་རིགས་པའི་ལམ་ནས་དྲངས་ཏེ་སྟོན་པ་རིན་པོ་ཆེའི་ཕྲེང་བ་དང་། དེ་ཉིད་ལུང་གིས་སྒྲུབ་པ་མདོ་སྡེ་ཀུན་ལས་བཏུས་པ་མཛད། ལམ་གྱི་རིམ་པའི་གནད་མཐའ་དག་རྒྱལ་བའི་བཀའ་དང་སྦྱར་ཏེ་སྟོན་པ་ལ་ས་ལུ་ལྗང་པའི་མདོ་འགྲེལ་དང་། རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་སོགས་བསྟོད་ཚོགས་དང་། དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་པ། སྒྲུབ་ཐབས་མདོ་དང་བསྲེས་པ། བྱང་ཆུབ་སེམས་འགྲེལ། རྫོགས་རིམ་རིམ་པ་ལྔ་པ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག །སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ། བཤེས་པའི་སྤྲིངས་ཡིག །ཤེས་རབ་བརྒྱ་པ། སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ། སྦོམ་པོའི་ལྟུང་བ་བརྒྱད་པ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བཤད་སྦྱར། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ། སྦྱོར་བ་བརྒྱ་པ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་སོ་ཐིགས་སོགས་མདོ་རྒྱུད་ཀྱི་དགོངས་འགྲེལ་དང་། མདོ་སྔགས་ཀྱི་ལམ་གྱི་རིམ་པ་དང་། རྒྱུད་སྡེ་བཞི་ནས་གསུངས་པའི་ལྷ་མང་པོའི་སྒྲུབ་ཐབས་སོགས་བསྟན་བཅོས་མང་དུ་མཛད་དོ།།

དེ་ལྟར་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན་བདུད་སྡིག་ཏོ་ཅན་དཔུང་དང་བཅས་པས་ཕྲག་དོག་གིས་མ་བཟོད་པར་ཡོད་པ་ལ་ཐབས་གཞན་མ་རྙེད་པར་རྒྱལ་པོ་བདེ་སྤྱོད་ཀྱི་བཙུན་མོའི་མངལ་དུ་ཞུགས་པ་ཕྱིར་བཙས་པས་རྒྱལ་བུ་གཞོན་ནུ་ནུས་ལྡན་དུ་གྲགས་པ་ལ། མས་གོས་སྲུབས་མེད་པ་འཇིག་རྟེན་ན་རྙེད་དཀའ་བ་ཞིག་བྱིན་པས། བུ་ན་རེ། འདི་ད་ལྟ་སྦོས་ལ་ང་རྒྱལ་སྲིད་སྐྱོང་བ་ན་བགོ་བར་བྱའོ་ཞེས་ཟེར་བར། མས་ཁྱོད་ཀྱི་ཕ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་དུ་མི་འཆི་བས། ཁྱོད་རྒྱལ་སྲིད་སྐྱོང་བ་མི་ཡོང་ཟེར་བས། བུ་མྱ་ངན་སྐྱེས་ཏེ་ངུས་པ་དང་། མ་ན་རེ། ངུ་མི་དགོས་ཀྱིས་སློབ་དཔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས། དབུ་བསླངས་ན་སྟེར་འགྱུར་ཞིང་། དེར་ཡབ་ཀྱང་འགུམ་པས་ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཟེར།

དེ་ནས་རྒྱལ་བུ་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་དབུ་བསླངས་པས། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་འདི་ལྟར་དགོངས་ཏེ་སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས་སློབ་པ་ལམ་གྱི་གནས་སྐབས་སུ་དབུ་སྦྱིན་པར་བཏང་བ་སོགས་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མཛད་པ་དེ་ལྟར་དུ་ངས་ཀྱང་སྟོན་པའི་རྣམ་ཐར་བསྐྱངས་པ་དང་། བདུད་སྡིག་ཏོ་ཅན་སྤ་བཀོང་བར་བྱ་བ་དང་། ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བྱ་བ་དང་། རྒྱལ་སྲས་རྣམས་ལ་སྙིང་སྟོབས་བསྐྱེད་པར་བྱ་བའི་ཕྱིར་སྦྱིན་པར་བྱའོ་སྙམ་དུ་དགོངས་ནས་དབུ་སྟེར་བར་ཞལ་གྱིས་བཞེས་པས། རལ་གྲིས་དབུ་བཅད་ཀྱང་མ་ཆོད་པར། སློབ་དཔོན་གྱི་ཞལ་ནས་ངས་སྔོན་འཇག་མ་ཞིག་བཅད་པའི་ཞར་ལ་འབུ་གཅིག་གི་སྐེ་གཅད་པའི་ཉེས་པ་ཡོད་པས་རྩྭ་ཀུ་ཤས་ཆོད་ཅིག་གསུངས་ནས་བཅད་པས་ཆོད། དེའི་ཚེ་ཁྲག་འོ་མར་བྱུང་ཞིང་དབུ་དེའི་ཞལ་ནས།

ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ནི་འཇུག་པར་གྱུར། །

ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་བུ་དེས་དབུ་སླར་འབྱར་གྱིས་དོགས་ནས་དཔག་ཚད་ཙམ་དུ་དོར་བར་སློབ་དཔོན་བཅུད་ལེན་གྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་། སླར་རིམ་གྱིས་དབུ་དང་སྐུ་ལུས་གཉིས་ཀ་མཉམ་པར་ལོ་རེ་བཞིན་ཇེ་ཉེར་ཇེ་ཉེར་སོང་ནས་མཐར་དབུ་དང་སྐུ་ལུས་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གསུངས་སོ།།

བདག་ཉིད་ཆེན་པོ་འདི་ནི་སྔོན་ཡུན་རིང་པོ་ནས་སའི་དབང་ཕྱུག་ཏུ་གཤེགས་པ་ཞིག་ཡིན་པས་དབུ་སྦྱིན་པར་གཏོང་བ་ལ་ཡང་བ་མེད་པར་དགའ་བཞིན་སྤྲོ་བཞིན་དུ་གཏོང་བར་མཛད་པ་ནི་ས་ཐོབ་པའི་རྟགས་སྟོན་པར་མཛད་པ་སྟེ། དབུ་མ་འཇུག་པ་ལས།

ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་བསམས་ལས། །

རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། །

ཞི་བར་ཞུགས་པས་བདེ་བ་བྱེད་མིན་ན། །

ཐམས་ཅད་བཏང་བས་ལྷ་ཞིག་སྨོས་ཅི་དགོས། །

ཞེས་ས་ཐོབ་ནས་དབུ་སྦྱིན་པར་གཏོང་བ་ལ་སྡུག་བསྔལ་མེད་པར་མ་ཟད་དགེ་སློང་བསམ་གཏན་དང་པོ་ལ་མཉམ་པར་བཞག་པའི་བདེ་བ་ལས་ཀྱང་ལྷག་པའི་དགའ་བ་དང་བདེ་བ་བསྐྱེད་པར་གསུངས་པ་ལྟར་རོ།།

འཕགས་པ་ཀླུ་སྒྲུབ་ནི་ས་ཐོབ་པར་རྒྱལ་བས་མདོ་སྡེ་ནས་གསལ་བར་གསུངས་ཤིང་ཡོངས་སུ་གྲགས་པ་ལྟར་ཡིན་ལ། དེ་ཡང་ཐུན་མོང་བའི་སྣང་ངོར་དཔལ་གྱི་རི་ལ་ལོ་ཉིས་བརྒྱའི་བར་དུ་སྒྲུབ་པ་མཛད་ནས་ས་ལམ་གོང་ནས་གོང་དུ་བགྲོད་དེ་ས་བདུན་པ་ཐོབ་པར་གྲགས་ཤིང་། ས་དང་པོ་ཐོབ་པ་ནས་བཟུང་འཇིག་རྟེན་གྱི་ཁམས་བརྒྱར་སྤྲུལ་པའི་བཀོད་པ་བརྒྱ་སྟོན་པ་དང་། སངས་རྒྱས་བརྒྱ་ལ་སྐུའི་བཀོད་པ་བརྒྱས་དུས་གཅིག་ཏུ་ཆོས་ཉན་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་ཅིང་། ཡོན་ཏན་དེ་དག་ས་གཉིས་པ་ནས་བཟུང་གོང་འཕེལ་དུ་འགྲོ་བར་གསུངས་པས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པ་ཡིན་ཞིང་། ཐུན་མོང་མིན་པར་ནི་སྒྲོན་གསལ་ལས་དེ་ལྟར་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱི་དོན་རྗེས་སུ་བརྙེས་ནས། སོ་སོར་རང་རིག་པ་རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་དུ་བསྟན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་། མུ་སྟེགས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་འདས་ནས། སྐྱེ་བ་དང་འགག་པ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་ལྟ་བས་ཆོག་མི་ཤེས་པ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པ་བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་བཞུགས་སོ། །ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་སྐུ་ཚེ་དེ་ལ་གསང་བ་འདུས་པའི་ལམ་ལ་བརྟེན་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་གསུངས་སོ།།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དྲང་ངེས་དྲི་མ་མེད་པའི་རིགས་པས་ལེགས་པར་ཕྱེ་ནས་རྒྱལ་བའི་དགོངས་པ་འཁྲུལ་མེད་དུ་གཏན་ལ་ཕབ་པའི་ལམ་སྲོལ་དེ་ཉིད་འཛིན་ཅིང་སྤེལ་བར་བྱེད་པའི་ཐུགས་སྲས་བསྟན་འཛིན་དམ་པ་མཐའ་ཡས་པ་ཞིག་བྱོན་ཞིང་། ཐམས་ཅད་ཀྱི་ནང་ནས་གཙོ་བོར་གྱུར་པ་ཐུགས་སྲས་བཞི། ཉེ་བའི་ཐུགས་སྲས་གསུམ་སྟེ་བདུན་དུ་གྲགས་ཏེ། ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་མཐོང་ནཱ་ག་བོ་དྷི། ས་བརྒྱད་ནོན་པ་ཨཱརྱ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏངྒི་པའོ། །ཉེ་བའི་ཐུགས་སྲས་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་རྣམས་སོ།།  །།

 

༈ གཉིས་པ་དེའི་སྲས་འཕགས་པ་ལྷ་ལ་བསྟོད་པ་ནི།

དེ་སྲས་ཐུ་བོ་དགེ་ལེགས་དཔལ་ཡོན་ཅན། །

ལོག་སྨྲ་ཚར་བཅད་སྐལ་ལྡན་རྗེས་སུ་འཛིན། །

ཐར་འདོད་རྣམས་ལ་ཐར་པའི་ལམ་སྟོན་པ། །

ཨཱརྱ་དེ་ཝའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་པའོ། །དོན་ནི། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དེའི་སྲས་ཀྱི་ཐུ་བོ་ལུང་དང་རྟོགས་པའི་དགེ་ལེགས་ཀྱི་དཔལ་དང་ལྡན་པའི་ཡོན་ཏན་ཅན། ལོག་པར་སྨྲ་བའི་མུ་སྟེགས་པའི་རྒོལ་བ་ངན་པ་ལུང་རིགས་ཀྱིས་ཚར་བཅད་ནས། སྐལ་བ་དང་ལྡན་པའི་གདུལ་བྱ་མཐའ་དག་བརྩེ་བ་ཆེན་པོས་རྗེས་སུ་འཛིན་ཅིང་། ཐར་པ་འདོད་པའི་སྐྱེ་དགུ་རྣམས་ལ་ཐར་པར་བགྲོད་པའི་ལམ་བཟང་པོ་སྟོན་པ། འཕགས་ལམ་བརྙེས་པའི་སློབ་དཔོན་ཨཱརྱ་དེ་ཝ་ཞེས་པའི་དམ་པ་དེའི་ཞབས་ལ་ཕྱག་འཚལ་ལོ་ཞེས་པའོ།།

སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བ་སློབ་དཔོན་ཨཱརྱ་དེ་ཝའམ་འཕགས་པ་ལྷ་ནི། ཟླ་གྲགས་ཀྱི་གསུང་བཞི་བརྒྱ་པའི་འགྲེལ་པར་སིངྒ་ལའི་རྒྱལ་པོའི་སྲས་སུ་བཤད་པ་ལྟར་ན། སིངྒ་ལའི་རྒྱལ་པོ་པཉྩ་ཤྲཱི་གཾ་ཞེས་པའི་སྲས་སུ་འཁྲུངས་པ་རྒྱལ་ཚབ་ཏུ་བཞག་ཀྱང་རབ་ཏུ་བྱུང་བ་ལ་མོས་ཏེ། མཁན་པོ་ཧི་མ་དེ་ཝ་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས། སྡེ་སྣོད་གསུམ་པོ་མཐའ་དག་ཤེས་པའི་ཆེད་དང་། ལྷ་ཁང་དང་མཆོད་རྟེན་སྣ་ཚོགས་བལྟ་བར་རྒྱ་གར་དུ་བྱོན། སློབ་དཔོན་ཀླུ་སྒྲུབ་ལྷོ་ཕྱོགས་དཔལ་གྱི་རིར་ཕེབས་ཁར་མཇལ་ཏེ་དཔལ་རིར་ལྷག་ཏུ་བྱོན་ནས་ཀླུ་སྒྲུབ་བསྟེན་ཅིང་དངོས་གྲུབ་བརྙེས། མཐར་བསྟན་པའང་གཏད་དོ།།

མདོ་སྔགས་གང་གི་ཐད་ལའང་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་མེད་པར་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་བཞིན་དུ་གཏན་ལ་འབེབས་པའི་བསྟན་བཅོས་མང་དུ་མཛད་པ་པོ་སྟེ། ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པ་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་ཏེ་སྟོན་པའི་བསྟན་བཅོས་བཞི་བརྒྱ་པ་དང་། དཔལ་གསང་བ་འདུས་པ་གཙོ་བོར་བྱས་པའི་བླ་མེད་ཀྱི་ལམ་རིམ་གཉིས་ཀྱི་གནད་མཐར་ཐུག་པ་རྣམས་སྟོན་པའི་གཞུང་སྤྱོད་བསྡུས་སྒྲོན་མ་མཛད་ཅིང་། གཞན་ཡང་བསྟན་བཅོས་དུ་མ་མཛད་དོ། །འཕགས་ཡུལ་གྱི་མཁས་པ་ཐམས་ཅད་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཞེས་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ལྷ་གཉིས་ལ་རྣམ་པ་ཀུན་ཏུ་ཚད་མར་འཛིན་ཅིང་། སྔོན་གྱི་དབུ་མ་པ་རྣམས་སློབ་དཔོན་འདི་གཉིས་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཁུངས་མཐར་ཐུག་ཏུ་བྱེད་དོ།།

འདི་ཉིད་ལྷོ་ཕྱོགས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་ན་བཞུགས་པའི་སྐབས་མུ་སྟེགས་ཐུབ་དཀའ་ནག་པོའམ་རྟ་དབྱངས་ཞེས་བྱ་བས་ན་ལེནྡྲའི་དགེ་འདུན་རྣམས་ལ་ང་མུ་སྟེགས་རྟ་དབྱངས་བྱ་བ་ཡིན། ཁྱེད་ཅག་དང་རྩོད་པ་བྱེད། ཁྱེད་ཅག་རྒྱལ་ན་ང་ཆུ་བོ་གངྒར་འཆི་རུ་འགྲོ། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་འཇུག་སྟེ་ཁྱེད་ཅག་གི་གཙུག་ལག་ཁང་དང་། ཆོས་རྣམས་ཀྱང་བསྲེག་དགོས། དེའི་དཔང་པོ་ཡང་རྒྱལ་པོ་ལ་འཆོལ་བ་ཡིན་པས་དུས་ཐོབ་ཅིག །ཅེས་སྒྲ་བསྒྲགས་པ་དེའི་ཚེ་སུས་ཀྱང་ལན་ལྡོག་པར་མ་ནུས་པ་ན། དགེ་འདུན་རྣམས་བགྲོས་ཏེ། འདིས་རྒྱ་གར་ཤར་ནུབ་སོགས་ཀྱི་ནང་པ་ཐམས་ཅད་ཕམ་པར་བྱས་འདུག་པས་འུ་ཅག་གིས་མི་ཐུབ། ལྷོ་ཕྱོགས་དཔལ་གྱི་རི་ན་བཞུགས་པའི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་གཉིས་ལས་གཞན་རྟ་དབྱངས་ཀྱི་རྩོད་པ་བཟློག་ཐུབ་པ་སུའང་མེད། སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་གནས་དེ་ནི་བཤུལ་ཐག་རིང་བས་དུས་སུ་མི་སླེབ་ཅེས་ཐམས་ཅད་ཡིད་ཁོང་དུ་ཆུད་པ་ན། དེར་པཎྜི་ཏ་ཞིག་གི་རྨི་ལམ་དུ་མུ་སྟེགས་ཀྱི་རྩོད་པ་བཟློག་པའི་ཐབས་སུ་ཆོས་སྐྱོང་མགོན་པོ་ཕྱག་བཞི་པ་ལ་འཕྲིན་ལས་བཅོལ་ན་ཆོས་སྐྱོང་སྤྲུལ་པས་སློབ་དཔོན་གདན་འདྲེན་པའི་ཕོ་ཉ་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་བྱུང་བ་ལྟར་མཆོད་གཏོར་བཤམས་ཏེ་སློབ་དཔོན་ལ་ཞུ་འབུལ་འཕྲིན་ཡིག་འདི་ལྟར།

ཤིན་ཏུ་འཁུར་དཀའི་ཁུར་གྱིས་ལུས་དུབ་ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། །

ཀྱེ་མ་རྨ་མེད་ཉིད་དུ་རོལ་པ་འབའ་ཞིག་གིས་ནི་རབ་ཏུ་འཁྲུག་བྱེད་དམ། །

འདི་ན་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བ་ཅན་གྱི་ཤིང་རྟ་མྱུར་དུ་དྲོངས། །

ལྟ་ཞིང་འདུག་གམ་ཡུན་རིང་གནས་ཀྱང་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་པར་ལོངས། །

ཞེས་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས་མགོན་པོ་ལ་མཆོད་གཏོར་རྒྱ་ཆེན་པོ་ཕུལ་ཏེ་འཕྲིན་ལས་དྲག་ཏུ་བསྐུལ་བ་ན། མགོན་པོའི་རྣམ་སྤྲུལ་བྱ་རོག་གཅིག་བྱུང་སྟེ་འཕྲིན་ཡིག་མཆུས་བླངས་ཏེ་འཕུར་ནས་སོང་། སྤྲུལ་པའི་བྱ་རོག་དེས་དཔལ་གྱི་རིར་བབ་སྟེ་སློབ་དཔོན་ཡབ་སྲས་ལ་འཕྲིན་ཡིག་གཏད་པ་དང་། སློབ་དཔོན་གྱིས་གཟིགས་ནས། མུ་སྟེགས་རྟ་དབྱངས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉམས་ང་བྱས་པར་འདུག །དེ་བཟློག་པ་ལ་ང་འགྲོ་གསུངས་པས། ཐུགས་ཀྱི་སྲས་མཆོག་འཕགས་པ་ལྷས་སློབ་དཔོན་གཤེགས་མི་དགོས་བདག་གིས་དེ་འདྲལ་ནུས་ཞུས་པས། ཁྱོད་ཀྱིས་རྟ་དབྱངས་ཐུབ་མི་ཐུབ་བལྟའོ་གསུངས་ནས་ཡབ་སྲས་གཉིས་རེས་མོས་ཀྱི་ཚུལ་དུ་ཕྱི་ནང་གི་གྲུབ་མཐའ་བཟུང་ནས་རྩོད་པས་ནང་པའི་གྲུབ་མཐའ་སུས་ཟིན་པ་དེ་རྒྱལ་བས་རྟེན་འབྲེལ་ལེགས་པར་འགྲིག་གོ།

དེ་ནས་སློབ་དཔོན་ཨརྱ་དེ་ཝ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་གདམས་དང་བཅས་རྫུ་འཕྲུལ་གྱིས་བྱོན་པའི་ལམ་དུ་མུ་སྟེགས་པའི་རིགས་ཅན་གྱི་བུད་མེད་ཅིག་གིས་གྲུབ་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་ཟེར་བ་ལ་སྤྱན་ཡ་གཅིག་སྦྱིན་པ་བཏང་བས་ས་གཡོས་པ་ལ་སོགས་པས་ལྟས་ཁྱད་པར་ཅན་མང་དུ་བྱུང་། དེ་ནས་མུ་སྟེགས་རྟ་དབྱངས་ཀྱིས་ན་ལེནྡྲར་རྒྱལ་པོ་དཔང་དུ་བཞག་སྟེ་རྩོད་པ་བྱེད་དོ་ཞེས་པའི་སྒྲ་ཕྱོགས་ཀུན་ཏུ་གྲགས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་གང་རིགས་ཤིག་ཀྱང་རྟ་དབྱངས་འདུལ་བའི་ཕྱིར་ལྷོ་ཕྱོགས་དཔལ་གྱི་རི་ནས་ན་ལེནྡྲར་བྱོན་པར་གྱུར་ཅེས་པའི་སྒྲ་ཕྱོགས་ཀུན་ཏུ་གྲགས་པ་ལ་བརྟེན་ནས་ཕྱི་ནང་གི་པཎྜི་ཏ་ཁྲི་ཕྲག་དུ་མ་ན་ལེནྡྲར་འདུས་སོ།།

དེ་ནས་སློབ་དཔོན་འཕགས་པ་ལྷ་དེར་ཕེབས་པ་ན་རྟ་དབྱངས་ཀྱིས་ནང་པ་ཕྱིར་མི་གཏོང་། ཕྱི་པ་ནང་དུ་མི་གཏོང་ཟེར་ནས་སྒོར་ཉལ་ཏེ་ཕྱི་ནང་གི་འགྲུལ་པ་ཅན། དགེ་འདུན་རྣམས་ཚང་བའི་དུས་སུ་ནངས་རེ་བཞིན་གྲལ་དུ་འོང་ནས་དབྱུ་གུས་གྲངས་འདྲེན་པར་བྱེད་པས་གསར་པ་ནང་དུ་འཇུག་དཀའ་བ་ཡོད། སློབ་དཔོན་གྱིས་ཆུ་ལེན་མཁན་ལ་ང་འོང་འདུག་གྱིས་གསུངས་པ་ལྟར་དེས་ཀྱང་དགེ་འདུན་རྣམས་ལ་ང་འོང་འདུག་ཟེར་བ་ཞིག་འདུག་བྱས་པས། དགེ་འདུན་རྣམས་ཀྱིས་འཕགས་པ་ཡབ་སྲས་གང་རིགས་ཤིག་འབྱོན་པར་ཤེས་ཏེ་སུ་ཡིན་ཞུས་པས། སློབ་དཔོན་ཀླུ་སྒྲུབ་ནི་མ་བྱོན། སློབ་མ་ཨརྱ་དེ་ཝ་ཡོང་ནས་ཡོད་དོ་གསུངས་པས། དགེ་འདུན་རྣམས་དགའ་ཞིང་མགུ་ནས་མཆོད་པའི་བྱེ་བྲག་རྣམ་པ་མང་པོ་ཐོགས་ཏེ་སྒོ་ནང་ནས་བསུས་སོ།།

དེ་ནས་སློབ་དཔོན་གྱིས་རྟ་དབྱངས་ཆུ་གཏོར་གཏོང་བའི་སར་བྱོན་ཏེ་ཅི་བྱེད་དྲིས་པས། སྔར་ཤི་བའི་ཕ་མེས་རྣམས་ལ་སྟེར་བ་ཡིན་ནོ་ཟེར། སློབ་དཔོན་གྱིས་ང་ཡང་ལྷོ་ཕྱོགས་དཔལ་གྱི་རི་ལ་ཤིང་སྐམ་པོ་ཞིག་ཡོད་པ་དེ་ལ་ཆུ་འཐོར་བ་ཡིན་གསུངས་ནས་གཏོར་བས། རྟ་དབྱངས་ན་རེ། དཔལ་གྱི་རི་ལ་འདི་ནས་ཆུ་གཏོར་བས་ཅི་ལ་ཕན་ཟེར་བ་ན། འོ་ན་ཕ་མེས་སྔར་ཤི་བ་ལ་ད་ལྟ་ཆུ་གཏོར་བྱས་པས་ཅི་ལ་ཕན་གསུངས།  ཡང་རྟ་དབྱངས་འབབ་སྟེགས་ཀྱི་ཁྲུས་བྱས་པར་ཅི་བྱེད་གསུངས་པས་སྡིག་པ་སྦྱོང་བ་ལ། སློབ་དཔོན་གྱི་ཤེལ་བུམ་མི་གཙང་བས་གང་བའི་ཕྱི་དཀྲུས་པས། རྟ་དབྱངས་ན་རེ། མི་གཙང་བ་ནང་ན་ཡོད་པ་ལ་ཕྱི་བཀྲུས་པས་ཅི་ལ་ཕན་ཟེར། འོ་ན་སྡིག་པ་སེམས་ལ་ཡོད་པར་ལུས་བཀྲུས་པས་ཅི་ཕན་གསུངས། དེ་ནས་སློབ་དཔོན་ཚོགས་སུ་དགེ་འདུན་གྱི་གྲལ་སྨད་ཀྱི་ཆར་བཞུགས་པ་དང་། རྟ་དབྱངས་ཀྱི་སྔར་བཞིན་བགྲངས་པས་གྲངས་ལྷག་པ་ན། སྔོན་མེད་མགོ་ཟླུམ་ག་ན་འོང་ཟེར་བ་ལ། སློབ་དཔོན་གྱིས་མགོ་ཟླུམ་སྐེའི་སྟེང་ན་ཡོང་གསུངས་པར་རྩོད་པ་བྱེད་པར་ཤེས་ཏེ། བྱིའུ་ཞིག་འཆང་བར་བཅུག་སྟེ་འདི་འཆིའམ་གསོན་ཟེར་བ་ལ། དེ་ཁྱེད་ཀྱི་སྙིང་རྗེ་ལ་རག་ལས་སོ་གསུངས། ཐེམ་པར་བཞོན་ནས་ང་ཕྱིར་འགྲོའམ་ནང་དུ་འགྲོ་ཟེར་བར་དེ་ཁྱོད་ཀྱི་འདོད་པ་དང་དོན་སྤྱོད་གང་ན་ཡོད་པ་ལ་རག་ལས་སོ་གསུངས།

དེ་ནས་རྟ་དབྱངས་ཀྱིས་ད་རང་རེ་གཉིས་རྩོད་པ་བྱའོ་ཟེར་བ་ལ། སློབ་དཔོན་ཨཱརྱ་དེ་ཝས་ཞལ་གྱིས་བཞེས་ཏེ་རྩོད་པའི་དུས་བཏབ་པས་རྒོལ་བའི་དཀྱིལ་འཁོར་བཤམས་ནས་རྒྱལ་པོ་དཔང་དུ་བཞག་སྟེ་སུ་ཕམ་པ་དེ་གང་རྒྱལ་བའི་ཕྱོགས་ཀྱི་བསྟན་པ་ལ་འཇུག་པར་བྱས། སང་ཉིན་རྩོད་པ་བྱེད་པའི་དོན་དུ་ནུབ་མོ་དབུས་སུ་རྒྱལ་པོ་དང་། གཡས་སུ་སློབ་དཔོན། གཡོན་དུ་རྟ་དབྱངས་ཀྱི་ཁྲི་བཤམས། རྒྱལ་ཕམ་ཤན་འབྱེད་ཀྱི་ཕྱི་ནང་གི་པཎྜི་ཏ་རྩོད་པ་མཐར་དབྱུང་གི་དཔང་པོ་དུ་མའི་གདན་ཁྲི་ཡང་བཤམས་ཏེ། ནང་པར་ཁྲི་སོ་སོར་འཁོར་དང་བཅས་པ་འཁོད་པའི་དབུས་སུ། རྟ་དབྱངས་ན་རེ། མིག་གཅིག་པ་འདིས་ཅི་ཞིག་སྨྲ་ཟེར་བ་ལ། སློབ་དཔོན་གྱིས།

བརྒྱ་བྱིན་མིག་སྟོང་ལྡན་གྱུར་ཀྱང་། །ཆོས་ཀྱི་དེ་ཉིད་མཐོང་བ་མེད། །

ཨཱརྱ་དེ་ཝ་མིག་གཅིག་གིས། །སྲིད་པ་གསུམ་གྱི་དེ་ཉིད་མཐོང་། །

ཞེས་སྨྲས་པས། རྟ་དབྱངས་ན་རེ། ཁྱོད་ཀྱིས་ངའི་རྩོད་ཟླ་མི་ཡོང་གི་ངའི་སྲིང་མོ་འདི་དང་རྩོད་ཅིག །སྲིང་མོས་ཀྱང་ལན་ཐོབ་ཟེར་བ་ན། སྲིང་མོ་ལྷ་མོ་ཨུ་མ་རྩོད་དུ་བྱུང་བས། དགེ་བསྙེན་ངོ་ཚ་མེད་པ་ལུས་གཅེར་བུ་མཚན་མ་གྱེན་དུ་བསྒྲེངས་པ་ཞིག་སྤྲུལ་པས་ལྷ་མོ་ཨུ་མ་ངོ་ཚ་ནས་བྲོས་སོ།།

དེ་ནས་རྟ་དབྱངས་ཀྱིས་ངའི་ནེ་ཙོ་འདི་དང་རྩོད་ཅིག་ནེ་ཙོས་ཀྱང་ལན་ཐོབ་ཟེར་བས། ཚངས་པའི་སྤྲུལ་པ་ནེ་ཙོ་རྩོད་དུ་བྱུང་བ་ལ་བྱི་ལ་བཏང་ནས་ནེ་ཙོའི་སྐེ་བཅད་པས། རྟ་དབྱངས་ན་རེ། ནང་པ་སངས་རྒྱས་པར་ལས་འཚེ་བ་དང་སྲོག་གཅོད་པ་འགལ། ཁྱོད་ལ་སྡིག་པ་འོང་ཟེར་བ་ལ། སློབ་དཔོན་གྱིས་དཔལ་གྱི་རི་ན་སྡིག་སྦྱོང་བྱེད་པའི་སློབ་དཔོན་བཞུགས་ཡོད་གསུངས་པས། དེས་སྡིག་སྦྱོང་བྱས་པས་ཁྱོད་ཀྱི་སྡིག་པ་བྱང་ངམ་ཟེར་བ་ལ། འོ་ན་བྱི་ལས་ནེ་ཙོ་བསད་པའི་སྡིག་པ་ང་ལ་འོང་ངམ་གསུངས། དེ་ནས་རྟ་དབྱངས་ཀྱིས་སློབ་དཔོན་ལ་ངའི་ཐོད་ལེ་ཀོར་དང་རྩོད་ཅིག་ཐོད་ལེ་ཀོར་གྱིས་ཀྱང་ལན་ཐོབ་ཟེར་བས། ཁྱབ་འཇུག་གི་སྤྲུལ་པ་ཐོད་ལེ་ཀོར་སོ་ཕག་གི་སྟེང་དུ་བསྐྱུར་བྱུང་བས། སློབ་དཔོན་གྱིས་མར་ནག་བསྐུས་པས་རི་མོ་མ་བྱུང་བས་རྟ་དབྱངས་ངོ་གནོང་ཞིང་སྐྱེངས་པར་གྱུར། འོན་ཀྱང་སྔར་དབང་ཕྱུག་གིས་མཆོག་བྱིན་པའི་རློམ་པས་སློབ་དཔོན་ཨཱརྱ་དེ་ཝ་དང་ལྷན་ཅིག་རྩོད་པ་ལ་ཞུགས་པ་ན། རྟ་དབྱངས་ཀྱི་འདོད་ཚུལ་རྣམས་སློབ་དཔོན་གྱིས་དྲི་མ་མེད་པའི་རིགས་པ་སྟོང་ཕྲག་གིས་སུན་ཕྱུངས་ཏེ་རྟ་དབྱངས་རྣམ་པ་ཀུན་ཏུ་ཕམ་པར་མཛད་ཅིང་། རྩོད་པའི་ཚིག་དོན་རྣམས་ཐོག་མར་དེར་ཚོགས་པ་ཀུན་གྱིས་གོ །བར་དུ་ཅུང་ཟད་རེ་ལས་མ་གོ །མཐར་དཀའ་གནད་ཤིན་ཏུ་ཕྲ་བ་ལ་ཐུག་པའི་ཚེ་དཔང་པོ་རྣམས་ཀྱིས་ཀྱང་ཤན་མ་ཕྱེས་དེའི་སྟོབས་ཀྱི་རྒྱལ་པོས་ཀྱང་ཚར་གཅོད་མ་ཤེས་པར་གྱུར་ཏོ།།

དེ་ནས་རྟ་དབྱངས་ཀྱིས་ད་རྫུ་འཕྲུལ་འགྲན་ཟེར་ནས་བརྒྱ་བྱིན་མིག་སྟོང་ཡོད་པ་ཞིག་ཏུ་སྤྲུལ་པ། སློབ་དཔོན་གྱིས་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ཏེ་ཟིལ་གྱིས་གནན། རྟ་དབྱངས་ཀྱི་ཁ་ནས་མེ་ཕྱུང་བ་སློབ་དཔོན་གྱི་ཞབས་ནས་ཆུ་ཕྱུང་སྟེ་བསད། རྟ་དབྱངས་ཀྱིས་ནམ་མཁར་དཀྱིལ་འཁོར་བྲིས་པ་སློབ་དཔོན་གྱི་རྫུ་འཕྲུལ་གྱིས་བསུབས་པས་རྩོད་པ་དང་ནུས་པ་དང་རྫུ་འཕྲུལ་སོགས་སྒོ་དུ་མས་རྟ་དབྱངས་ཕམ་སྟེ། ཆུ་བོ་གངྒཱར་ལྕེབས་པར་བརྩམས་པ་ན། རྒྱལ་པོས་རྟ་དབྱངས་བཟུང་ནས་བཀའ་སྡེ་སྣོད་མང་པོ་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཅུག་ནས་སྒོ་ལ་ལྕགས་ཟེར་གྱིས་བཏབ་སྟེ་བཞག །རྟ་དབྱངས་སྐྱོ་སྟེ་མདོ་རྒྱུད་བསྟན་བཅོས་རྣམས་ལ་བལྟས་པས་ཕྱོགས་འཛིན་གྱི་འཆིང་བ་གྲོལ་ཞིང་། ལྷག་པར་འཇམ་དཔལ་རྩ་རྒྱུད་ཀྱི་གླེགས་བམ་བཀླགས་པས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལུང་བསྟན་པའི་ཚུལ་དང་། རང་ཉིད་ཀྱང་ལུང་བསྟན་པའི་ཚུལ་རྣམས་མཐོང་བས་རྒྱལ་བའི་བཀའ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉག་ཅིག་ནམ་ཡང་བསླུ་བ་མེད་པའི་ངེས་པ་རྙེད་ནས། སློབ་དཔོན་ལ་རབ་ཏུ་བྱུང་བར་ཞུས་པ་བཞིན་སློབ་དཔོན་ཨཱརྱ་དེ་ཝས་རྟ་དབྱངས་ཀླུ་སྒྲུབ་ཀྱི་སྤྱན་སྔར་འཁྲིད་ནས་རབ་ཏུ་བྱུང་། ཐུབ་བསྟན་ཡོངས་རྫོགས་ལ་མཁས་གྲུབ་གཉིས་ལྡན་དུ་གྱུར་ཏོ།།

སློབ་དཔོན་ཨཱརྱ་དེ་ཝ་ལྷོ་ཕྱོགས་དཔལ་རིར་བཞུགས་ནས་ལྷོ་ཕྱོགས་ཀྱི་རྒྱུད་རྣམས་སུ་སེམས་ཅན་གྱི་དོན་མཛད་ཅིང་། ཤིང་གི་ལྷ་སོགས་ལས་ཡོ་བྱད་བླངས་ནས་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས་ཤིང་། དེར་གནོད་སྦྱིན་མོ་སྐལ་པ་བཟང་མོས་འཚོ་བ་སྦྱར་ཏེ། ཐེག་ཆེན་གྱི་ཆོས་གཞི་རེ་ཡང་བཙུགས་པར་མཛད་དོ། །མཐར་ནཱ་ལེནྡྲར་བཞུགས་ནས་འགྲོ་དོན་བགྱིད་ཅིང་གདུལ་བྱ་རྣམས་འཁོར་བར་ཞེན་པ་བཟློག་ཕྱིར་སྐུ་མྱ་ངན་འདས་པའི་ཚུལ་བསྟན་ཏོ།།  །།

 

༈ གཉིས་པ་རྒྱ་ཆེ་བའི་ལམ་གྱི་རིམ་པ་གསལ་མཛད་ཐོགས་མེད་སྐུ་མཆེད་ལ་བསྟོད་པ་ལ་གཉིས། ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དང་། དེའི་གཅུང་པོ་མཁས་མཆོག་དབྱིག་གཉེན་ལ་བསྟོད་པའོ། །དང་པོ་ནི།

མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །

རབ་འབྱམས་ཤེས་བྱའི་མཁའ་ལ་རབ་འཕགས་ཤིང་། །

བདེ་གཤེགས་གསུང་རབ་ཉིན་མོར་བྱེད་པའི་དཔལ། །

འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །

ཞེས་པའོ། །དོན་ནི། རྒྱལ་བའི་གསུང་རབ་ཐམས་ཅད་ཐོགས་པ་མེད་པ་མངོན་སུམ་གྱིས་མཁྱེན་པའི་ཉི་མའི་དཀྱིལ་འཁོར། ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ལེགས་པར་བཤད་པའི་འོད་སྟོང་ཅན། མཐའ་ཡས་མུ་མེད་པའི་རབ་འབྱམས་ཀྱི་ཤེས་བྱའི་ནམ་མཁའ་ལ་རབ་ཏུ་འཕགས་ཤིང་། བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ཉིན་མོ་ལྟར་གསལ་བར་བྱེད་པའི་དཔལ་དུ་གྱུར་པ་ས་གསུམ་བརྙེས་པའི་འཕགས་པ་ཐོགས་མེད་ཀྱི་ཞབས་ལ་ཕྱག་འཚལ་ལོ་ཞེས་པའོ།།

དེ་ཡང་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ནི། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་ཀྱི་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོར་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་བསྡུས་དོན་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །ཞེས་གསལ་བར་ལུང་བསྟན་པ་ཐུབ་པའི་བསྟན་པ་ཉམས་དམས་པ་གསོ་བའི་ཕྱིར་དུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་ཞིང་འདིར་བསམ་བཞིན་དུ་བྱོན་པ་ཞིག་སྟེ། དེ་ཡང་རྒྱལ་བ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་ན་ནང་པའི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་པ་དང་། དེ་ནས་ཀྱང་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་གིས་ཐེག་ཆེན་རྒྱལ་བའི་བཀའ་མ་ཡིན་ནོ་ཞེས་ལོག་པར་བཟུང་སྟེ། ཐེག་པ་ཆེན་པོའི་བསྟན་པ་ཆེས་ཆེར་ཉམས་དམས་པར་བྱས་ཤིང་། ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱང་ཕན་ཚུན་རྩོད་པར་བྱེད་པས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཕྱོགས་ཕྱོགས་སུ་གྱེས་པས་རྒྱལ་བའི་བསྟན་པ་ཤིན་ཏུ་ཉམས་ཤིང་། ལྷག་པར་བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་ཏེ་ཡིད་བསྒྱུར་བའི་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜིའི་སྒྲ་ལས་འགེམས་ཞེས་པ་ཞིག་སྣང་སྟེ། འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ་ཟེར་ནས་བརྟགས་པས།

ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། །

དཀོན་མཆོག་གསུམ་གྱི་ཏོག་སྡེ་འདི་བརྡུངས་པས། །

མུ་སྟེགས་འཆལ་བའི་ཀླད་པ་རྣམ་པར་འགེམས། །

ཞེས་པར་རིག་ནས་དམག་དྲངས་ཏེ་བསྟན་པ་བསྣུབས་སོ།།

དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ། དབུས་ཀྱི་རྒྱལ་པོས་སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་ཞིག་སྐྱེས་སུ་བསྐུར་ཏེ། དེའི་སྙིང་གར་རྐང་རྗེས་འདྲ་བ་ཞིག་ཡོད་པས། ངན་སྔགས་བྱས་སོ་ཟེར་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ། ནང་པའི་གཙུག་ལག་ཁང་ཞིག་ཏུ་ཕྱི་པའི་སྤྲང་པོ་གཉིས་སློང་དུ་འོངས་པ་ལ་བཀྲུ་ཆུ་གཏོར་བས་ཁྲོས་ཏེ་ཉི་མ་བསྒྲུབས་ནས་ནང་པའི་གཙུག་ལག་ཁང་དང་གསུང་རབ་མང་པོ་བསྲེགས་ནས་བསྣུབས་སོ།།

དེའི་ཚེ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པ་སྔོན་ཡུན་རིང་པོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་རྒྱལ་བའི་བསྟན་པ་གསོ་བའི་སྨོན་ལམ་གྱི་མཐུ་ཅན་ཞིག་ཡོད་པ་དེའི་བསམ་པ་ལ་ཐུབ་པའི་བསྟན་པ་ལ་དགྲ་ལན་གསུམ་བྱུང་སྟེ་ནུབ་པས། ད་འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས་ཀྱི། ལུས་ལས་བུ་བསྐྱེད་ལ་དར་བར་བྱེད་དུ་གཞུག་གོ་སྙམ་སྟེ་རྒྱལ་རིགས་དང་འདུས་པས་ཐོགས་མེད་འཁྲུངས་སོ། །དེ་ནས་ཡུམ་གྱིས་སྲས་འཁྲུངས་མ་ཐག་ལྕེ་ལ་གྷི་ཝཾ་གིས་ཡི་གེ་ཨ་འདྲི་བ་སོགས་བློ་རྣོ་བའི་ཐབས་བྱས་ཤིང་། རྣམ་པ་ཀུན་ཏུ་གཙང་སྦྲ་ལ་གནས་ཏེ་བུ་འདིས་རྒྱལ་བའི་བསྟན་པ་འཛིན་པ་ཞིག་ནམ་འོང་སྙམ་དུ་དེ་འབའ་ཞིག་ཡིད་ལ་བརྣགས་ཏེ་དེའི་ཐབས་ལ་འབད་ཅིང་། ཡི་གེ་དང་རྩིས་དང་བྲམ་ཟེའི་རིག་བྱེད་སོགས་རིག་གནས་ཐུན་མོང་བ་རྣམས་ཡུམ་རང་ཉིད་ཀྱིས་བསླབས། དེ་ཆེར་སྐྱེས་པའི་ཚེ་གཞོན་ནུ་དེས་ཡུམ་ལ་ཕའི་ལས་གང་ཡིན་ཞུས་པས་ཡུམ་གྱིས་ཁྱོད་རིགས་སྐྱོང་བའི་ཕྱིར་བསྐྱེད་པ་མིན་གྱི། སངས་རྒྱས་ཀྱི་བསྟན་པ་ཉམས་པ་སེམས་ཀྱིས་མ་བཟོད་ནས་དེའི་ཕྱིར་བསྐྱེད་པ་ཡིན་པས། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ཀློག་པ་དང་བསམ་གཏན་ལ་འབད་ནས་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག་ཅིག་བསྐུལ་བ་ལྟར། མཁན་པོ་ཨརྦྷཏ་ཞེས་པའི་དྲུང་དུ་རབ་ཏུ་བྱུང་སྟེ་མཁན་སློབ་དགེ་འདུན་བཅས་པའི་ཞབས་འབྲིང་ལོ་གཅིག་མཛད། དེ་ནས་བསྙེན་པར་རྫོགས་ནས་ལོ་དུ་མར་སྡེ་སྣོད་གསུམ་ལ་སྦྱངས་པས་ལོ་རེ་ལ་ཚིགས་བཅད་འབུམ་ཕྲག་རེའི་ཚིག་དོན་ཐམས་ཅད་ཐུགས་སུ་ཆུད་པར་མཛད་པས་རིང་པོར་མ་ཐོགས་པར་སྡེ་སྣོད་གསུམ་ལ་རབ་ཏུ་མཁས་པར་གྱུར།

འོན་ཀྱང་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་པར་རྟོགས་པའི་རིམ་པ་རྣམས་རྟོགས་དཀའ་བར་བྱུང་ནས་ཤེར་ཕྱིན་གྱི་མདོ་སྡེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ནམ་ཞིག་ན་རྙེད་སྙམ་དུ་དེ་འབའ་ཞིག་ཐུགས་ལ་བཅངས་ནས་ཚུལ་ཁྲིམས་དག་པར་བྱ་བ་དང་། ཚོགས་གསོག་པ་དང་། སྒྲིབ་པ་སྦྱོང་བའི་སྒོ་དུ་མ་ལ་འབད་པ་དང་། ནང་དུ་ཡང་དག་འཇོག་པ་ལ་རྟག་ཏུ་འགྲུས་པར་མཛད་དོ། །དེ་ནས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཨརྦྷ་ཏ་ལ་སྒྱུ་འཕྲུལ་དྲ་བའི་དབང་ཞུ་བར་མཛད་ནས་དེའི་དཀྱིལ་འཁོར་དུ་ཞུགས་ཏེ་ལྷག་པའི་ལྷ་གང་ལ་འབྲེལ་ཆེ་དང་། གང་ལ་གསོལ་བ་བཏབ་ན་བྱིན་རླབས་མྱུར་བརྟག་པའི་ཕྱིར་མེ་ཏོག་དོར་བ་ན་མེ་ཏོག་བྱམས་མགོན་ལ་བབས་སོ།།

དེ་ནས་རྗེ་བཙུན་བྱམས་པ་བསྒྲུབས་ལ་བསྟན་པ་དར་བར་བྱའོ་སྙམ་དུ་དགོངས་ཏེ་རི་བྱ་རྐང་གི་ཕུག་ཏུ་བསྒྲུབ་ཏུ་བྱོན་ཏེ། དེར་ལོ་གསུམ་དུ་བསྒྲུབས་པས་མཚན་མ་ཅུང་ཟད་ཀྱང་མ་མཐོང་བས་སྐྱོ་སྟེ་ཕྱིར་འཐོན་པ་ན་རྒན་པོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་པོ་ལ་ཁབ་བྱེད་པ་མཐོང་ནས། ཁབ་ཇི་ལྟར་འབྱུང་ཞེས་དྲིས་པས།

སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །

དཀའ་ཡང་བརྣགས་པ་མ་དོར་ན། །རི་བོ་རྣམས་རྐྱང་ཐལ་བར་རློག །

ཟེར་བས་བརྩོན་འགྲུས་རྩོམ་དགོས་པར་དགོངས་ནས། སླར་ཡང་ལོ་གསུམ་དུ་མཚམས་བཅད་དེ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་གང་ཡང་མ་བྱུང་བས་སྐྱོ་སྟེ་ཕྱིར་འཐོན་པ་ན་ཆུ་ཐིགས་ཀྱིས་བྲག་ཟད་པར་མཐོང་ནས་བརྩོན་པས་ཡུན་རིང་དུ་བསྒྲུབ་དགོས་པར་མཐོང་ནས། ཡང་ལོ་གསུམ་དུ་མཚམས་བཅད་དེ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་གང་ཡང་མ་མཐོང་བ་ན་སྐྱོ་སྟེ་ཕྱིར་ཐོན་པས། བྱ་སྒྲོས་བྲག་ཟད་པ་མཐོང་སྟེ་ད་དུང་བརྩོན་པ་བྱེད་དགོས་པར་དགོངས་ནས་སླར་ཡང་ལོ་གསུམ་དུ་མཚམས་བཅད་དེ་བསྒྲུབས། དེ་ལྟར་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་འགྲུབ་པའི་མཚན་མ་མ་བྱུང་བས་སྐྱོ་སྟེ་ཐོན་པ་ན་ཁྱི་མོ་རོ་སྨད་འབུས་གཞིགས་པ། རོ་སྟོད་ཟུག་ཅིང་ཟ་བ་ཞིག་མཐོང་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། འབུ་རྣམས་བསལ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས་རང་གི་ལུས་ལས་ཤ་བཅད་དེ་དེར་འབུ་རྣམས་བླང་ངོ་སྙམ་སྟེ་གྲོང་ཁྱེར་ཨ་ཙན་ཏ་ཞེས་བྱ་བར་ཕྱིན་ཏེ། གསེག་ཤང་གཏེང་པར་བཅུག་ནས་གསེར་གྱི་སྤུ་གྲི་གཡར་ཏེ་རང་གི་ལུས་ལས་ཤ་བཅད། ལག་པས་བླངས་ན་འབུ་རྣམས་ཤི་ཡི་དོགས་ཏེ། སྤྱན་བཙུམས་ཏེ་ལྗགས་ཀྱིས་བླངས་པ་ན་ཁྱི་མོ་མེད་པར་རྗེ་བཙུན་བྱམས་པ་འོད་དང་བཅས་པར་མཐོང་ནས།

ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །

ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །

བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཀྱང་མ་བྱུང་ན་ཐུགས་རྗེ་རེ་ཆུང་ཞེས་ཞུས་པས། རྗེ་བཙུན་གྱིས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་པ་མེད་པས་བཟང་མི་མྱོང་། །ང་དང་པོ་ནས་དེར་ཡོད་དེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་ལས་སྒྲིབ་དག་ནས་མཐོང་བ་ཡིན། དེ་ལྟར་ཡིན་པར་ཁྱོད་རང་ང་ཕྲག་གོང་དུ་ཁྱེར་ལ་མི་རྣམས་ལ་སྟོན་ཅིག་གསུངས་པ་ལྟར་བསྟན་པས་གཞན་སུས་ཀྱང་མ་མཐོང་། ཆང་འཚོང་མ་ཞིག་གིས་ཁྱི་རོ་ཞིག་འཁུར་བར་མཐོང་། དེ་ལའང་ཕྱིས་ལོངས་སྤྱོད་ཟད་མི་ཤེས་པ་བྱུང་བ་དང་། དབུལ་པོ་ཁུར་སྐྱེལ་བས་འཚོ་བ་ཞིག་གིས་ཞབས་མགོ་ཙམ་མཐོང་བས་ཀྱང་ཏིང་ངེ་འཛིན་བརྙེས་ཐུན་མོང་གི་དངོས་གྲུབ་ཐོབ། སློབ་དཔོན་རང་ཉིད་ཀྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་སྟེ་ཡིད་ཆེས་སོ།།

ཁྱོད་ཅི་འདོད་གསུངས་པ་ལ་ཐེག་པ་ཆེན་པོ་དར་བར་འདོད་འཚལ་ཞུས་པས། འོ་ན་ངའི་ཆོས་གོས་ལ་འཇུས་ཤིག་གསུངས་པ་ལྟར་འཇུས་ནས་དགའ་ལྡན་དུ་སླེབས། དེར་ལྷའི་གྲོ་སྐད་ཅིག་མི་ལོ་ལྔ་བཅུར་བཞུགས་ཏེ་རྗེ་བཙུན་བྱམས་པ་མགོན་པོ་ལ་ཐེག་པ་ཆེན་པོའི་ཆོས་མཐའ་ཡས་པ་གསན་ཞིང་། ལྷག་པར་ཤེར་ཕྱིན་མདོ་སྡེ་རིན་པོ་ཆེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་གནད་རྣམས་གཏིང་ཕྱིན་པར་ཞུས་ཏེ། དེ་ལྟར་གསུངས་པའི་དོན་རྣམས་ལ་སེམས་པ་དང་འཇལ་བ་དང་རྟོགས་པར་བྱེད་ཅིང་། བསྒོམས་པའི་མཐུས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ཐོབ་ཅིང་། མི་བརྗེད་པའི་གཟུངས་དང་། ཐོགས་པ་མེད་པའི་སྤོབས་པ་དང་། ཐེག་པ་ཆེན་པོའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཐོབ་ཅིང་། ཆོས་ཉིད་མངོན་དུ་གྱུར་ཏེ་འཕགས་པའི་ས་ཐོབ། དེ་ནས་གདུལ་བྱའི་དོན་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ལམ་གྱི་རིམ་པ་ཆ་ཚང་བར་སྟོན་པའི་བསྟན་བཅོས་རྩོམ་པར་ཞུས་པས། རྗེ་བཙུན་བྱམས་པ་མགོན་པོས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་སྟོན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་། ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་དང་། དབུ་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་དང་། རྒྱུད་བླ་མ་སྟེ་བྱམས་ཆོས་སྡེ་ལྔར་གྲགས་པ་བརྩམས་སོ།།

འཕགས་པ་ཐོགས་མེད་དགའ་ལྡན་དུ་བཞུགས་པའི་ཡུན་ཚད་ལ་ལྷའི་གྲོ་སྐད་གཅིག་མི་ལོ་ལྔ་བཅུ་གསུངས་པ་འདི་ལ་གྲོ་སྐད་གཅིག་ལ་མི་ལོ་ལྔ་བཅུ་ཇི་ལྟར་འོང་སྙམ་དུ་དོགས་པར་མི་བྱ་སྟེ། མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་རྣམས་ཀྱི་ཉིན་ཞག་གཅིག །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་གསུངས་པ་ལྟར། རྒྱལ་ཆེན་རིས་བཞི་པའི་ཞག་གཅིག་ལ་མི་ལོ་ལྔ་བཅུ་འོང་ལ། ལྷ་གནས་གོང་མ་རྣམས་ཉིས་འགྱུར་དུ་གསུངས་པའི་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་ལ་མི་ལོ་བརྒྱ། འཐབ་བྲལ་བའི་ཞག་གཅིག་ལ་མི་ལོ་ཉིས་བརྒྱ། དགའ་ལྡན་པའི་ཞག་གཅིག་ལ་མི་ལོ་བཞི་བརྒྱ་འོང་བས་དགའ་ལྡན་གྱི་ལྷའི་སྔ་དྲོའི་ཆ་གཅིག་ལ་མི་ལོ་ལྔ་བཅུ་ངེས་པར་འོང་ངོ་།།

དེ་ནས་འཕགས་པ་ཐོགས་མེད་ཆོས་ཀྱི་བདུད་རྩིས་ཚིམ་ནས་འཛམ་བུའི་གླིང་དུ་རྒྱལ་བའི་བསྟན་པ་སྤེལ་ཕྱིར་འབྱོན་པ་ན། སྔར་དགའ་ལྡན་དུ་ཡར་འབྱོན་དུས་བྱམས་མགོན་གྱི་ན་བཟའ་ལ་འཇུས་ཏེ་དེའི་རྫུ་འཕྲུལ་གྱིས་བྱོན་པ་ཡིན་ཡང་། འཛམ་བུའི་གླིང་དུ་མར་འབྱོན་པའི་ཚེ་འཕགས་པ་ཐོགས་མེད་རང་ཉིད་ཀྱི་རྫུ་འཕྲུལ་གྱིས་བྱོན་ཏེ། མ་ག་དྷའི་ཡུལ་གྱི་ཕྱོགས་དབེན་པའི་ནགས་ཚལ་ཞིག་ཏུ་མང་དུ་ཐོས་པའི་སློབ་མ་ཉུང་ཤས་དང་བཅས་བཞུགས་ཏེ། དེ་དག་ལ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་བསྟན་པས་དེ་དག་ཐམས་ཅད་ཀྱིས་བཟོད་པ་ཐོབ་ཅིང་རྫུ་འཕྲུལ་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ་སྟེ་བསྟན་པའི་བྱ་བ་རྒྱ་ཆེར་ནུས་པ་ཤ་སྟག་བྱུང་བས་གནས་དེ་ལ་ཆོས་འབྱུང་དག་ཏུ་ཆོས་ཀྱི་མྱུ་གུའི་དགོན་པ་ཞེས་གྲགས་སོ།།

གནས་དེར་བྱམས་ཆོས་སྡེ་ལྔ་ཡི་གེར་བཀོད་ཅིང་། མངོན་པར་རྟོགས་པའི་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་ངེས་བརྩམས། རིམ་གྱིས་རྒྱུད་བླ་མའི་འགྲེལ་པ་དང་། མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་མཛད་ཅིང་། རྗེ་བཙུན་གྱི་མན་ངག་ལ་བརྟེན་ནས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་རྒྱས་པར་སྟོན་པ་བྱང་ཆུབ་སེམས་དཔའི་ས་སོགས་ས་སྡེ་ལྔ་དང་སྡོམ་རྣམ་པ་གཉིས་མཛད་དེ། ས་སྡེ་ལྔ་ནི། སའི་དངོས་གཞི། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་རྣམས་སོ།།

སྡོམ་རྣམ་གཉིས་ནི། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་དང་། ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་བཏུས་གཉིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསེར་མདོག་ཅན་གྱི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེར་ཕྱིན་སྒྲུབ་ཐབས། ཡང་ཤེར་ཕྱིན་གྱི་སྒྲུབ་ཐབས། སངས་རྒྱས་རྗེས་དྲན་གྱི་མདོའི་འགྲེལ་པ། ཆོས་རྗེས་དྲན་གྱི་མདོ་འགྲེལ། དགེ་འདུན་རྗེས་དྲན་གྱི་མདོ་འགྲེལ། བསམ་གཏན་གྱི་སྒྲོན་མ། འཕགས་པ་བྱམས་པའི་སྒྲུབ་ཐབས། ཆོས་སྐུའི་ཡོན་ཏན་ཐུན་མོང་མ་ཡིན་པའི་བསྟོད་པ་རྣམས་སོ།།

སློབ་དཔོན་འཕགས་པ་ཐོགས་མེད་འདི་ས་གསུམ་པ་བརྙེས་པར་གྲགས་ཤིང་། དེ་ལྟར་ན་ས་དང་པོ་ཐོབ་པའི་ཚེ་སྤྲུལ་པ་མི་འདྲ་བ་བརྒྱ་ཕྲག་དུས་གཅིག་ལ་སྟོན་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཏུ་དུས་གཅིག་ལ་ཕྱིན་ནས་སངས་རྒྱས་བརྒྱ་ཕྲག་ལ་དུས་གཅིག་ཏུ་མཆོད་པ་དང་བསྙེན་བཀུར་བྱ་ནུས་པ་དང་། འཇིག་རྟེན་ཁམས་བརྒྱ་ཕྲག་ཏུ་སྤྲུལ་པ་བརྒྱ་ཕྲག་བཀྱེ་ནས་དེ་དང་དེའི་གདུལ་བྱ་རྣམས་ལ་དུས་གཅིག་ཏུ་ཆོས་སྟོན་ནུས་པ་དང་། རང་དང་གཞན་གྱི་ཚེ་རབས་བརྒྱ་ཕྲག་མང་པོ་མངོན་སུམ་དུ་མཐོང་བ་དང་། མཚན་དཔེ་རྗེས་མཐུན་པ་ཐོབ་ཅིང་ལས་ཉོན་གྱི་དབང་དུ་མི་འགྲོ་བར་སྙིང་རྗེ་དང་སྨོན་ལམ་གྱི་དབང་ཁོ་ནས་སྐྱེ་བ་ལེན་པ་དང་། མཆོག་གི་སྤྲུལ་སྐུའི་ཞལ་མངོན་སུམ་དུ་མཐོང་སྟེ་ནམ་འདོད་དུ་སངས་རྒྱས་ལས་ཆོས་ཉན་ནུས་པ་སོགས་ཡོན་ཏན་མཐའ་ཡས་པ་མདོ་ལས་གསུངས་པས། བདག་ཉིད་ཆེན་པོ་འདིའི་ཡོན་ཏན་ནི་ས་ལ་གནས་པའི་སེམས་དཔའ་ཕན་ཚུན་དང་སངས་རྒྱས་རྣམས་ཀྱིས་མཁྱེན་པ་མ་གཏོགས་བློ་དམན་དག་གིས་ཕྱོགས་ཙམ་ཡང་ཤེས་ནུས་པ་མ་ཡིན་ནོ།།

སློབ་དཔོན་འདིའི་སྐུ་ལ་མཚན་དཔེ་རྗེས་མཐུན་པ་ཡོད་པ་དང་། དགུང་ལོ་བརྒྱ་ཕྲག་བརྒལ་བའི་ཚེ་ནའང་སྐུ་ལ་སྐྲ་དཀར་དང་གཉེར་མ་མེད་ཅིང་གཞོན་ནུའི་ཉམས་ལྟར་སྐུ་བལྟ་བས་ཆོག་མི་ཤེས་ཤིང་། གཞོན་ཤ་ཆགས་པ་ཞིག་ཡོད་པར་བཤད། བདག་ཉིད་ཆེན་པོ་འདིས་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བའི་ཚེ་མུ་སྟེགས་ཀྱི་སྨྲ་བ་ངན་པ་རྣམས་ཕལ་ཆེར་ནུབ། སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་འཕེལ་ནས་འཛམ་བུའི་གླིང་གི་ཆེ་དགུ་ཐམས་ཅད་ཀྱིས་བདག་ཉིད་ཆེན་པོ་འདི་ལ་མཆོད་ཅིང་བསྙེན་བཀུར། རྒྱལ་བའི་བསྟན་པ་ལ་ཞུགས་ནས་རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་འདོད་པ་ཐམས་ཅད་བདག་ཉིད་ཆེན་པོ་འདིའི་སློབ་མར་གྱུར་ཏེ་སློབ་དཔོན་འདིས་ཆོས་སྟོན་པའི་ཚེ་ཐེག་པ་ཆེན་པོའི་ཆོས་ཉན་པ་ཁྲི་ཕྲག་བརྒལ་བ་བྱུང་ཞེས་གྲགས་ཤིང་། ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གཅིག་པུ་ཞེས་གཏམ་དུ་གྲགས་སོ།།

སློབ་དཔོན་འདིས་སྐུ་ཚེའི་མཇུག་ལ་ནཱ་ལེནྡྲའི་མཁན་པོ་མཛད་དེ་ལོ་བཅུ་གཉིས་སུ་ནཱ་ལེནྡྲ་བསྐྱངས་ཏེ་བསྟན་པའི་བདག་པོ་མཛད། རྒྱ་གར་གྱི་གནས་ཐམས་ཅད་དུ་མཆོད་གཞི་མང་དུ་བཙུགས། དགེ་འདུན་གྱི་སྡེ་ཆེས་ཆེར་འཕེལ་བར་མཛད། མཐར་རྒྱལ་པོའི་ཁབ་ཏུ་སྐུའི་བཀོད་པ་བསྡུས་ཏེ། དགའ་ལྡན་དུ་རྒྱལ་བ་མི་ཕམ་མགོན་པོའི་ཞབས་དྲུང་དུ་ཕེབས་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་བདུད་རྩི་ལ་ལོངས་སྤྱོད་ཅིང་། དགའ་ལྡན་གྱི་ལྷ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པ་དང་འདུལ་བར་འོས་པའི་གདུལ་བྱ་གང་དང་གང་ན་ཡོད་པའི་ཞིང་དེ་དང་དེར་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱ་བགྲང་བ་ལས་འདས་པ་སྐད་ཅིག་དང་སྐད་ཅིག་ལ་འཁོར་བ་དང་ངན་སོང་ལས་བསྒྲལ་ཏེ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཞུགས་སོ། །བདག་ཉིད་ཆེན་པོ་འདི་གང་དུ་མྱ་ངན་ལས་འདས་པའི་གནས་དེར་དད་པ་ཅན་དག་གིས་མཆོད་རྟེན་བརྩིགས་སོ། །སློབ་དཔོན་འདི་ལ་སློབ་མ་བསྟན་པ་འཛིན་པ་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། སྲས་ཀྱི་ཐུ་བོ་བསྟན་པའི་བདག་པོར་གྱུར་པ་ནི་མཁས་མཆོག་དབྱིག་གཉེན་ནོ། །སློབ་དཔོན་ཐུགས་བསྐྱེད་ཤིན་ཏུ་རྒྱ་ཆེ་བས་དེང་སང་ཡང་སློབ་དཔོན་འདིའི་གསུང་ས་སྡེ་རྣམས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གནས་སོ།། །།

 

༈ གཉིས་པ་དེའི་གཅུང་པོ་མཁས་མཆོག་དབྱིག་གཉེན་ལ་བསྟོད་པ་ནི།

དགུ་བཅུ་གོ་དགུ་འབུམ་སྡེའི་གཞུང་རྣམས་ཀྱིས། །

གང་གི་བློ་གྲོས་མགུལ་བ་རབ་བརྒྱན་ཅིང་། །

འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །

མཁས་མཆོག་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །

ཞེས་པའོ། །དོན་ནི། བྱེ་བྲག་བཤད་མཛོད་ཆེན་མོ་སོགས་ཤོ་ལོ་ཀ་འབུམ་ཕྲག་དགུ་བཅུ་གོ་དགུ་སྟེ་འབུམ་སྡེ་གོ་དགུའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་ཅིང་། བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་གཞུང་ལུགས་ཚད་ལྡན་རྣམས་ཀྱིས་མཁས་བྱ་གསུམ་གྱི་མངའ་བདག་གང་གི་བློ་གྲོས་ཀྱི་མགུལ་བ་རབ་ཏུ་བརྒྱན་ཅིང་། འཛམ་གླིང་འདི་ན་ཆོས་རྣམས་ཀྱི་གནས་ཚུལ་ཀུན་ཇི་ལྟ་བ་བཞིན་མཁྱེན་པའི་སངས་རྒྱས་གཉིས་པར་གྲགས་པའི་མཁས་པའི་མཆོག་ཏུ་གྱུར་པ་བདག་ཉིད་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་ཞབས་ལ་ཕྱག་འཚལ་ལོ་ཞེས་པའོ།།

བདག་ཉིད་ཆེན་པོ་མཁས་མཆོག་དབྱིག་གཉེན་འདི་ནི། འཕགས་པ་ཐོགས་མེད་དང་ཡུམ་གཅིག་པར་འཁྲུངས་ཏེ་འཕགས་པ་ཐོགས་མེད་འཁྲུངས་ནས་ཐུན་མོང་བའི་རིག་གནས་རྣམས་ལ་སྦྱངས་ཤིང་། རབ་ཏུ་བྱུང་ནས་རིང་ཞིག་ལོན་པ་ན། སྔོན་ཡུན་རིང་པོ་ནས་བྱང་ཆུབ་ཀྱི་སེམས་ཆེས་ཆེར་རྒྱས་པ་རྒྱལ་བའི་བསྟན་པ་སྤེལ་བའི་སྨོན་ལམ་གྱི་མཐུ་ཅན་ཡུམ་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་དེ་ཉིད་ཀྱིས་བྲམ་ཟེ་དང་འདུས་པ་ལས་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་ཏེ། ཁྱེའུ་དེའི་ལྕེ་ལ་གྷི་ཝཾ་གི་ཡི་གེ་ཨ་འདྲི་བ་སོགས་བྲམ་ཟེའི་རིག་བྱེད་ལས་འབྱུང་བ་ལྟར་གྱི་བློ་རྣོ་བའི་ཆོ་ག་བྱས་ཤིང་། ཁྲུས་དང་གཙང་སྦྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཏེ་ནར་སོན་པ་ན་ཡི་གེ་དང་རྩིས་དང་རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་རྣམས་ཡུམ་ཉིད་ཀྱིས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས། དེ་ནས་ཡུམ་གྱིས་སྲས་ལ་འདི་སྐད་དུ་བུ་ཁྱོད་སྐྱེད་པ་ནི་རིགས་སྤེལ་བ་སོགས་འཇིག་རྟེན་གྱི་བྱ་བའི་ཆེད་དུ་བསྐྱེད་པ་མ་ཡིན་གྱི། རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་བསྐྱེད་པ་ཡིན་པས། རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ལ་སྦྱངས་ཏེ་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག །ཅེས་བསྐུལ་ནས་ནཱ་ལེནྡྲར་རབ་ཏུ་བྱུང་། རབ་ཏུ་བྱུང་ཙམ་ཉིད་ནས་མཁན་སློབ་ཀྱིས་བསྟན་པ་ལྟར་འདུལ་བའི་བཅས་མཚམས་ཕྲ་ཞིང་ཕྲ་བ་མཐའ་དག་མིག་འབྲས་ལྟར་བསྲུང་བ་གཞིར་བཞག་ནས་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར།

དེ་ནས་མངོན་པའི་སྡེ་སྣོད་ཀྱི་དགོངས་དོན་ཕྲ་ཞིང་ཕྲ་བ་དག་རྟོགས་པར་བྱ་བའི་ཕྱིར་དང་། སྡེ་པ་བཅོ་བརྒྱད་སོ་སོའི་ལུགས་མ་འདྲེས་པར་ཤེས་པར་བྱ་བའི་ཕྱིར་དང་། གཞན་ཡང་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པར་བྱ་བའི་ཕྱིར་མཁས་གྲུབ་དུ་མའི་འབྱུང་གནས་ཁ་ཆེའི་ཡུལ་དུ་ཕེབས་ནས་མཁས་པ་ཆེན་པོ་འདུན་བཟང་གི་དྲུང་དུ་སྔོན་དགྲ་བཅོམ་པ་རྣམས་ཀྱིས་མངོན་པ་སྡེ་བདུན་དང་། འདུལ་བ་ལུང་སྡེ་བཞིའི་གནད་རྣམས་བསྡུས་ཏེ་གཏན་ལ་ཕབ་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་གཞུང་འབུམ་ཕྲག་གཅིག་ཏུ་ལོངས་པ་ཡོད་པ་དེ་ལ་སྦྱངས་སོ། །བསྟན་བཅོས་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་བྱེ་བྲག་བཤད་མཚོ་ཆེན་མོ་ཞེས་ཀྱང་བརྗོད། བྱེ་བྲག་བཤད་མཛོད་ཅེས་ཀྱང་བརྗོད་དོ།།

དེ་ལྟ་བུའི་བསྟན་བཅོས་ཆེན་པོ་དེ་ཡོངས་སུ་རྫོགས་པ་ཐུགས་ལ་བཟུང་ནས་དོན་གྱི་གནད་མཐའ་དག་ལ་འཁྲུལ་པའི་དྲི་མ་ཕྲ་མོའང་མེད་པར་དྲི་མ་མེད་པའི་རིགས་པ་ཕྲ་མོས་ལེགས་པར་དཔྱད་ནས་མཐའ་དག་པར་ཐུགས་ལ་ཆུད་པར་མཛད། གཞན་ཡང་སློབ་དཔོན་འདུན་བཟང་ལ་མངའ་བའི་སྡེ་སྣོད་གསུམ་གྱི་བཤད་སྲོལ་མཐའ་དག་ལ་སྦྱངས་ནས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ། ཁ་ཆེའི་ཡུལ་དུ་གདུལ་བྱ་བགྲང་བ་ལས་འདས་པ་ལ་ཆོས་མང་དུ་བསྟན་ཅིང་དྲི་མ་མེད་པའི་རིགས་ལམ་རྒྱས་པར་མཛད། དེ་ནས་རྒྱ་གར་དུ་འབྱོན་པར་བཞེད་པའི་ཚེ་བདུད་སྡིག་ཏོ་ཅན་གྱིས་བདག་ཉིད་ཆེན་པོ་འདིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པར་མ་བཟོད་ནས་ཆོམ་རྐུན་པ་མང་པོ་དང་ཤོ་གམ་བསྲུང་བའི་གནོད་སྦྱིན་གྱི་ཡིད་བསྒྱུར་ཏེ་དེ་དག་གིས་སློབ་དཔོན་གྱི་ལྷ་རྟེན་དང་གླེགས་བམ་ལ་སོགས་པ་ཡོ་བྱད་ཐམས་ཅད་ཕྲོགས། ཡང་གླེགས་བམ་ལ་སོགས་པ་གསར་དུ་བཞེངས་ནས་ཕེབས་པར་ལན་གསུམ་གྱི་བར་དུ་ཕྲོགས་པ་ན་སློབ་དཔོན་གྱི་ཐུགས་ལ་ད་ནི་ནོར་མེད་གླེགས་བམ་ཀྱང་མེད་ཆོས་ཐམས་ཅད་ནི་བློ་ལ་ཡོད་པ་སུས་ཀྱང་དབྲོག་ཏུ་མི་བཏུབ་པས་ཡོ་བྱད་གང་ཡང་མེད་པར་འགྲོའོ་སྙམ་དུ་དགོངས་ནས་ཕེབས་ཏེ་ནཱ་ལེནྡྲར་བྱོན། དེར་སྡེ་སྣོད་འཛིན་པ་མང་པོ་ལ་ཆོས་རྒྱ་ཆེར་སྟོན་ཅིང་བཞུགས་པ་ན། གཅེན་འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་མང་དུ་བརྩམས་པ་གསན་ནས།

ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །

ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །

ཞེས་ཐེག་ཆེན་གྱི་གང་ཟག་དང་ཆོས་ལ་སྐུར་བ་བྱས་པ་གཅེན་གྱིས་གསན་ནས། ལོག་སྒྲུབ་དོན་མིན་དུ་འགྱུར་བ་མཁྱེན་ནས། དེ་བཟློག་པའི་ཕྱིར་སློབ་མ་གཉིས་ས་བཅུ་པ་དང་། བློ་གྲོས་མི་ཟད་པས་བསྟན་པ་འཛིན་ཏུ་བཅུག་ནས། གཅུང་ཅན་དུ་སོངས་ལ་སྲོད་དང་ཐོ་རངས་ལ་ཐོན་ཅིག་ཅེས་བསྒོ་བ་ལྟར་བསྒྲུབས་པས། མདོ་བཏོན་པས་དེ་སློབ་དཔོན་དབྱིག་གཉེན་གྱིས་གསན་པ་ན། སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་འབྲས་བུ་ཁ་གཡེལ་བ་འདྲ་གསུངས། ཐོ་རངས་རྒྱུ་འབྲས་གཉིས་ཀ་བཟང་བར་འདུག་པ་ལ་ངས་སྐུར་བ་བཏབ་པ་ལྕེ་འདིས་ལན་པས་གཅོད་གསུངས་ནས་སྤུ་གྲི་འཚོལ་བའི་ཚེ་ཁོང་གཉིས་ཀྱིས་ལྗགས་གཅོད་པར་མི་འཚལ། དེའི་སྒྲིབ་པ་སྦྱང་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུ་ཞུས་པས། སློབ་དཔོན་དབྱིག་གཉེན་འཕགས་པ་ཐོགས་མེད་ཀྱི་སར་བྱོན་ཏེ་ཆོས་གསན་པས་དད་ནས། འཕགས་པ་ཐོགས་མེད་ལ་ཉེས་པ་བཤགས་ཏེ་ཐེག་པ་ཆེན་པོའི་ཆོས་རྣམས་རིམ་གྱིས་གསན་ཞིང་། དེའི་ཚེ་འཕགས་པ་ཐོགས་མེད་ལ་རྗེ་བཙུན་བྱམས་པ་མགོན་པོ་འབྲལ་མེད་དུ་བཞུགས་ནས་བྱ་བ་ཐམས་ཅད་རྗེ་བཙུན་ལ་ཞུ་ཞིང་མཛད་པ་དེ་གཅུང་གིས་མཁྱེན། ལྷག་པའི་ལྷ་དེ་བདག་ལ་བསྟན་པར་ཞུ་བྱས་པས། རྗེ་བཙུན་ལ་ཞུ་ཡི་གསུངས་ནས་ཞུས་པས་རྗེ་བཙུན་གྱི་ཞལ་ནས། ཁྱོད་སོ་སོའི་སྐྱེ་བོ་ཡིན་ཞིང་དང་པོར་ཐེག་ཆེན་ལ་སྐུར་བ་བཏབ་པས་ཚེ་འདི་ལ་ང་མཐོང་བའི་སྐལ་བ་མེད་ཀྱང་། སྒྲིབ་པ་སྦྱང་བར་བྱ་བའི་ཕྱིར་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་རྩོམས། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་ཐོན། ཕྱི་མ་ལ་མཇལ་གསུངས། དེ་ནས་སློབ་དཔོན་དབྱིག་གཉེན་གཅེན་ལ་ལྷག་པར་དད་དེ།

ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་འདོད་བྱ་དང་འདྲ། །

ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་གྲེ་བར་སོང་བ་མེད། །

ཅེས་གསུངས་ཤིང་། རྗེ་བཙུན་བྱམས་པ་མགོན་པོའི་བཀའ་བཞིན་བསྒྲུབས་ཏེ་ཐོག་མར་བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་དམིགས་པ་དང་། སྐྱེས་བུ་ཆེན་པོའི་ཡང་སྒྲུབ་པའི་དམིགས་པ་བདེན་བཞིའི་གནས་ཚུལ་ཞིབ་ཏུ་སྟོན་པ་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་བརྩམས་ཏེ་སྐྱེས་དང་བཅས་པ་འདུན་བཟང་ལ་སྤྲིངས་སོ།།

དེའི་སློབ་མ་དག་གིས་ལོ་དང་གྲག་ལ་སོགས་པ་འདི་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ་ཞེས་སྨྲས་པ་དང་། ཁོང་བསྟན་བཅོས་རྩོམ་པ་ལ་མཁས་པས་ཚིག་རྒྱན་ཡིན་གསུང་ཞིང་། ཤིན་ཏུ་མཉེས་ནས་འདི་ལ་རང་འགྲེལ་ཞིག་མཛོད་ཅེས་བསྐུལ་མ་མཛད། དེ་ནས་སློབ་དཔོན་འཕགས་པ་ཐོགས་མེད་ལ་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་གསན་ཏེ་ལན་རེ་ཙམ་གྱིས་ཐུགས་སུ་ཆུད། བྱམས་མགོན་གྱི་བཀའ་ལྟར་ལྷག་པའི་ལྷ་བསྒྲུབ་པར་བཞེད་ནས་རྡོ་རྗེ་སློབ་དཔོན་ཞིག་ལ་རྗེ་བཙུན་རྣམ་རྒྱལ་མའི་དབང་། ཕྱག་རྡོར་གྱི་དབང་དང་གདམས་ངག་གསན་ཏེ། གཟུངས་སྔགས་བཟླས་པས་མྱུར་དུ་གྲུབ་སྟེ་ལྷག་པའི་ལྷ་དེ་གཉིས་ཀྱི་ཞལ་གཟིགས། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐུགས་རྒྱུད་ལ་འཁྲུངས། རྒྱལ་བའི་བཀའ་འཛམ་བུ་གླིང་ན་བཞུགས་པ་མཐའ་དག་ཐུགས་སུ་ཆུད་དེ། དེའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མདོ་ལྔ་བརྒྱ་ཤོ་ལོ་ཀ་འབུམ་ཕྲག་གསུམ་ཡོད་པར་གྲགས་པ་དང་། ཐེག་པ་ཆེན་པོ་ལ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་མདོ། འདུས་པ་རིན་པོ་ཆེའི་མདོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་མདོ་ལྔ་བརྒྱ། གསང་སྔགས་གཟུངས་རྒྱུད་སྡེ་ལྔ་བརྒྱ་རྣམས་ཐུགས་སུ་ཆུད་དེ་ལོ་རེའི་ནང་དུ་ལན་རེ་ཁ་འདོན་དུ་མཛད་དེ། དེ་ཡང་ལྕགས་ཀྱི་གཞོང་རིང་ཏིལ་མར་གྱིས་བཀང་བའི་ནང་དུ་བཞུགས་ནས་ཉིན་མཚན་སྦྲེལ་མ་ཞག་བཅོ་ལྔ་རེའི་རིང་ལ་གོང་དུ་སྨོས་པའི་མདོ་སྡེ་འབུམ་སྡེ་དགུ་བཅུ་གོ་དགུ་རྣམས་ལན་རེ་ཞལ་འདོན་དུ་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ནི་ཉིན་རེ་བཞིན་ཁ་འདོན་དུ་མཛད་དེ། རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་བདག་ཉིད་ཆེན་པོ་འདི་ལས་མང་དུ་ཐོས་པ་རྒྱ་ཆེ་བ་སུ་ཡང་མེད་དོ་ཞེས་འཕགས་ཡུལ་གྱི་མཁས་པ་རྣམས་གཏམ་དུ་གླེང་ངོ་།།

དེ་ནས་རྗེ་བཙུན་བྱམས་མགོན་གྱི་བཀའ་བཞིན་ཐེག་པ་ཆེན་པོའི་མདོ་འགྲེལ་རྣམས་རིམ་གྱིས་མཛད་དོ། །དེ་ལ་པྲ་ཀ་ར་ཎ་སྡེ་བརྒྱད་ནི། མདོ་སྡེ་རྒྱན་གྱི་འགྲེལ་པ། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། ཆོས་ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་སུམ་ཅུ་པ། ཕྱི་དོན་འགོག་པ་ཉི་ཤུ་པ། ཕུང་པོ་ལྔའི་རབ་བྱེད། རྣམ་བཤད་རིགས་པ། ལས་གྲུབ་པའི་རབ་བྱེད་རྣམས་སོ། །བྱམས་ཆོས་སྡེ་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀ་ར་ཎ་སྡེ་བརྒྱད་བཅས་ལ་བྱམས་པ་དང་འགྲེལ་བའི་ཆོས་ཉི་ཤུ་ཞེས་བྱའོ།།

གཞན་ཡང་དབྱིག་གཉེན་གྱི་གསུང་ཉི་ཤུ་པའི་རང་འགྲེལ། རང་བཞིན་གསུམ་ངེས་པར་བསྟན་པ། རྣམ་པར་བཤད་པའི་རིགས་པ་མདོ་སྡེའི་དུམ་བུ་བརྒྱ་པ། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་བསྟན་བཅོས། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། དེའི་རང་འགྲེལ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ། དེའི་རང་འགྲེལ། དཀོན་མཆོག་གསུམ་གྱི་བསྟོད་པ། སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། ཡོན་ཏན་བདུན་བརྗོད་པའི་གཏམ། ཚུལ་ཁྲིམས་ཀྱི་གཏམ། ཚོགས་ཀྱི་གཏམ། སངས་རྒྱས་ཆོས་དགེ་འདུན་རྗེས་སུ་དྲན་པའི་འགྲེལ་པ། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ། ཚིགས་སུ་བཅད་པ་གཅིག་གི་བཤད་པ། ག་ཡ་གོ་རིའི་མདོའི་བཤད་པ། མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ། བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བཤད་པ། མདོ་སྡེ་ས་བཅུ་པའི་འགྲེལ་པ། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་རྣམས་སོ།།

འཕགས་པ་ཐོགས་མེད་མྱ་ངན་ལས་འདས་པའི་འོག་ཏུ་ནཱ་ལེནྡྲའི་མཁན་པོ་མཛད་དེ་ཉིན་རེ་བཞིན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མང་པོའི་མཁན་པོ་མཛད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་འཆག་མེད་གནང་བ་དང་། མུ་སྟེགས་ཀྱི་སྨྲ་བ་ངན་པ་བྱུང་ན་དེ་མ་ཐག་ཚར་གཅོད་པ་དང་། བསྟན་བཅོས་རྩོམ་པ་སོགས་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་དུས་འདའ་བར་མཛད། དེ་དུས་འཛམ་བུ་གླིང་གི་ཆེ་དགུ་མཐའ་དག་གིས་བདག་ཉིད་ཆེན་པོ་འདིའི་ཞབས་ལ་གཏུགས་ནས་མཆོད་ཅིང་བསྙེན་བཀུར་བ་དང་། རང་རང་གི་དབང་པོ་དང་འཚམ་པའི་ཆོས་ཀྱི་བགོ་སྐལ་ལེན་པར་བྱེད་པས་དད་པ་ཅན་དག་གིས་གསོལ་བ་བཏབ་པ་ལྟར་ཡུལ་གཞན་དང་གཞན་དུའང་བྱོན་ནས་གང་དང་གང་དུ་རྒྱལ་བའི་བསྟན་པ་ཉམས་པ་དེ་དག་གསོས། སྔར་ཡོད་རྣམས་ཆེས་ཆེར་འཕེལ་བར་མཛད།

སློབ་དཔོན་འདི་ཤར་ཕྱོགས་གཱཽ་རིའི་ཡུལ་དུ་བྱོན་ནས་སྐལ་བ་དང་ལྡན་པ་མང་པོ་ཞིག་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྒྱ་ཆེར་གསུངས་པས་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་གསེར་གྱི་མེ་ཏོག་གི་ཆར་ཕབ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་བས། ཐམས་ཅད་དད་པ་ལྷག་པར་འཕེལ་ཏེ་སློབ་དཔོན་འདིའི་བཀའ་བཞིན་བསྒྲུབས་པས་ཕྱོགས་དེར་རྒྱལ་བའི་བསྟན་པ་རྒྱ་ཆེར་འཕེལ། རྒྱལ་བའི་བསྟན་པ་རིང་དུ་གནས་པའི་ཕྱིར་དགེ་འདུན་གྱི་སྡེ་གང་དང་གང་ན་ཡོད་པ་དེ་དང་དེར་མཆོད་གཞི་རྒྱ་ཆེན་པོ་འཛུགས་པར་མཛད། ཨོ་ཊི་བི་ཤའི་ཡུལ་དུ་བྲམ་ཟེ་ཆེན་པོ་ཞིག་གིས་སྦྱིན་བདག་བྱས་ཏེ་ཐེག་པ་ཆེན་པོའི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་དུ་ཆོས་འཁོར་བཙུགས་ཏེ་དུས་སྟོན་རྒྱས་པར་བྱས། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་དུས་ལས་ཀྱང་ཐེག་པ་ཆེན་པོའི་འཆད་ཉན་རྒྱས་པར་བྱུང་སྟེ་བདག་ཉིད་ཆེན་པོ་འདིའི་སློབ་མ་ཐེག་པ་ཆེན་པོའི་དགེ་སློབ་དྲུག་ཁྲི་ལོངས་པ་བྱུང་ཞེས་གྲགས་སོ།།

སློབ་དཔོན་རང་ཉིད་དང་ལྷན་ཅིག་ཏུ་གནས་པའི་དགེ་སློང་སྡེ་སྣོད་འཛིན་པའང་སྟོང་ཙམ་རེ་ཡོད་ཅིང་། དེ་ཐམས་ཅད་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ། སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་ལྡན་པ། རྒྱལ་བའི་བསྟན་པ་འཛིན་ཅིང་སྤེལ་ནུས་པ་ཤ་སྟག་བྱུང་ཞེས་གྲག་གོ །དེ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བའི་བར་དུ་རྒྱ་གར་དུ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ནས། མཐར་དགོས་པ་མང་པོ་ཞིག་ལ་གཟིགས་ནས་སློབ་མ་སྡེ་སྣོད་འཛིན་པ་སྟོང་དང་བཅས་བལ་ཡུལ་དུ་བྱོན་ཏེ་བལ་ཡུལ་ན་གནས་པའི་དགེ་འདུན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་ཅིང་། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ཕྱོགས་དེར་མཆོད་གཞི་ཡང་མང་དུ་འཛུགས་པར་མཛད། དེ་ནས་རང་བྱུང་གི་མཆོད་རྟེན་དུ་གྲགས་པ་མཆོད་རྟེན་གོ་མ་སཱ་ལ་གནྡྷོ་ལ་ཞབས་སྐོར་མཛད་ཅིང་བཞུགས་པ་ན་ཧང་ངུ་ཞེས་པ་རབ་བྱུང་གི་ཆ་བྱད་འཛིན་པའི་ཁྱིམ་བཙུན་ཞིག་གིས་ཞིང་རྨོད་པ་དང་ཆང་གི་བུམ་པ་ཐོགས་པ་གཟིགས་པས། རྒྱལ་བའི་བསྟན་པ་འདི་ལྟར་ཉམས་དམས་སོ་སྙམ་དུ་ཐུགས་ཕྱུང་ནས་དགེ་འདུན་རྣམས་ལ་ཐ་མའི་གསུང་ཆོས་མང་དུ་སྩལ་ཏེ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མགོ་གཤམ་ལྡོག་ནས་བཟླས་ཏེ་སྐུ་ཚེའི་འདུ་བྱེད་བཏང་སྟེ། དེ་ཉིད་དུ་སྐུའི་བཀོད་པ་བསྡུས་ནས་རྗེ་བཙུན་བྱམས་པ་མགོན་པོ་དང་འཕགས་པ་ཐོགས་མེད་གང་དུ་བཞུགས་པའི་གནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ།།

སློབ་དཔོན་དབྱིག་གཉེན་གང་དུ་མྱ་ངན་ལས་འདས་པའི་ས་དེར་སློབ་མ་དད་ཅན་དག་གིས་སྐུ་གདུང་བཞུགས་པའི་མཆོད་རྟེན་བརྩིགས་པ་ད་ལྟའང་ཡོད་དོ། །སློབ་དཔོན་བདག་ཉིད་ཆེན་པོ་འདི་ལ་སློབ་མ་བསྟན་པ་འཛིན་ནུས་པ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། དེ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་ལ་མཁས་པའི་མཆོག་སློབ་དཔོན་ཡོན་ཏན་འོད། མངོན་པ་ལ་མཁས་པའི་མཆོག་སློབ་དཔོན་བློ་གྲོས་བརྟན་པ། ཚད་མ་ལ་མཁས་པའི་མཆོག་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་ལ་མཁས་པའི་མཆོག་སློབ་དཔོན་འཕགས་པ་རྣམ་གྲོལ་སྡེ་བཞིའོ།།  །།

 

༈ གསུམ་པ་ལམ་གྱི་རིམ་པ་རིགས་པ་ཡང་དག་གིས་སྒྲུབ་པར་བྱེད་པའི་རིགས་པའི་དབང་ཕྱུག་རྣམ་གཉིས་ལ་བསྟོད་པ་ལ་གཉིས། རིགས་པའི་དབང་ཕྱུག་ཕྱོགས་གླང་ལ་བསྟོད་པ་དང་། ཆོས་ཀྱི་གྲགས་པ་ལ་བསྟོད་པའོ། །དང་པོ་ནི།

ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་བཙུན། །

རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །

ལོག་སྨྲ་འདམ་བུའི་ཚལ་རབ་འཇོམས་མཛད་པའི། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་པའོ། །དོན་ནི། རིག་གནས་རྣམས་དང་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་ཕུལ་དུ་བྱུང་བའི་བློ་གྲོས་ཀྱི་སྟོབས་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པར་རྟག་ཏུ་བཙུན་པའི་རང་བཞིན་ཅན། རྨད་དུ་བྱུང་བའི་ལུང་རྟོགས་ཀྱི་ཡོན་ཏན་རྣམས་ཀྱི་ཁུར་གྱིས་བརྗིད་པ། ཕྱི་རོལ་མུ་སྟེགས་པ་སོགས་གྲུབ་མཐའ་ཕྱིན་ཅི་ལོག་ཏུ་སྨྲ་བ་རྣམས་ཀྱི་འདམ་བུའི་ཚལ་དེ་ཉིད་རིགས་པ་ཡང་དག་གིས་འཇོམས་པར་མཛད་པའི་རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ་ཞེས་པའོ།།

དམ་པ་འདི་ནི། འཇམ་དཔལ་རྩ་རྒྱུད་ལས། དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེའི་གཙོ་བོ་ནོར་ཆེན་ལྡན། །དང་པོ་ཡི་གེ་ན་ཞེས་པ། །ལྷོ་ཡི་ཕྱོགས་སུ་ཡང་དག་བསྟེན། །ཞེས་ལུང་བསྟན་ཅིང་དང་པོ་ཡི་གེ་ན་ཞེས་པ་ན་མོ་ཞེས་པའི་སྐད་དོད་ལ་ཕྱག་འཚལ་བ་ལ་འཇུག་པས་ཕྱོགས་གླང་གི་མིང་ཐོག་མ་ཕ་བྱུང་བས་སོ། །རྒྱལ་བསྟན་འཛིན་པར་རྒྱལ་བས་ལུང་བསྟན་ཅིང་། ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་འདི་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཞེས་པ་ཀཉྩིའི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས། རིང་པོར་མ་ལོན་པར་བྲམ་ཟེའི་རིག་བྱེད་ཐམས་ཅད་ལ་མཁས་པར་གྱུར། སྔོན་ཡུན་རིང་པོ་ནས་སྒོམ་པའི་བག་ཆགས་བརྟས་པས་འཁོར་བ་མཐའ་དག་མེ་འབར་བའི་འོབས་ལྟར་གཟིགས་ནས་ངེས་འབྱུང་ཤུགས་དྲག་པོས། བྲམ་ཟེའི་རིགས་དང་ལོངས་སྤྱོད་དང་སློབ་འཁོར་རྒྱ་ཆེན་པོ་ལ་མ་ཆགས་པར་གནས་མ་བུ་བའི་སྡེ་པའི་མཁན་པོ་གླང་པོ་བྱིན་ཞེས་པ་ལས་རབ་ཏུ་བྱུང་། ཕྱོགས་ཀྱི་གླང་པོ་ཞེས་མཚན་གསོལ། མཁན་པོ་དེ་ཉིད་ལ་བརྟེན་ཏེ་གནས་མ་བུ་བའི་ལུགས་དང་མཐུན་པའི་སྡེ་སྣོད་གསུམ་དང་། སྒྲ་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་ལ་ལེགས་པར་སྦྱངས་ཏེ་མཁས་ཤིང་ཁྱད་པར་ལྷག་པོར་རྟོགས། མཁན་པོ་ལ་སྤོང་བ་བསམ་གཏན་གྱི་མན་ངག་ཞུས་པས། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་སྒོམས་ཤིག་གསུངས་ནས་བརྗོད་དུ་མེད་པའི་བདག་འཚོལ་བའི་གདམས་པ་བྱིན་ནོ།།

དེ་ལྟར་བསྒོམས་པས་བདག་མ་རྙེད་ནས་ཕྱི་ནང་གི་སྒྲིབ་པས་བསྒྲིབས་སམ་སྙམ་ནས་རྣམ་པར་བརྟགས་ཤིང་བཙལ་ཡང་ཡོད་པར་མ་མཐོང་སྟེ། ཉིན་མོ་སྐར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་ཆེན་པོ་སྤར། ལུས་གཅེར་བུར་ཕྱུང་མིག་བགྲད་དེ་ཕྱོགས་ཀུན་ཏུ་ཡང་ཡང་བལྟས་ཤིང་བཙལ་ཡང་མ་རྙེད་དོ། །དེའི་ཚེ་སྤྱོད་ལམ་དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་ཞུས་པས། མཁན་པོས་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད་དྲིས་པ་ན་བདག་ནི་བློ་རྟུལ་ཞིང་བློ་གྲོས་དམན་པས་མཁན་པོས་བསྟན་པའི་དེ་ཉིད་གང་ཡིན་པ་དེ་ནི་བདག་གིས་མ་མཐོང་སྟེ། དེའི་ཕྱིར་སྒྲིབ་བྱེད་ཀྱིས་བསྒྲིབས་སམ་སྙམ་སྟེ། དེ་ལྟར་བྱས་ནས་བལྟ་བ་ཡིན་ཞུས་ཤིང་དོན་གྱིས་དེ་འགོག་པར་བྱེད་པའི་རིགས་པ་བསྟན་པས། མཁན་པོས་ཁྱོད་ཁོ་བོའི་གྲུབ་མཐའ་སུན་འབྱིན་པར་འདུག་པས་སོངས་ཤིག་ཅེས་སྐྲོད་པའི་གནས་མིན་པར་བསྐྲད་པ་ན། མཁན་པོ་དེ་ཉིད་དུ་རིགས་པས་སུན་དབྱུང་ནུས་མོད་ཀྱི། འོས་མ་ཡིན་ནོ་སྙམ་སྟེ་ཕྱག་འཚལ་ནས་ཕྱིར་བྱོན། དེ་ནས་ཐེག་པ་ཆེན་པོའི་ལུང་དང་མན་ངག་དག་གསན་པར་བཞེད་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན། སྤྱིར་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་ཐེག་པ་ཆེན་པོའི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་གསན། ཚད་མ་གསན་པས་རྣམ་རིག་པའི་གྲུབ་མཐའ་དང་ཚད་མ་ལ་དབྱིག་གཉེན་ལས་ཀྱང་མཁས་པར་གྱུར་ཏོ།།

ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་ཁ་འདོན་དུ་མཛད། དེ་ནས་རྡོ་རྗེ་སློབ་དཔོན་ཞིག་ལས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དབང་དང་སྒྲུབ་ཐབས་ལེགས་པར་གསན་ནས་སྒྲུབ་པ་མཛད་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་ཤིང་གདམས་པ་དང་རྗེས་སུ་བསྟན་པ་ལེགས་པར་ཐོབ། དེ་ནས་བཟུང་ནམ་འདོད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཤིང་ཆོས་གསན་པར་མཛད། དེ་ནས་ཨོ་ཊི་བི་ཤའི་ཡུལ་གྱི་ནགས་ཚལ་ཤིན་ཏུ་དབེན་པའི་ཕྱོགས་ཤིག་གི་བྷོ་ར་སེ་ལ་ཞེས་པའི་བྲག་རིའི་ཕུག་ཏུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་དོ།།

ལོ་འགའ་ཞིག་འདས་པ་ན་དཔལ་ནཱ་ལེནྡྲར་མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང་། དེར་བྲམ་ཟེ་སུ་དུར་ཛ་ཡ་ཞེས་པ་རང་གིས་བསྒྲུབས་པའི་ལྷ་མངོན་སུམ་དུ་མཐོང་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཐུབ་པར་དཀའ་བ་ཞིག་ཀྱང་འདུས་ཏེ། དེར་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། ཤར་ཕྱོགས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས་སོ། །སློབ་དཔོན་གྱིས་མུ་སྟེགས་པ་དེ་ལན་གསུམ་དུ་ཕམ་པར་བྱས་ཤིང་། དེར་ཚོགས་པའི་རྒོལ་བ་ཐམས་ཅད་ཀྱང་རེ་རེ་ནས་སུན་ཕྱུང་། སངས་རྒྱས་ཀྱི་བསྟན་པ་ལ་བཀོད། གནས་དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་རྣམ་པར་བཤད་ཅིང་ཆོས་མངོན་པ་ཡང་རྒྱས་པར་བྱས་སོ།།

དེ་ནས་བདག་ཉིད་ཆེན་པོ་འདིས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་མ་རིག་པ་ཡིན་པས་དེ་སྤང་ཕྱིར་དང་། གཉེན་པོ་ཤེས་རབ་བསྐྱེད་པའི་ཕྱིར་དུ་མཛོད་ཀྱི་འགྲེལ་བཤད་གནད་ཀྱི་སྒྲོན་མ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། བརྒྱད་སྟོང་དོན་བསྡུས་སོགས་མཛད་ནས་རྒྱལ་བའི་གསུང་རབ་སྤྱིའི་དགོངས་པ་བཀྲལ་ཞིང་། ལྷག་པར་ཚད་མ་གཏན་ལ་འབེབས་པ་ལ་དམིགས་པ་བརྟག་པ་ཤོ་ལོ་ཀ་བརྒྱད། དེའི་རང་འགྲེལ་ཤོ་ལོ་ཀ་སུམ་ཅུ་རྩ་གཉིས། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ། དུས་གསུམ་བརྟག་པ། རླུང་གི་རབ་དབྱེ། ཕྱོགས་ཆོས་དགུའི་འཁོར་ལོ་སོགས་ཚད་མའི་བསྟན་བཅོས་འཐོར་བུ་བ་བརྒྱ་རྩ་མཛད་དོ། །དེ་ནས་སླར་ཡང་ཨོ་ཊི་བི་ཤའི་ཡུལ་དུ་གཤེགས་ནས་སྔར་གྱི་ཕུག་པར་བསམ་གཏན་ལ་རྩེ་གཅིག་གཞོལ་བར་མཛད་དོ།།

དུས་ནམ་ཞིག་ན་རིགས་པའི་མིག་དང་བྲལ་བའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་ཏེ་རིགས་པའི་མིག་སྦྱིན་པར་མཛད་བཞེད་པ་ན། གདུལ་བྱ་རྣམས་བློ་གྲོས་ཀྱི་མཐུ་ཤིན་ཏུ་ཆུང་བ་དང་། རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་མཐུ་ལས་བྱུང་བའི་སྔར་བརྩམས་པའི་ཚད་མའི་བསྟན་བཅོས་རྣམས་ཀྱང་གྲངས་མང་བས་ཁ་འཐོར་བ་ལྟ་བུར་གྱུར་པ་གཟིགས་ཏེ། སྔར་མཛད་པ་དེ་དག་ཐམས་ཅད་ཀྱི་གནད་བསྡུས་ཏེ་གསུང་རབ་སྤྱིའི་དགོངས་འགྲེལ་ཚད་མ་ཀུན་ལས་བཏུས་པ་བརྩམ་པར་བཞེད་ནས།

ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །

སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །

ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །

བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །

ཞེས་མཆོད་བརྗོད་དང་བཤད་པར་དམ་བཅའ་སྒྲུབ་ཕུག་གི་བྲག་ངོས་ལ་རྡོ་རྒྱུས་ཀྱིས་བྲིས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་སུ་འོད་ཀྱི་སྣང་བ་ཆེན་པོ་བྱུང་། ས་གཡོས་ཤིང་སྒྲ་ཆེན་པོ་གྲགས། མུ་སྟེགས་ཀྱི་སྟོན་པ་རྣམས་བྱིན་པ་ཤིང་བཞིན་རེངས་པ་སོགས་ལྟས་ཁྱད་པར་ཅན་དུ་མ་བྱུང་། དེའི་ཚེ་ཉེ་ལོགས་ན་མུ་སྟེགས་ཀྱི་སྟོན་པ་ཐུབ་རྒྱལ་ནག་པོ་ཞེས་པ་ཞིག་ཡོད་པ་དེས། དེ་གང་གི་ལྟས་ཡིན་སྙམ་དུ་མངོན་ཤེས་ཀྱིས་བརྟགས་པས་ཚད་མ་མདོའི་མཆོད་བརྗོད་དང་དམ་བཅའ་བྲིས་པའི་བྱིན་རླབས་ཀྱི་མཐུར་མཐོང་ནས། ཕྲག་དོག་གི་དབང་གིས་སློབ་དཔོན་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་རྫུ་འཕྲུལ་གྱིས་འོངས་ནས་ཚིག་དེ་རྣམས་བསུབས་ནས་བཞག །དེ་ལྟར་ལན་གཉིས་པ་བྲིས་པ་ཡང་བསུབས། སློབ་དཔོན་གྱིས་གསུམ་པ་བྲིས་ནས། མཇུག་ཏུ་ངའི་ཚིགས་སུ་བཅད་པ་འཕྱི་བ་སུ་ཡིན་ཀུ་རེ་ཀྱལ་ཀའི་ཕྱིར་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་འཕྱིད། ཕྲག་དོག་གི་དབང་གིས་ཡིན་ན་བློ་ལ་ཡོད་པས་དབྱི་བར་མི་ནུས་སོ། །འོན་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་ཤིག་རྩོད་པར་བྱའོ་ཞེས་བྲིས་སོ། །ཡང་ལྟས་སྔར་བཞིན་བྱུང་སྟེ། ཕྱིར་འོངས་པས་རྩོད་པར་བྱའོ་ཞེས་པ་མཐོང་སྟེ་བསྡད་དོ།།

སློབ་དཔོན་བསོད་སྙོམས་ལས་འཁོར་ཏེ་བྱོན་པ་དང་ཕྲད་ནས་བསྟན་པ་རྒྱལ་དུ་བཙུགས་ཏེ། རིགས་པ་དྲི་མ་མེད་པས་ལན་གསུམ་གྱི་བར་དུ་ཕམ་པར་བྱས་ཏེ། ད་ཁྱོད་ནང་པའི་བསྟན་པ་ལ་ཞུགས་གསུངས་པས། ཁོ་ཁྲོས་ནས་རྫུ་འཕྲུལ་འགྲན་ཟེར་ནས་ཁ་ནས་མེ་སྤར་ཏེ། སློབ་དཔོན་གྱི་ཆོས་གོས་རྣམ་གསུམ་དང་ཡོ་བྱད་ཐམས་ཅད་བསྲེགས། སློབ་དཔོན་ཡང་ཚིག་ལ་ཁད་པར་བྱས་པས་སློབ་དཔོན་ཐུགས་ཤིན་ཏུ་སྐྱོ་ནས། ངས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་སྙམ་མོད་ཀྱི། སེམས་ཅན་མ་རུང་བ་མུ་སྟེགས་འདི་གཅིག་པུ་འདྲ་བའི་དོན་ཡང་བྱ་མི་ནུས་པར་འདུག་པས། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་མི་ནུས་སོ། །ཐོད་ལེ་ཀོར་ནམ་མཁར་འཕངས་ནས་འདི་ས་ལ་བབས་པའི་ཚེ་རང་ཉིད་གཅིག་པུ་གྲོལ་བ་དོན་དུ་གཉེར་བར་བགྱིའོ་སྙམ་དུ་དགོངས་པས་ཐོད་ལེ་ཀོར་འབབ་དུས་མ་བྱུང་བས། ནམ་མཁར་གཟིགས་པ་ན་རྗེ་བཙུན་འཇམ་པའི་དབྱངས་ལྟ་བས་ཆོག་མི་ཤེས་པ་ཞིག་གིས་ཐོད་ལེ་ཀོར་དེ་བསྣམས་ནས་བུ་མ་བྱེད་མ་བྱེད་ཐེག་པ་དམན་པ་དང་ཕྲད་པ་ལས་བློ་གྲོས་ངན་པ་སྐྱེ་སྟེ། ཁྱེད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས། ཁྱོད་ཀྱིས་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། ཕྱི་མའི་དུས་ན་འགྲོ་བ་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་ལུང་བསྟན་ཅིང་དབུགས་ཕྱུང་ནས་ཚད་མ་ཀུན་ལས་བཏུས་པ་བརྩམ་པར་བསྐུལ་མ་མཛད་པ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་ཐུགས་རྗེ་དང་སྙིང་སྟོབས་ཆེར་བཞེས་ནས་ཚད་མ་ཀུན་ལས་བཏུས་པ་མཛད་དེ། འཛམ་བུའི་གླིང་གི་འགྲོ་བ་ཐམས་ཅད་ལ་བློ་གྲོས་ཀྱི་མིག་སྦྱིན་པར་མཛད་དོ། །དོན་དེ་ལ་དགོངས་ནས་རྗེའི་རྟོགས་བརྗོད་ལས།

འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །

འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གིས་གནང་བ་སྩལ་བ་ཚད་མར་བྱེད། །

ཅེས་གསུངས་སོ། །ཁ་ཆེ་ཛྙ་ན་ཤྲཱིའི་ཊིཀྐ་ལས་ཁྱོད་ཀྱིས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཞེས་འབྱུང་བར་བུ་སྟོན་ཆོས་འབྱུང་དུ་བཤད། དེ་ནས་སླར་ཡང་ཨོ་ཊི་བི་ཤའི་ནགས་དེར་བསམ་གཏན་ལ་རྩེ་གཅིག་ཏུ་བཞུགས་པས་སངས་རྒྱས་མང་པོའི་ཞལ་མཐོང་ཞིང་། ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་མང་པོ་ཐོབ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ནགས་ཚལ་དེའི་ལྗོན་ཤིང་དང་མེ་ཏོག་རྣམས་ཀྱང་སློབ་དཔོན་གྱི་ཕྱོགས་སུ་མགོ་འདུད། གླང་པོ་ཆེ་ལ་སོགས་པ་ནགས་ཚལ་དེ་ན་གནས་པའི་རི་དྭགས་རྣམས་ཀྱང་སློབ་དཔོན་གྱི་ཞབས་ལ་མགོ་བོ་གཏུག་ཅིང་གུས་པའི་ཚུལ་བྱེད། དེ་ནི་ཡུལ་དེའི་རྒྱལ་པོ་འཁོར་དང་བཅས་པ་སྐྱོ་སངས་ལ་འོངས་པས་མཐོང་སྟེ། ངོ་མཚར་སྐྱེས་ནས་ཁྱོད་ཕྱོགས་ཀྱི་གླང་པོ་ཡིན་ནམ་ཞེས་དྲིས་པས་དེ་ལྟར་འདོགས་གསུངས། རྒྱལ་པོ་འཁོར་དང་བཅས་པས་ཞབས་ལ་ཕྱག་བྱས་སོ།།

ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ། ལྷན་ཅིག་ཅུང་སྙུང་བར་གྱུར་ཏེ། གྲོང་ཁྱེར་ནས་བསོད་སྙོམས་བསླངས་ནས་ནགས་མཐོང་ཞིག་ཏུ་བཞུགས་པས་ཡུར་ཏེ་མནལ་དུ་སོང་། མནལ་ལམ་དུ་སངས་རྒྱལ་མང་པོའི་ཞལ་མཐོང་བ་སོགས་བཤད། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ། ཡུལ་སོ་སོའི་མུ་སྟེགས་ཀྱི་སྨྲ་བ་ངན་པ་ཐམས་ཅད་ཚར་བཅད། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཙུགས་པའི་ཆོས་གཞི་ཉམས་པ་ཕལ་ཆེར་སོར་ཆུད་པར་མཛད། དགེ་འདུན་གྱི་སྡེ་རྣམས་ལ་སྡེ་སྣོད་གསུམ་རྒྱ་ཆེར་བཤད་དེ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་སྤེལ་བར་མཛད་དོ།།

དེ་ནས་སླར་ཡང་ཨོ་ཊི་བི་ཤའི་ཡུལ་དུ་བྱོན་ནས་ཡུལ་དེའི་རྒྱལ་པོ་དང་རྒྱལ་པོའི་མཛོད་ཀྱི་སྤྱན་པ་བློན་པོ་བྷ་དྲ་པ་ལི་ཏ་ཞེས་པ་འཁོར་དང་བཅས་པ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། བྲམ་ཟེ་ཆེན་པོ་ཞིག་གིས་སྦྱིན་བདག་བྱས་ཏེ། གཙུག་ལག་ཁང་ཆེན་པོ་བཅུ་དྲུག་བཞེངས། དེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་རེ་བཙུགས། གཙུག་ལག་ཁང་རེ་རེ་ལ་ཡང་ཆོས་གཞི་དུ་མ་རེ་ཡོད་པ་བྱས། ཡུལ་དེའི་སྐྱེ་བོ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་ཆེས་རྙེད་པའི་ཕྱིར་དང་། རང་རྒྱུད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་རྟགས་སུ། བྲམ་ཟེ་དེའི་སྐྱེད་མོས་ཚལ་ན་ནད་ཐམས་ཅད་གསོ་བར་ནུས་ཤིང་སྐྱེ་བོ་མང་པོ་ལ་ཕན་པ་མུཥྚི་ཧ་རི་ཀ་ཞེས་བྱ་བ་ཨ་རུ་རའི་སྡོང་པོ་ཆེན་པོ་ཞིག་ཡོད་པས། ལན་ཅིག་སྡོང་པོ་ཤིན་ཏུ་སྐམ་པར་གྱུར་པ་ལ་སློབ་དཔོན་གྱིས་གསོས་པར་སྨོན་ལམ་གྱི་བདེན་ཚིག་བརྗོད་ནས་སོར་ཆུད་པར་མཛད་དོ།།

དེ་ལྟར་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་ཚར་བཅད་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང་། འཕགས་ཡུལ་གྱི་ཕྱོགས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་མཛད་ནས། ཆོས་ཀྱིས་སྦྲེལ་བའི་སློབ་མས་ཕྱོགས་ཐམས་ཅད་ཁྱབ་པར་ཡོད། ཚད་མ་ལ་མཁས་པ་ནི་དབང་ཕྱུག་སྡེའོ། །ཕྱི་བཞིན་འབྲངས་པའི་དགེ་སྦྱོང་ནི་གཅིག་ཀྱང་ཡོངས་སུ་མ་བཟུང་ངོ་། །འདོད་པ་ཆུང་ཞིང་ཆོག་ཤེས་པས་ཇི་སྲིད་འཚོའི་བར་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་སོ། །མཐར་ཨོ་ཊི་བི་ཤའི་ནགས་ཚལ་དབེན་པའི་སྒྲུབ་ཕུག་དེ་ཉིད་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞིང་ཁམས་གཞན་དུ་གཤེགས་སོ།། །།

 

༈ གཉིས་པ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ནི།

ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང་། །

གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །

སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །

ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་པའོ། །དོན་ནི། ནང་པའི་མདོ་སྔགས་ཀྱི་གསུང་རབ་རྣམས་ལ་སྦྱངས་པ་ཕུལ་དུ་ཕྱིན་པའི་ཆོས་ཀྱི་རིགས་པས་ཆོས་མིན་ཕྱི་རོལ་པའི་གྲུབ་མཐའ་ངན་པ་ཕམ་པར་མཛད་ཅིང་། ཆོས་ཀྱི་གྲགས་པ་ཞེས་པའི་སྙན་གྲགས་ཀྱི་སྒྲ་ཆེན་པོ་ས་འོག་ས་སྟེང་ས་བླ་སྟེ་འཇིག་རྟེན་གསུམ་ན་ཡོངས་སུ་གྲགས་ཤིང་། སྒྲ་རྟག་པར་སྨྲ་བ་སོགས་སྨྲ་བ་ངན་པའི་མུན་པ་མ་ལུས་པ་འཇོམས་པའི་ལེགས་པར་སྨྲ་བའི་ཉི་མ་མཆོག་ཏུ་གྱུར་པ་དཔལ་ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ་ཞེས་པའོ།།

སྡེ་བདུན་མཛད་པ་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །མུ་སྟེགས་རྒོལ་བ་བཟློག་ནས་ཀྱང་། །དེ་ནི་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་ལུང་བསྟན་ཅིང་། རྒྱལ་བསྟན་འཛིན་པ་ལ་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་བདག་ཉིད་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་པར་འཁྲུངས། ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ། དེང་སང་ཡུལ་དེ་འདྲའི་མིང་ཅན་མི་སྣང་ཡང་དཔལ་ཆོས་ཀྱི་གྲགས་པའི་འཁྲུངས་ཡུལ་ནི། ཧི་མ་ལ་ཡའི་ཡུལ་ཡིན་པར་ཕྱི་ནང་ཀུན་ལ་གྲགས་པས་སྔོན་དུ་ས་དེ་ལ་རྒྱལ་དབང་གཙུག་གི་ནོར་བུ་ཟེར་བར་ངེས་སོ་ཞེས་བཤད། སྐུ་འཁྲུངས་པའི་དུས་ནི་རྒྱལ་པོ་སེངྒེ་ལྔ་པ་དང་། རྒྱལ་པོ་གསལ་བ་སོགས་རྒྱལ་སྲིད་ལ་འཁོད་ནས་མི་རིང་བའི་དུས་ཡིན་པར་མངོན་ལ་ཞེས་བྱུང་། ཡབ་མུ་སྟེགས་ཀྱི་བྲམ་ཟེའི་རིགས་ཀུན་ཏུ་རྒྱུ་རོ་ཉ་ནནྡ་ཞེས་པའི་བུར་སྐྱེ་བ་བཞེས། ཆུང་དུས་ནས་བློ་གྲོས་ཤིན་ཏུ་སྒྲིན་པས་བཟོའི་གནས་དང་། རིག་བྱེད་ཡན་ལག་དང་བཅས་པ་དང་། སྨན་དཔྱད་དང་། བརྡ་སྤྲོད་པ་སྒྲ་དང་། མུ་སྟེགས་པའི་གྲུབ་མཐའ་མཐའ་དག་ལ་ཤིན་ཏུ་སྦྱངས་པས། དགུང་ལོ་བཅོ་བརྒྱད་བར་དུ་མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར་ཏོ།།

དེར་ཕྱི་རོལ་པའི་བྲམ་ཟེ་རྣམས་ཀྱིས་ལྷག་པར་བསྟོད་ཅིང་བསྔགས་པར་བྱེད་དོ། །སྐབས་ཤིག་སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པར་རང་གི་སྟོན་པ་སྐྱོན་དང་བཅས་ཤིང་བསྟན་བཅོས་རྣམས་ཀྱང་ཤིན་ཏུ་མི་འཐད་པ་དང་། སངས་རྒྱས་བཅོས་ལྡན་འདས་དང་། དེས་གསུངས་པའི་ཆོས་ནི་དེ་ལས་བཟློག་པར་གཟིགས་ནས་ཤིན་ཏུ་མོས་ཤིང་དད་གུས་སྐྱེས་ཏེ། ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་ནས་བསྡད་དོ། །བྲམ་ཟེ་རྣམས་ཀྱིས་རྒྱུ་མཚན་དྲིས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད་པས། ཡིད་མི་དགའ་བར་དེ་རྣམས་ཀྱིས་ནང་ནས་བསྐྲད་དོ།།

དེ་ནས་མུ་སྟེགས་ཐམས་ཅད་ཕམ་པར་བྱེད་པ་ཞིག་བྱའོ་སྙམ་དུ་དགོངས་ཏེ་ཡུལ་དབུས་སུ་བྱོན། སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་པོ་མཐའ་དག་ལ་མཁས་པར་བྱས། མདོ་རྒྱུད་དང་གཟུངས་སྔགས་བསྡོམས་པའི་མདོ་སྡེ་ལྔ་བརྒྱ་ཙམ་ཐུགས་ནས་འདོན་ནོ། །རྟོག་གེའི་བསྟན་བཅོས་གཞན་མང་པོ་ཉན་ཡང་བློ་གྲོས་མ་ཁེངས་ནས། དཔལ་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་དབང་ཕྱུག་ཅེས་པ་ཚད་མ་ལ་མཁས་པར་རིག་ནས། དེ་ལ་ཚད་མ་ཀུན་ལས་བཏུས་པ་ཚར་གསུམ་ཉན་པར་དམ་བཅས་ནས་ཉན་པས། ལན་དང་པོ་ལ་སློབ་དཔོན་དབང་ཕྱུག་སྡེས་ཇི་ལྟར་དགོངས་པ་ལྟར་གོ་སྟེ་དབང་ཕྱུག་དེ་ཉིད་དང་མཉམ་པར་གྱུར། ལན་གཉིས་པ་ཉན་པས་ཕྱོགས་གླང་གི་དགོངས་པ་བཞིན་གོ་སྟེ་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྱུར། གསུམ་པ་གསུངས་པར་ཞུས་པས་དབང་ཕྱུག་སྡེས་ཕྱོགས་གླང་ལ་སློབ་མ་ང་ལྟ་བུ་ལས་མེད། ང་ལ་ཁྱོད་ལྟ་བུ་ལས་མ་བྱུང་། ཚར་རེ་ལས་འཆད་པའི་སྲོལ་མེད་པས་གཉིས་སུའང་བཤད་པ་ཡིན། ད་འདི་གཅིག་པུ་འཆད་པས་མི་ཕན། པཎྜི་ཏའི་བྱ་བ་གཞན་ཡང་བྱ་དགོས་པས་རས་སྣུམ་སྟ་གོན་གྱིས་ཤིག་ནུབ་མོ་འཆད་དོ་གསུངས་ནས་དེ་ལྟར་བྱས་པས། སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་གླང་གི་དགོངས་པ་མ་ལོངས་པར་འགའ་རེ་ནོར་བར་མཁྱེན་ནས་འབྲས་བུ་རྒྱུའི་ཁྱད་པར་གྱི་རྗེས་སུ་བྱེད་པར་ལྷག་པར་རྟོགས་སོ། །ཚུལ་དེ་ཉིད་སློབ་དཔོན་ལ་ཞུས་པས་ཐུགས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་ལ། ད་ཁྱོད་ཀྱིས་ངའི་གྲུབ་མཐའ་ནོར་བ་རྣམས་ཕྱོགས་སྔར་གྱིས་ལ། ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་ཡང་རྩོམས་ཤིག་ཅེས་པའི་རྗེས་སུ་གནང་བ་ཡང་ལེགས་པར་ཐོབ་བོ།།

དེ་ནས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་གྲུབ་ཆེན་ཊེཾ་གི་པས་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར་བ་ཡང་དག་པར་མནོས་ཏེ། ལྷག་པའི་ལྷ་བསྒྲུབས་པས་ཧེ་རུ་ཀས་མངོན་སུམ་དུ་ཞལ་བསྟན་ནས་ཅི་འདོད་གསུངས་པ་ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་འཚལ་ལོ་ཞུས་པས་ཧ་ཧ་ཧཱུཾ་གསུངས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་བདེ་མཆོག་གི་བསྟོད་པ་རྒྱུན་ཆགས་ཀྱང་མཛད། སློབ་དཔོན་འདིའི་རྡོ་རྗེ་སློབ་དཔོན་ནི་འགའ་ཞིག་གིས་དཱ་རི་ཀ་པ་ཡིན་ཟེར། ཁ་ཅིག་རྡོ་རྗེ་དྲིལ་བུ་པ་ཡིན་པར་འདོད་པ་ལྟར་ན་དེ་དག་ལས་ཀྱང་ཆོས་གསན་ནམ་སྙམ། སློབ་དཔོན་འདིས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གཅིག་ཀྱང་མཛད་པར་གྲགས་ལ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལཱུ་ཨི་པས་མཛད་པར་གྲགས་པ་དེ་ཡང་སློབ་དཔོན་འདིས་མཛད་པར་བཤད་དོ།།

དེ་ནས་སློབ་དཔོན་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་དང་གསང་ཚིག་རྣམས་སློབ་པར་བཞེད་ནས། ཁོལ་པོའི་ཆ་ལུགས་སུ་རྫུས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། མུ་སྟེགས་ཀྱི་གྲུབ་མཐའ་ལ་སུ་མཁས་དྲིས་པས། གྲུབ་མཐའ་ཐམས་ཅད་ལ་མཁས་པ་འགྲན་གྱི་དོ་མེད་བྲམ་ཟེ་གཞོན་ནུ་རོལ་པ་ཡིན་ཟེར། འདི་ལ་བོད་དུ་གཞོན་ནུ་མ་ལེན་དུ་གྲགས། གཞོན་ནུ་རོལ་པ་དེ་ནི་རྒྱལ་པོའི་མངའ་ཐང་ཆེན་པོ་དང་ལྡན་ཏེ། འབྲས་ས་ལུའི་ཞིང་ཕུན་སུམ་ཚོགས་པ་དང་། བ་ལང་དང་། མ་ཧེ་མང་པོ་དང་ལྡན་པ། བྲན་ཕོ་ལྔ་བརྒྱ་དང་། བྲན་མོ་ལྔ་བརྒྱ་དང་། ཞོ་ཤས་འཚོ་བ་མང་པོ་དང་བཅས་པ་ཡིན་པས། སློབ་དཔོན་གྱིས་ཀྱང་དེར་ཕྱི་ནང་གི་ལས་ཐམས་ཅད་ལ་བྲན་ཕོ་ལྔ་བཅུ་དང་བྲན་མོ་ལྔ་བཅུའི་ལས་སློབ་དཔོན་གཅིག་པུས་སྒྲུབ་པར་གཞོན་ནུ་རོལ་པ་ཆུང་མར་བཅས་པ་ཤིན་ཏུ་དགའོ། །དེས་ཁྱོད་ཅི་འདོད་ཟེར་བ་ལ་གྲུབ་མཐའ་ཉན་པར་འཚལ་ལོ་བྱས་ནས། གཞོན་ནུ་རོལ་པས་སློབ་མ་ལ་རིག་པ་སྟོན་པ་རྣམས་ཀྱང་ཉན་ཅིང་། གསང་ཚིག་བུ་དང་ཆུང་མ་མ་གཏོགས་གཞན་ལ་མི་སྟོན་པ་འགའ་ཞིག་ཡོད་པ་རྣམས་ཀྱང་ལས་ཀྱི་བྱ་བས་དེའི་བུ་དང་ཆུང་མ་མགུ་བར་བྱས་ཏེ་དེ་དག་ལ་དྲིས་ནས་ཤེས་སོ།།

དེར་གྲུབ་མཐའི་གནད་ཐམས་ཅད་ཤེས། ཇི་ལྟར་འགོག་པའི་ཚུལ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་གྱུར། དེའི་ཚེ་སློབ་མ་གཞན་རྣམས་ཇི་ལྟར་རིག་པ་སློབ་པའི་ཡོན་ཏན་རྣམས་ལ་རྣམ་པར་བརྟགས། དེར་རིག་པ་གསར་དུ་ཤེས་པ་དང་ཡོན་རྣམས་ཡོངས་སུ་བརྩིས་ཏེ། བྲམ་ཟེ་ནོར་ལ་སྲེད་པས་ཡོན་མ་བྱིན་ན་ཉེས་པར་འགྱུར་རོ་སྙམ་ནས། དེ་ཉིད་ཀྱིས་བྱིན་པའི་ལག་གི་གླ་དངུལ་པ་ཎ་ལྔ་བརྒྱ་ཞིག་ཡོད་པ་དང་། ཕྱོགས་དེ་ན་གནས་པའི་གནོད་སྦྱིན་ཞིག་ལས་ཀྱང་གསེར་གྱི་དོང་རྩེ་བདུན་སྟོང་བླངས། གསེར་རྣམས་གཞོན་ནུ་རོལ་པ་ལ་བྱིན། དངུལ་གྱིས་བྲམ་ཟེ་རྣམས་ལ་སྟོན་མོ་ཆེར་བྱས་ཏེ། སློབ་དཔོན་ཉིད་དེའི་ནུབ་མོ་བྲོས་ནས་ཚོང་འདུས་ཆེན་པོར་བྱོན་ནོ།།

ལོ་རྒྱུས་འགའ་ཞིག་ཏུ་སློབ་དཔོན་གྱིས་གྲངས་ཅན་གྱི་གྲུབ་མཐའི་གསང་ཚིག་རྣམས་རྟོགས་པའི་དོན་དུ་བྲན་དུ་རྫུས་ཏེ་རང་གི་ཞང་པོ་གཞོན་ནུ་མ་ལེན་གྱི་ཆུང་མའི་གཡོག་བྱས་ནས་མགུ་བར་བྱས། གྲུབ་མཐའི་གནད་འདི་འདྲ་འདྲི་དགོས་བྱས་པས་འདོད་པ་སྤྱོད་པའི་ཚེ་དྲི་ཡིས་ཁྱེད་རང་སེམས་ལ་བཟུང་ཟེར་ནས་མོའི་རྐང་པ་ལ་ཐག་པ་བཏགས་ནས་གང་དཀའ་བ་དེ་ལ་ཐག་པ་འཐེན་ནས་ལེགས་པར་ཤེས་པ་དང་བྲིས་ཏེ་གྲུབ་མཐའི་གནད་ཤེས་པས་ཐམས་ཅད་ཐུབ་པར་ཤེས་ཏེ། དེའི་ཚེ་མཁས་པ་ཡོད་ན་རྩོད་པར་བྱེད་དོ་ཞེས་དྲིལ་བསྒྲགས་པས་ཕལ་ཆེར་ཡུལ་གཞན་དུ་བྲོས། རྩོད་པ་བྱས་པ་རྣམས་ཆོས་ཀྱིས་ཚར་བཅད་དེ་ཆོས་ཀྱི་ལམ་ལ་བཀོད་དོ་ཞེས་བཤད།

དེ་ནས་ཀཱ་ཀ་ཀུ་ཧ་ཞེས་བྱ་བའི་ཚོང་འདུས་ཆེན་པོ་ཕོ་བྲང་བཅས་ཡོད་པའི་སར་བྱོན་ནས། དེར་རྒྱལ་པོ་དྲུཿམ་རི་བུ་ཞེས་པ་ཡོད་པའི་སར་སྒོ་ཡིག་བཏབ་སྟེ་རྩོད་པར་འདོད་པ་སུ་ཡོད་བྱས་པས། དེར་གཟེག་ཟན་གྱི་གྲུབ་མཐའ་འཛིན་པ་བྲམ་ཟེ་ཀ་ན་གུཔྟ་དང་། གཞན་ཡང་ལྟ་ངན་གྱི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་ཙམ་འདུས་ནས་ཟླ་བ་གསུམ་དུ་བརྩད་པས་རིམ་གྱིས་ལྔ་བརྒྱ་པོ་ཐམས་ཅད་ཀྱང་སུན་ཕྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་རྒྱལ་པོ་ཡང་དབང་དུ་འདུས། དེ་དག་གི་ནང་ནས་བྲམ་ཟེ་ལོངས་སྤྱོད་དང་ལྡན་པ་ལྔ་བཅུ་ཙམ་ལ་ནང་པའི་ཆོས་གཞི་རེ་རེ་འཛུགས་སུ་བཅུག་གོ།

གཏམ་དེ་གཞོན་ནུ་རོལ་པས་ཐོས་ནས་དེ་ཤིན་ཏུ་ཁྲོས་ཏེ་རང་ཉིད་བྲམ་ཟེ་ལྔ་བརྒྱ་དང་བཅས་ཏེ་རྩོད་པར་འོངས་སོ། །དེ་གལ་ཏེ་ཁོ་བོ་རྒྱལ་ན་ཆོས་ཀྱི་གྲགས་པ་སོད་ཅིག །གལ་ཏེ་ཆོས་ཀྱི་གྲགས་པ་རྒྱལ་ན་ང་སོད་ཅིག་ཅེས་རྒྱལ་པོ་ལ་བསྒོ་བ་ལ། སློབ་དཔོན་གྱིས་གལ་ཏེ་གཞོན་ནུ་རོལ་པ་རྒྱལ་ན་བདག་མུ་སྟེགས་པ་ལ་འཇུག་གམ། གསོད་དམ། བརྡེག་གམ། འཆིང་བ་ནི་རྒྱལ་པོ་ཉིད་ཀྱིས་ཤེས་སོ། །གལ་ཏེ་བདག་རྒྱལ་བར་གྱུར་ན་གཞོན་ནུ་རོལ་པ་བསད་དུ་མི་འཚལ་ཏེ། འོན་ཀྱང་དེ་ཉིད་རྒྱལ་བའི་བསྟན་ལ་འཇུག་པར་བྱའོ་གསུངས། དེར་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་གཞོན་ནུ་རོལ་པའི་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་བརྒྱ་ཡོད་པ་ཐམས་ཅད་རེ་རེ་ནས་རིགས་པའི་རྣམ་གྲངས་བརྒྱ་བརྒྱས་སུན་ཕྱུང་། དེར་གཞོན་ནུ་རོལ་པས་ཀྱང་ནང་པ་མཆོད་པར་བྱས་ཤིང་། བྲམ་ཟེ་ལྔ་བརྒྱ་པོ་དེ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཁོ་ན་རིགས་པ་དང་ལྡན་པར་ཤེས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །གཞན་ཡང་གཅེར་བུ་པ་ར་ཧུ་བྲཱ་ཏི་དང་། སྤྱོད་པ་པ་བྷྲིཾ་ཀ་ར་གུ་ཧྱ་དང་། བྲམ་ཟེ་ཀུ་མ་ར་ནནྡ་དང་། མུ་སྟེགས་ཀྱི་རྩོད་པའི་ཁྱུ་མཆོག་ཀ་ཎ་ཌཱ་རོ་རུ་སོགས་དང་། འབིགས་བྱེད་ཀྱི་རི་བོའི་ཁོངས་ན་གནས་པའི་རྒོལ་བ་ངན་པ་ཐམས་ཅད་ཀྱང་སུན་ཕྱུང་ངོ་།།

དེ་ནས་དྲ་བ་ལའི་ཡུལ་དུ་བྱོན་ནས། ཡུལ་འདི་ན་རྩོད་པར་ནུས་པ་སུ་ཞིག་ཡོད་ཅེས་དྲིལ་བསྒྲགས་པས། མུ་སྟེགས་པ་ཕལ་ཆེར་ཞིག་བྲོས། འགའ་ཞིག་རྩོད་པར་མི་ནུས་པ་ཁས་བླངས་ཏེ་ཡུལ་དེར་སྔོན་ཆོས་གཞི་ཉམས་པ་ཐམས་ཅད་གསོས་ནས། ནགས་ཚལ་དབེན་པ་རྣམས་སུ་བསམ་གཏན་མཛད་ཅིང་བཞུགས་སོ། །དེའི་ཚེ་སམ་གར་ཨཱ་ཙརྱས་དཔལ་ནཱ་ལེནྡྲར་རྩོད་པ་བྱེད་དོ་ཞེས་འཕྲིན་བརྫངས་སོ། །དེ་རྣམས་ཀྱིས་ཀྱང་སང་ཕོད་བྱའོ་ཞེས་ཕྱི་དུས་བཏབ། ཆོས་ཀྱི་གྲགས་པ་ལྷོ་ཕྱོགས་ནས་སྤྱན་དྲངས་སོ། །དེ་ནས་རྩོད་པའི་དུས་སུ་བབས་པ་ན། སངས་རྒྱས་པ་རྣམས་དང་། བྲམ་ཟེ་དང་། མུ་སྟེགས་ཅན་འཐའ་དག་རྒྱལ་པོ་རབ་གསལ་གྱིས་ཝཱ་ར་ཎཱ་སཱིར་བསྡུས་ཏེ། རྒྱལ་པོ་དཔང་པོའི་ཚོགས་དང་བཅས་པའི་དབུས་སུ་སམ་གར་ཨཱ་ཙརྱ་དང་། དཔལ་ཆོས་ཀྱི་གྲགས་པ་རྩོད་པར་ཕྱོགས་པ་ན། སམ་གར་ན་རེ། གལ་ཏེ་ངེད་རྒྱལ་ན་ཁྱེད་རྣམས་གངྒཱ་ལ་མཆོང་ངམ། མུ་སྟེགས་ལ་འཇུག་གདམ་ང་གྱིས། ཅི་སྟེ་ཁྱེད་རྣམས་རྒྱལ་ན་ཁོ་བོ་ཅག་གངྒཱ་ལ་མཆོངས་ཏེ་འཆི་བར་བྱེད་དོ། །ཞེས་ཟེར་ནས་བརྩད་པས། ཆོས་ཀྱི་གྲགས་པས་སམ་གར་ཨཱ་ཙརྱ་ཡང་ནས་ཡང་དུ་ཕམ་པར་བྱས་ཏེ། མཐར་ཅང་མི་སྨྲ་བའི་གནས་ལ་བཀོད། དེ་ནས་སཾ་གར་ཨཱ་ཙརྱ་གངྒཱར་མཆོང་བར་རྩོམ་པ་ན་སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་ཏེ་ཁོ་རང་གི་སློབ་མ་བྷ་ཊ་ཨཱ་ཙརྱ་ལ་ཁྱོད་ཀྱིས་རྩོད་པ་གྱིས་ལ། མགོ་བྲེགས་འདི་ལས་རྒྱལ་བར་གྱིས་ཤིག །མ་རྒྱལ་རུང་ང་ཁྱོད་ཀྱི་བུར་སྐྱེ་བ་བླངས་ནས་འདི་རྣམས་ཕམ་པར་བྱའོ། །ཟེར་ནས་གངྒཱར་མཆོངས་ནས་ཤིའོ། །དེའི་སློབ་མ་ཀུན་ཏུ་རྒྱུ་ཚངས་པར་སྤྱོད་པ་ཁས་ཆེ་བ་མང་པོ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་འཇུག །ལྷག་མ་རྣམས་ཐག་རིང་པོར་བྲོས་སོ།།

དེ་ཕྱི་ལོ་དེ་ཉིད་དུ་བྷ་ཊ་ཨཱ་ཙརྱའི་བུར་སྐྱེ་བ་བླངས་སོ། །དེ་ནས་བྷ་ཊ་ཨཱ་ཙརྱས་ཀྱང་ལོ་གསུམ་དུ་སླར་ཡང་ལྷ་མཉེས་པར་བྱས། ལོ་གསུམ་ནང་པའི་གྲུབ་མཐའ་དང་དེ་འགོག་བྱེད་ཀྱི་རིགས་པ་བསམ། ལོ་བདུན་པ་ལ་སྔར་བཞིན་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་བྷ་ཊ་ཨཱ་ཙརྱ་ཡང་རྣམ་པ་ཀུན་ཏུ་ཕམ་པར་བྱས་ཏེ། སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་པར་གངྒཱར་མཆོངས་ཏེ་ཤིའོ། །དེའི་བུ་ཐུ་བོ་བྷ་ཊ་ཨཱ་ཙརྱ་གཉིས་པ་དང་། སཾ་གར་ཨཱ་ཙརྱའི་སྐྱེ་བ་དང་། བྲམ་ཟེ་རང་གི་གྲུབ་མཐའ་ལ་མངོན་པར་ཞེན་པ་རྣམས་ཤར་ཕྱོགས་ཐག་རིང་པོར་བྲོས། བྲམ་ཟེ་དྲང་པོའི་བློ་ཅན་ལྔ་བརྒྱ་ཙམ་ནི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་། ལྔ་བཅུ་ཙམ་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངོ་།།

ཡུལ་མ་ག་དྷར་བྲམ་ཟེ་གང་བ་ཞེས་པ་དང་། བཅོམ་བརླག་ཏུ་བྲམ་ཟེ་གང་བ་བཟང་པོ་ཞེས་པ་མངའ་ཐང་ལོངས་སྤྱོད་ཆེ་བ་ཤིན་ཏུ་རྟོག་གེ་ལ་མཁས་ཤིང་། དབྱངས་ཅན་མ་དང་ཁྱབ་འཇུག་ལ་སོགས་པ་རང་གི་ལྷས་བྱིན་གྱིས་བརླབས་པ་དེ་དག་ཀྱང་སྔ་ཕྱིར་རྩོད་དུ་འོངས་པས། སློབ་དཔོན་གྱིས་དེ་གཉིས་རིགས་པས་བཏུལ་ཏེ་སངས་རྒྱས་པ་ལ་བཀོད། བྲམ་ཟེ་དེ་གཉིས་ཀྱིས་ཀྱང་མ་ག་དྷ་དང་། བཅོམ་བརླག་ཏུ་ནང་པའི་ཆོས་གཞི་ལྔ་བཅུ་ལྔ་བཅུ་བཙུགས། སློབ་དཔོན་གྱི་སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་པར་གྱུར་ཏོ།།

དེ་ནས་མ་ག་དྷ་དང་ཉེ་བ་དྲང་སྲོང་མ་ཏམ་གའི་ནགས་སུ་ཡུན་རིང་དུ་བཞུགས་ནས་རིག་སྔགས་མང་པོ་གྲུབ་པར་མཛད་དོ། དེ་ནས་སློབ་དཔོན་རིམ་གྱིས་ཡུལ་དང་གྲོང་ཁྱེར་སོ་སོར་ལྗོངས་རྒྱུ་ཞིང་གཤེགས་པ་ན། མཐར་འབིགས་བྱེད་ཀྱི་རི་བོའི་ཁོངས་ན་རྒྱལ་པོ་མེ་ཏོག་གི་བུ་མེ་ཏོག་ཀུན་ཏུ་བརྒྱན་པ་ཞེས་པ་གྲོང་འབུམ་ཕྲག་སུམ་ཅུ་ལ་དབང་བསྒྱུར་བ་ལོངས་སྤྱོད་ཀྱི་ཁྱད་པར་ནི་ལྷ་དང་མཚུངས་པར་གྲགས་པས། རྒྱལ་པོ་དེའི་ཕོ་བྲང་གི་དྲུང་དུ་ཕེབས་པར་རྒྱལ་པོས་ཁྱོད་སུ་ཡིན་ད་ལྟ་སུ་མཁས་དྲིས་པས་སློབ་དཔོན་གྱིས།

ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །

སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། །

ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །

ཞེས་གསུངས་པས། རྒྱལ་པོ་ན་རེ། ཆོས་ཀྱི་གྲགས་པ་ཡིན་ནམ་ཞེས་དྲིས་པས། འཇིག་རྟེན་ན་དེ་སྐད་དུའང་གྲགས་སོ་གསུངས་པ་དང་། རྒྱལ་པོས་གདན་དྲངས་ཏེ་སྦྱིན་བདག་མཛད། རྒྱལ་པོ་དེས་ཀྱང་གཙུག་ལག་ཁང་དུ་མ་བཞེངས། དེར་ཆོས་ཀྱི་གྲགས་པ་བཞུགས། རྒྱལ་པོ་དེས་སྦྱིན་བདག་མཛད་ནས་རྒྱལ་བའི་གསུང་རབ་མཐའ་དག་དང་། ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་ཚད་མའི་བསྟན་བཅོས་སྡེ་བདུན་དང་། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་བཅས་མཛད་དོ། །དེར་སློབ་དཔོན་གྱིས།

གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །

ཆོས་རྣམས་གཉིད་ལོག་ཡང་ན་ཤི །ཆོས་མ་ཡིན་རྣམས་ད་གདོད་ལོངས། །

ཞེས་ཆེད་དུ་བརྗོད་པ་མཛད་ནས་རྒྱལ་པོའི་སྒོ་ཁང་དུ་ཡི་གེར་བྲིས་སོ། །དེ་ལྟར་བརྩམས་ཟིན་པའི་བསྟན་བཅོས་རྣམས་མཁས་པའི་གྲྭ་སར་འགྲིམས་པས་ཕལ་ཆེར་གྱིས་མ་ཤེས་སོ། །ལ་ལས་ཤེས་ཀྱང་ཕྲག་དོག་གི་དབང་གིས་མི་ལེགས་ཤིང་ཉེས་སོ། །ཞེས་བསྒྲགས་ཏེ་ཁྱིའི་མཇུག་མ་ལ་བཏགས་པས། སློབ་དཔོན་གྱིས་ཁྱི་ནི་གྲོང་དང་ལམ་སྲང་ཀུན་ཏུ་རྒྱུ་བ་བཞིན་དུ་ངའི་བསྟན་བཅོས་ཀྱང་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་འགྱུར་རོ་ཞེས་གསུངས་ཤིང་། རྣམ་འགྲེལ་གྱི་མགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་པ་བཅུག་གོ་ཞེས་གྲགས། དེར་ཡུན་རིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་ནས་ཡུལ་དེར་དགེ་སློང་ཁྲི་ཕྲག་གཅིག་ཙམ་བྱུང་ཞིང་། ཆོས་གཞི་ཡང་ལྔ་བཅུ་ཙམ་བཙུགས་སོ།།

དེ་ནས་མཐའ་འཁོབ་ཀྱི་ཡུལ་གུ་ཛི་ར་ཐར་བྱོན་ནས། དེར་ཡང་བྲམ་ཟེ་དང་མུ་སྟེགས་བྱེད་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག །གོ་ཏ་པཱུ་རི་ཞེས་བྱ་བའི་ལྷ་ཁང་བཞེངས། ཡུལ་དེར་མུ་སྟེགས་པ་ཤིན་ཏུ་མང་བ་ལས་དེ་རྣམས་ཀྱིས་སློབ་དཔོན་གྱི་བྲང་ཁང་ལ་མེ་བཏང་སྟེ་ཕྱོགས་ཐམས་ཅད་མེས་ཚིག་པར་གྱུར་པ་ན། ལྷག་པའི་ལྷ་དང་གསང་སྔགས་རྗེས་སུ་དྲན་པས་ནམ་མཁའི་ལམ་ལ་བགྲོད་ནས་ཕྱོགས་དེ་ནས་དཔག་ཚད་གཅིག་ཙམ་གྱི་ས་ཡུལ་དེ་ཉིད་ཀྱི་རྒྱལ་པོའི་ཕོ་བྲང་དང་ཉེ་བར་བྱོན་པས་དེར་ཐམས་ཅད་ཀྱིས་ངོ་མཚར་དུ་འཛིན་པར་གྱུར་ཏོ། །དོན་འདི་དག་ལ་དགོངས་ནས་ད་ལྟའི་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པ་ལས།

མུ་སྟེགས་རིགས་ལ་སྒྲ་ཚད་མཁས། །རྒོལ་བ་ཚར་གཅོད་མཁའ་ལ་གཤེགས། །

དྷརྨ་ཀིརྟི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

ཞེས་ལེགས་པར་བསྔགས་སོ།།

དེའི་ཚེ་སཾ་གར་ཨཱ་ཙརྱ་སླར་ཡང་སྐྱེ་བ་བླངས་པ་དེ་ཉིད་སྔ་མ་ལས་ཀྱང་བློ་ཤིན་ཏུ་ཆེ་བ་རྣོ་ཞིང་རྩོད་པ་ལས་མཁས་པ། བུམ་པའི་སྟེང་དུ་ལྷས་ལུས་རྫོགས་པར་སྟོན་པ་ཞིག་བྱུང་ལ། དེ་ལོ་བཅུ་དྲུག་ལོན་པ་ན་དཔལ་ཆོས་ཀྱི་གྲགས་པ་དང་རྩོད་པར་འདོད་དེ། ཝཱ་རཱ་ཎ་སཱིར་འོངས་ནས་རྒྱལ་པོ་མ་ཧཱ་སྱ་ཎི་ལ་བསྒོས་ཤིང་། རྒྱལ་པོས་ཕྱོགས་ཐམས་ཅད་དུ་དྲིལ་བསྒྲགས། དེར་སློབ་དཔོན་ལྷོ་ཕྱོགས་ནས་སྤྱན་དྲངས་ཏེ། བྲམ་ཟེའི་སྐྱེ་བོ་སྟོང་ཕྲག་ལྔ་ཙམ་དང་། རྒྱལ་པོ་ལ་སོགས་པ་སྐྱེ་བོ་དཔག་ཏུ་མེད་པ་ཡང་འདུས། གོང་བཞིན་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་ཤིན་ཏུ་ཚར་བཅད། སྔར་བཞིན་བཟློག་ཀྱང་མ་ཉན་པར་གངྒཱར་མཆོངས་ནས་ཤིའོ། །དེར་ཡང་མུ་སྟེགས་པ་རྣམས་ཀྱིས་རང་གི་གྲུབ་མཐའ་སུན་ཕྱུང་བ་རིགས་པར་མཐོང་ནས་མང་པོ་ཞིག་རབ་ཏུ་བྱུང་། མང་པོ་ཞིག་དགེ་བསྙེན་བྱས་སོ།།

དེའི་ཚེ་ཁ་ཆེའི་ཡུལ་ནས་བྲམ་ཟེ་བིདྱ་ས་དྷ་ཞེས་པ་དང་། དེ་ཝ་བི་བིདྱ་ཀ་ར་ཞེས་པ་དང་། དེ་ཝ་སིདྷ་ཞེས་པ་སྟེ་བྲམ་ཟེའི་སློབ་དཔོན་ཆེན་པོ་གསུམ་དཔལ་ཆོས་ཀྱི་གྲགས་པའི་དྲུང་དུ་འོངས་ནས་དྲང་པོའི་སེམས་ཀྱིས་གྲུབ་མཐའ་ལ་བརྒལ་བརྟག་མང་དུ་བྱས་པས། ཆོས་ཀྱི་གྲགས་པས་ཀྱང་ཡང་དག་པའི་རིགས་པ་བསྟན། དེ་རྣམས་ནང་པ་ལ་ཤིན་ཏུ་དད་དེ་སྐྱབས་འགྲོ་དང་བསླབ་པའི་གནས་ལྔ་པོ་རྣམས་བླངས་གྲུབ་མཐའ་ཡང་ཉན། ཁྱད་པར་ཚད་མ་སྡེ་བདུན་ཉན་པས་ཤིན་ཏུ་མཁས་པར་གྱུར། དེ་ནས་སྔ་ཕྱི་གཉིས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་སོང་ནས་ཆོས་ཀྱི་གྲགས་པའི་ལུགས་ཀྱི་རྟོག་གེ་དར་བར་བྱས། བར་པས་ཝཱ་རཱ་ཎ་སཱིར་ཡུན་རིང་དུ་གནས་བཅས་ཤིང་ཚད་མ་སྤེལ་བར་གྲགས་སོ།།

དེ་ནས་སློབ་དཔོན་སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པ་མ་དར་བ་དང་། ཉམས་པའི་ཕྱོགས་ཐམས་ཅད་དུ་བསྟན་པའི་འགལ་རྐྱེན་པ་རྣམས་རྩོད་པས་ཚར་བཅད། རྒྱལ་པོ་དང་བློན་པོ་ལ་སོགས་པ་ཆོས་ཀྱི་སྒོ་ནས་དབང་དུ་བསྡུས་ཏེ་དགེ་འདུན་གྱི་སྡེ་དང་ཆོས་གཞི་ཐུག་མེད་དུ་དར་བར་མཛད། སློབ་དཔོན་ཉིད་ཀྱིས་བཞེངས་པའི་ལྷ་ཁང་ཡང་བརྒྱ་རྩ་ཙམ་ཡོད་ཅིང་། གཞན་ལ་བསྐུལ་ཏེ་བཞེངས་པ་ནི་གྲངས་ལས་འདས་སོ། །སློབ་དཔོན་གྱིས་ཡོངས་སུ་བསྐུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པའི་དགེ་སློང་དང་། དགེ་བསྙེན་ཡན་ཆོད་བསྡོམས་ན་འབུམ་དུ་ཉེ་བ་ཙམ་ཡོད་པར་གྲགས་ནའང་། དེ་རྣམས་ལ་མཁན་སློབ་གཞན་དང་སློབ་དཔོན་གཞན་ལ་བརྟེན་པ་ཅི་རིགས་སུ་ཡོད། ཆོས་ཀྱིས་འབྲེལ་བ་ཐོབ་པའི་སློབ་མས་ནི་ས་སྟེང་ཐམས་ཅད་ཁྱབ་ཀྱང་། ཕྱི་བཞིན་རྗེས་སུ་འབྲངས་པ་ནི་ལྔ་ལས་ལྷག་པ་ཡོངས་སུ་མ་བཟུང་བར་གྲགས་སོ།།

དེ་ནས་རང་གི་སློབ་མ་པཎྜི་ཏ་ལྷ་དབང་བློ་ལ་རྣམ་འགྲེལ་གྱི་འགྲེལ་པ་རྩོམ་པར་བསྒོས་པས། དེས་ལན་ཅིག་བརྩམས་ཏེ་གཟིགས་པར་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པས་མེས་བསྲེགས། ཕྱིས་སླར་ཡང་བརྩམས་ཏེ་མཇུག་ཏུ།

ཕལ་ཆེར་སྐལ་བ་མེད་ཉིད་དང་། །དུས་ལའང་སྡོད་པ་མེད་པའི་ཕྱིར། །

སྒོམ་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །

ཞེས་བྲིས་ཏེ་ཕུལ་བས་འཕྲོས་དང་ཚིག་ཟུར་གྱིས་མཚོན་པའི་གནད་དོན་རྣམས་མ་བྱུང་བར་འདུག་སྟེ། ཚིག་གི་དངོས་སུ་བསྟན་པའི་དོན་རྣམས་བྱུང་འདུག་གསུངས་ནས་བཞག་པར་མཛད། འོན་ཀྱང་ངའི་རིགས་པ་འདི་དཔྱིས་ཕྱིན་པ་གཞན་སུས་ཀྱང་མི་ཤེས་པར་འདུག་དགོངས་ནས། རྣམ་འགྲེལ་གྱི་མཇུག་ཏུ། བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། །བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་མཐོང་མེད་ལྡན། །འགྲོ་བ་རྣམས་ལ་མཚུངས་པར་ལེགས་བཤད་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཁོ་བོའི་གཞུང་། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཞེས་པ་བཅུག་ཅེས་གྲགས་སོ།།

དེ་ནས་སློབ་དཔོན་གྱི་སྐུ་ཚེའི་ཐ་མའི་སྐབས་ཡང་སྔར་གྱི་སཾ་གར་ཨ་ཙརྱ་དེ་ཉིད་བྷ་ཊ་ཨཱ་ཙརྱ་ཕྱི་མའི་བུར་སྐྱེ་བ་བླངས་ཏེ། སྔོན་ལས་ཀྱང་བློ་གྲོས་སྟོབས་ལྷག་པར་ཆེ་བ་རང་གི་ལྷ་མདུན་དུ་འོངས་ནས་མངོན་སུམ་དུ་རིག་པ་སློབ་པ། རེས་འགའ་དེའི་ལུས་ལ་དངོས་སུ་ཞུགས་ནས་ཀྱང་སྔོན་མེད་པའི་རིགས་པ་བརྗོད་པ་དེ་ལྟ་བུ་ཞིག་བྱུང་སྟེ། ལོ་བཅུ་གཉིས་ལོན་པ་ན་དཔལ་ཆོས་ཀྱི་གྲགས་པ་དང་རྩོད་པར་འདོད་དོ་ཞེས་སྨྲས་པ་ན། དེར་བྲམ་ཟེ་རྣམས་ཀྱིས་རེ་ཞིག་གཞན་དང་རྩོད་པ་གྱིས་ཤིག །དེ་ལས་རང་ཉིད་ངེས་པར་རྒྱལ་བར་འགྱུར་ལ། ཆོས་ཀྱི་གྲགས་པ་ནི་ཕམ་པར་ནུས་པར་དཀའོ། །ཞེས་སྨྲས་ཀྱང་གལ་ཏེ་དེ་ལས་རྒྱལ་བར་མ་ནུས་ན་རྒོལ་བའི་གྲགས་པ་ཐོབ་པ་མེད་དོ། །ཞེས་ཟེར་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སོང་ངོ་། །དེར་གང་རྒྱལ་བ་དེའི་བསྟན་པ་ལ་ཅིག་ཤོས་འཇུག་པར་བྱས་ཏེ་བརྩད་པས། དཔལ་ཆོས་ཀྱི་གྲགས་པ་རྒྱལ་བར་གྱུར་ཏེ་དེ་ཉིད་རྒྱལ་བའི་བསྟན་པ་ལ་བཅུག །དེ་ཉིད་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྲམ་ཟེ་དགེ་བསྙེན་གྱི་སྤྱོད་པ་ལ་གནས་ཏེ་རྒྱལ་བའི་བསྟན་པ་ལ་མཆོད་པ་བྱེད་པ་ཞིག་བྱུང་ལ། དེས་བཞེངས་པའི་ལྷ་ཁང་ནི་ད་ལྟ་ཡང་ཡོད་པར་བཤད་དོ།།

དེ་ལྟར་ན་བདག་ཉིད་ཆེན་པོ་འདི་མ་བྱོན་གོང་དུ་འཕགས་པའི་ཡུལ་དུ་སྔོན་གྱི་མཁས་པ་ཕལ་ཆེར་སྐུ་འདས། འགའ་རེ་བཞུགས་ཀྱང་མུ་སྟེགས་ཀྱི་རྒོལ་བ་དང་རྩོད་པས་ཕམ་པར་གྱུར་ནས། རྒྱ་གར་ཤར་ཕྱོགས་དང་ལྷོ་ཕྱོགས་ཀུན་ཏུ་ཕྱི་རོལ་པ་ཆེར་འཕེལ་ཞིང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་འཛིན་པ་ནི་ཤིན་ཏུ་ཉུང་བར་གྱུར་ཏོ། །བདག་ཉིད་ཆེན་པོ་འདི་ནི་བསམ་བཞིན་དུ་རྒྱལ་བསྟན་འཛིན་ཅིང་སྤེལ་བའི་ཆེད་དུ་བྱོན་པ་ཞིག་སྟེ། དེ་ཡང་མུ་སྟེགས་པའི་རིགས་སུ་འཁྲུངས། གོང་དུ་བཤད་པ་ལྟར་ཕྱི་ནང་གི་གྲུབ་མཐའ་ཀུན་ཐུགས་སུ་ཆུད། ཡང་དག་རིགས་པའི་འོད་སྟོང་ཅན་གྱིས་སྨྲ་ངན་མུན་པ་མཐའ་དག་དྲུངས་ནས་བྱིན་ཏེ། འཕགས་ཡུལ་ཀུན་ཏུ་རྒྱལ་བསྟན་ཆེས་ཆེར་གསལ་ཞིང་ཁྱབ་པར་བྱས་སོ།།

དེ་ནས་དུས་ཀྱི་མཐར་ཡུལ་ཀ་ལིངྐར་དགེ་འདུན་གྱི་བཞུགས་གནས་གཙུག་ལག་ཁང་བཞེངས་ཤིང་། སྐལ་ལྡན་གྱི་སྐྱེ་བོ་དཔག་ཏུ་མེད་པ་ལ་དམ་པའི་ཆོས་ཀྱི་བདུད་རྩི་སྦྱིན་ནས་སྨིན་གྲོལ་གྱི་ལམ་བཟང་པོ་ལ་བཀོད་པར་མཛད། དེར་རང་ཉིད་ཀྱང་ཐ་མའི་མཛད་པ་སྟོན་པར་བཞེད་ནས་ངོ་མཚར་བའི་ལྟས་དང་བཅས་ཤིང་མྱ་ངན་ལས་འདས་སོ།།

དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དུར་ཁྲོད་དུ་གདུང་ཞུགས་ལ་ཕུལ་བས་མེ་ཏོག་གི་ཆར་ཆེན་པོ་བབས་ཤིང་། ཕྱོགས་ཐམས་ཅད་དྲི་བཟང་པོ་དང་རོལ་མོའི་སྒྲས་ཁྱབ་པ་ཞག་བདུན་གྱིས་བར་དུ་བྱུང་ངོ་། །གདུང་ཐམས་ཅད་རུས་པའི་རྣམ་པ་ཡེ་མེད་པར་འཆིང་བུ་འདྲ་བའི་རྡོའི་གོང་བུ་གཅིག་ཏུ་དྲིལ་ལོ། །དེ་ལ་ལོ་རེ་བཞིན་དུས་སྟོན་གྱི་མཆོད་པ་རྒྱ་ཆེན་པོ་ཆགས་མེད་བགྱིད་དོ།།  །།

 

༈ གཉིས་པ་མཆོག་གཉིས་ལ་བསྟོད་པ་ནི།

ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །

འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །

རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །

མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །

ཞེས་པའོ། །དོན་ནི། འདུལ་བའི་བསླབ་གཞི་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་རབ་ཏུ་གནས་བཅས་ཤིང་། ཤླཽ་ཀ་འབུམ་ཕྲག་ལྷག་ཙམ་ཡོད་པའི་འདུལ་བའི་གཞུང་ལུགས་ལུང་སྡེ་བཞིའི་གདེངས་ཀས་རྣམ་པར་བརྗིད་ཅིང་། ཉོན་སྒྲིབ་ལས་རྣམ་པར་གྲོལ་བའི་ཐར་པའི་ནོར་བུ་སྤྱི་གཙུག་ན་རྣམ་པར་མཛེས་པའི་འདུལ་བ་འཛིན་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཆེན་པོ་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་ཀྱི་ཀླུ་ཡི་དབང་པོ་དེ་ལ་ཕྱག་འཚལ་ལོ་ཞེས་པའོ། །དེ་ལ་མཆོག་གཉིས་ལས། དང་པོ་ཡོན་ཏན་འོད་ནི། མཁས་པའི་ཡོན་ཏན་ལྔ་རིག་ཆ་ཤས་རྫོགས། །བཙུན་པའི་སྤོང་བདུན་ཁྲིམས་ཀྱི་འོད་སྟོང་འཕྲོ། །བཟང་པོའི་འཕགས་པའི་ས་ཡི་ཀུནྡའི་གཉེན། །ཡོན་ཏན་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྔགས་ཤིང་། དེ་ཡང་འདུལ་བ་མདོ་རྩ་བ་ལས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབ་པས། ཞེས་གསུངས་སོ།།

འདི་ལ་གསུམ། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །དང་པོ་ནི། འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད་འདི་ནི། རྒྱ་གར་འཕགས་པའི་ཡུལ་གྱི་ཁོངས་སུ་གཏོགས་པ་བཅོམ་བརླག་ཅེས་པའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས་པའི་ཡོན་ཏན་ཕུལ་དུ་བྱུང་བའི་འོད་དང་ལྡན་པས་ན་མཚན་དུ་ཡོན་ཏན་འོད་ཅེས་ཐོགས་སོ། །དེ་ལྟར་ཡང་མདོ་རྩ་བ་ལས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་འཛིན་པ་ཆེན་པོ་བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད། ཅེས་གསུངས་སོ།།

གཉིས་པ་ལ་གསུམ་ལས། དང་པོ་མཁས་པའི་ཡོན་ཏན་དང་ལྡན་ཚུལ་ནི། དེ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བདག་ཉིད་ཆེན་པོ་མཁས་མཆོག་དབྱིག་གཉེན་གྱི་དྲུང་དུ་རང་གཞན་གྱི་གྲུབ་མཐའི་གཞུང་ལུགས་སྤྱི་དང་། ཁྱད་པར་སྡེ་སྣོད་གསུམ་ལ་སྦྱངས་ཤིང་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་མཐའ་དག་གསན་ནས། ཐེག་ཆེན་གྱི་མདོ་སྡེ་མཐའ་དག་ལ་ཤིན་ཏུ་ལེགས་པར་སྦྱངས། སྡེ་པ་བཅོ་བརྒྱད་པོ་སོ་སོའི་ལུགས་སྲོལ་རྣམས་མ་འདྲེས་པར་མཁྱེན་ཅིང་། བདེ་བར་གཤེགས་པའི་དམ་པའི་ཆོས་འདུལ་བ་མཐའ་དག་གི་བདུད་རྩིའི་ཉིང་ཁུ་གསོལ་བས་ཤེས་རབ་ཀྱི་དབང་པོ་རྒྱས་ཤིང་། འདུལ་བ་འབུམ་སྡེ་མཐའ་དག་ཐུགས་ལ་བཟུང་སྟེ་རྒྱུན་དུ་ཁ་འདོན་དུ་མཛད་དོ།།

རྩ་བར། དགེ་སློང་གིས་ཆོས་བཤད་པར་བྱའོ། །ནས། ལངས་ནས་རྣམ་པར་དབྱེ་བར་བྱའོ། །ཞེས་པའི་དོན་ལྟར་འདུལ་བའི་སྡེ་སྣོད་སོགས་གཞན་ལ་ཚུལ་དང་མཐུན་པར་ཕྱིན་ཅི་མ་ལོག་པ་ལེགས་པར་འཆད་པ་ལ་མཁས་པ་དང་། རྩ་བར། དོན་བཏུས་ཏེ་བརྗོད་པར་ཡང་ངོ་། །ཞེས་པའི་དོན་ལྟར་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བསྟན་བཅོས་རྩོམ་པ་ལ་མཁས་པ་དང་། རྩ་བར། གལ་གཟུང་བ་དང་གཞུང་གཟུགས་པ་ཡང་ངོ་། །ཞེས་པའི་དོན་ལྟར་རྩོད་པའི་ཁྱུ་མཆོག་ཏུ་གྱུར་ཏེ་ཕ་རོལ་པོའི་ལོག་རྟོག་སེལ་བའི་རྩོད་པ་ལ་མཁས་པའོ། །དེ་ལྟར་མཁས་པའི་ཡོན་ཏན་དེ་དག་དང་ལྡན་པ་ནི། རྩ་བ་ལས། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། ཞེས་དང་། ཉིད་ཀྱི་རྣམ་བཤད་ཀྱི་མཇུག་ཏུ་ཡང་། ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་པ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་འདོན་མཛད་པའི་སློབ་དཔོན་ཡོན་ཏན་འོད། ཅེས་གསུངས་སོ།།

གཉིས་པ་བཙུན་པའི་ཡོན་ཏན་དང་ལྡན་ཚུལ་ནི། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ནི་ཉིན་ལྟར་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལ་བརྩོན་པར་མཛད་པས་རང་གཞན་གྱི་གྲུབ་མཐའ་ཀུན་མཐར་ཕྱིན་ཅིང་། གཟུངས་དང་སྤོབས་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་མང་པོ་ཐུགས་ལ་འཁྲུངས། ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་ཀྱིས་རྒྱལ་པོ་ཤཱི་ཧ་རུའི་བློན་པོ་མ་ཧང་ག་ར་ཛ་ཞེས་པ་ལན་ཅིག་རྒྱལ་པོའི་ཆད་པས་མིག་ཕྱུང་བ་ཡང་སློབ་དཔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོར་ཆུད། རྒྱལ་པོའི་བླ་མར་གྱུར་པས་ཉིན་རེ་བཞིན་ཡོ་བྱད་དཔག་ཏུ་མེད་པའི་འདུ་བ་བྱུང་ཡང་དེ་མ་ཐག་ཏུ་ཡོ་བྱད་གང་བྱུང་ཐམས་ཅད་དགེ་བར་བསྒྱུར་ཏེ། རང་ཉིད་སྦྱངས་པའི་ཡོན་ཏན་ལས་ཉམས་པ་མི་མངའ་བར་མཛད། སྐབས་ཤིག་ཏུ་བདག་གི་རྒྱུད་ལ་འདུལ་བའི་ཉེས་པ་ཕྲ་ཞིང་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་ན་ཤིང་ལྗོན་པ་སྐམ་པོ་འདི་ལ་ཡལ་ག་དང་ལོ་མ་མེ་ཏོག་དང་འབྲས་བུ་མཐའ་དག་འབྱུང་བར་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་པས་ན་དེ་ལྟར་དུ་བྱུང་ངོ་། །ཞེས་གྲགས་པའི་སྐྱེས་བུ་ཡིན་པར་གཞུང་དུ་མར་གསུངས་པས་སོ་ཐར་གྱི་ཉེས་བྱས་ཕྲ་མོ་ཡན་ཆད་ཀྱིས་མ་གོས་པའི་བཙུན་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ལྟར་ཡང་རྩ་བ་ལས། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབས་པས། ཞེས་གསུངས་སོ།།

གསུམ་པ་བཟང་པོའི་ཡོན་ཏན་དང་ལྡན་ཚུལ་ནི། དེ་ཡང་བཟང་པོའི་ཡོན་ཏན་གྱི་མཆོག་ཏུ་གྱུར་པ་ནི་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ཞིང་། སློབ་དཔོན་འདིས་ཀྱང་སྤྱིར་ལམ་གྱི་རིམ་པ་དང་ཁྱད་པར་དུ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་མན་ངག་ལ་བརྟེན་ནས་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡང་དང་ཡང་དུ་བསྒོམས་ཏེ། རང་རྒྱུད་ལ་སྐྱེས་པ་སོགས་ལམ་རིམ་གྱིས་བགྲོད་དེ་ཐེག་ཆེན་འཕགས་པའི་ས་ཐོབ་པས་སློབ་དཔོན་འཕགས་པ་ཡོན་ཏན་འོད་ཅེས་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །དེ་ལྟར་རང་ཉིད་བྱང་ཆུབ་ཀྱི་སེམས་དང་བསླབ་བྱ་རྣམས་ལ་སློབ་པར་མ་ཟད་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཡང་དེ་ལྟར་དུ་སློབས་ཤིག་ཅེས་འདོམས་པའི་ཆེད་དུ་བྱང་སའི་ཚུལ་ཁྲིམས་ཀྱི་ལེའུའི་འགྲེལ་པ་མཛད་དོ། །དེ་ལྟར་ཡང་ཉིད་ཀྱི་རྣམ་བཤད་འགྱུར་བྱང་ལས། ས་གསུམ་བརྙེས་ནས་དཔལ་ལྡན་རྒྱལ་བ་རྣམས་ཀྱི་སྲས། །ཡོན་ཏན་འོད་ཅེས་བྱ་བ་ཡོན་ཏན་རྣམས་ཀྱི་གཙོ། །ཞེས་དང་། སློབ་དཔོན་ཤཱཀྱ་འོད་ཀྱིས་ཀྱང་། འཕགས་པ་ཡོན་ཏན་འོད་དང་། འཕགས་པ་ཉེར་སྦས་དང་། ཞེས་དང་། འདུལ་གཞུང་ལྟ་སྒྲོན་ལས་ཀྱང་། ས་གསུམ་བརྙེས་པའི་འཕགས་པ་ཡོན་ཏན་འོད། །ཅེས་དང་། ཐོས་གླིང་འདུལ་བར་ཡང་། རྟགས་གསུམ་པ་གྲུབ་སྟེ། ས་གསུམ་པ་ཐོབ་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཞེས་གསུངས་སོ།།

གསུམ་པ་ནི། རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་དེ་ལྟར་མངའ་ཡང་། རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པའི་ཕྱིར་དུ་འདུལ་བ་ལུང་སྡེ་གཞིའི་གནད་ཐམས་ཅད་བསྡུས་པ་འདུལ་བ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད། དེ་ལ་ནི་དེང་སང་འདུལ་བའི་མདོ་ཞེས་ཡོངས་སུ་གྲགས་ཤིང་། རྒྱལ་བའི་བཀའ་དང་ཁྱད་པར་མེད་པར་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་ཚད་མར་འཛིན་པ་ཡིན་ལ། འདུལ་བ་ལུང་སྡེ་བཞི་ལ་བལྟ་བའི་མིག་ལྟ་བུ་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་སྔོན་བྱོན་པའི་མཁས་གྲུབ་ཐམས་ཅད་ཀྱིས་གཙིགས་པོ་ཆེར་མཛད་དོ།།

གཞན་ཡང་འདུལ་བའི་ལས་བརྒྱ་རྩ་གཅིག་གི་ཆོ་ག་ཀརྨ་ཤ་ཏམ་དུ་གྲགས་པ་ཡང་མཛད་དོ། །ད་ལྟ་རྒྱལ་བའི་བསྟན་པ་ལ་ཞུགས་ནས་དགེ་བསྙེན་དང་། བར་མ་རབ་བྱུང་དང་། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་། བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེན་པའི་ཆོ་ག་དང་། གཞི་གསུམ་གྱི་ཆོ་ག་སོགས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་བདག་ཉིད་ཆེན་པོ་སློབ་དཔོན་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བས་བསྟན་པ་འདི་ལ་བཀའ་དྲིན་མཚུངས་པ་མེད་པ་ཞིག་ཡིན་ནོ།།

སློབ་དཔོན་འདི་བྱོན་ཕྱིན་གྱི་མཁས་པ་རྣམས་ཀྱིས་དམ་པའི་ཆོས་འདུལ་བའི་དོན་འཚོལ་བ་ལ་སློབ་དཔོན་འདིའི་གཞུང་རྣམས་ཚད་མར་འཛིན་པ་ཡིན་ནོ། །བདག་ཉིད་ཆེན་པོ་འདི་ཡུལ་བཅོམ་བརླག་གི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་བྱ་བར་བཞུགས། འཕྲིན་ལས་ཀྱི་ཁྱབ་བདལ་ཤིན་ཏུ་ཆེ་བས་ལྷན་ཅིག་གནས་པའི་དགེ་སློང་ཡང་སྟོང་ཕྲག་ལྔ་རེ་ཙམ་ཡོད་པར་གྲགས་ཤིང་། དེ་ཐམས་ཅད་ཀྱང་སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་ལྡན་པ། ཉིན་ཞག་ཕྲུགས་རེའི་ནང་དུ་ལྟུང་བ་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཏེ། བསྡམ་བྱའི་ཉེས་བྱས་ཕྲ་མོ་ཚུན་ཆད་སོ་སོར་ཕྱིར་བཅོས་ཀྱིས་འཕྲལ་དང་འཕྲལ་དུ་དེ་མ་ཐག་ཏུ་བཅོས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་སྔོན་རྒྱལ་བ་ཞལ་བཞུགས་དུས་དང་། བསྟན་པའི་གཏད་རབས་ཀྱི་སྐབས་དགྲ་བཅོམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་དུས་བཞིན་ཡོད་ཅིང་། མདོ་སྡེ་འཛིན་པ་དང་། མ་མོ་འཛིན་པ་ཡང་མང་དུ་ཡོད་ལ། འདུལ་བ་འབུམ་སྡེ་ངག་ཏུ་ཐོན་པའང་ལྔ་བརྒྱ་ཙམ་ཡོད་ཅེས་སྔོན་གྱི་ཆོས་འབྱུང་དག་ཏུ་བཤད་ཅིང་། སྔོན་བྱུང་གི་མཁས་པ་རྣམས་ལ་གཏམ་དུ་ཡང་གྲགས་སོ།།

བསྟན་པ་ལ་བྱ་བ་མཛད་ཕྱིར་གསུངས་པའི་འདུལ་བའི་མདོ་ཡང་རང་བཟོ་ཙམ་མ་ཡིན་པར་ཁུངས་བཙུན་པར་བྱ་བའི་ཕྱིར་ཏུ་རྒྱལ་བའི་གསུང་རབ་སྡེ་པ་བཅོ་བརྒྱད་པོ་ཐམས་ཀྱི་འདུལ་བའི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་ནས་མཛད་པ་ཡིན་ནོ། །དེ་ལྟར་ཡང་རྩ་བ་ལས། སྡེ་པ་ཐམས་ཅད་ཀྱི་འདུལ་བའི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ་ཡིན་ནོ། །ཞེས་གསུངས་སོ།།  །།

 

༈ གཉིས་པ་ཤཱཀྱ་འོད་ནི།

ཤཱཀྱ་སེངྒེའི་བསྟན་ལ་རབ་ཞུགས་ཏེ། །

འདུལ་མངོན་མདོ་སྡེ་སྡེ་སྣོད་མང་དུ་ཐོས། །

ཁྲིམས་དང་ཏིང་འཛིན་ཤེས་རབ་ཀྱིས་ཕྱུག་པའི། །

ཤཱཀྱ་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་སོ། །དེ་ཡང་བདག་ཉིད་ཆེན་པོ་སློབ་དཔོན་ཤཱཀྱ་འོད་ཅེས་བྱ་བ་འདི་ནི། ཡུལ་རྒྱ་གར་ནུབ་ཕྱོགས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནའང་བློ་གྲོས་ཀྱི་སྤོབས་པ་རྒྱས་ཤིང་། སློབ་དཔོན་ཆེན་པོ་བསོད་ནམས་གྲགས་པས་མཁན་པོ་བགྱིས་ཏེ་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་དང་། བསྟན་པ་ཡོངས་རྫོགས་ལ་ཞུགས་པའི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རིག་པའི་གནས་ཀྱི་གཞུང་ལུགས་སྤྱི་དང་ནང་དོན་སྡེ་སྣོད་གསུམ་ལ་རབ་ཏུ་མཁས་པར་སྦྱངས། ལྷག་པར་སློབ་དཔོན་བསོད་ནམས་གྲགས་པ་ལས་འདུལ་བའི་སྡེ་སྣོད་གསན་ནས་འདུལ་བ་ལུང་སྡེ་བཞིའི་ཚིག་དོན་མཐའ་དག་ལེགས་པར་མཁྱེན་ཏོ།།

དེ་ལྟར་འདུལ་བ་མཁྱེན་པའི་བརྗོད་དོན་ཐམས་ཅད་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་ཞེས་བྱ་བ་དང་། དེའི་རང་འགྲེལ་འོད་ལྡན་ཞེས་བྱ་བ་གཉིས་མཛད། དོན་དེ་ནི་འོད་ལྡན་ལས། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་ཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་འདི་གསུམ་རིག་རྣམས་ཀྱིས་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་གསུངས་སོ།།

གཞན་ཡང་སློབ་དཔོན་ཞི་བ་འོད་ཀྱང་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མདོ་དང་སྔགས་ཀྱི་ཆོས་ཅི་རིགས་པ་མང་པོ་གསན་པར་མཛད་དོ། །དེ་ལྟར་ཡང་འོད་ལྡན་ལས། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་ཁྱབ་པ་ཞི་བའི་འོད་ཀྱི་བདག །དྲན་པས་དགོངས་པ་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་སློབ་དཔོན་དེ་དག་ལས་ཆོས་ཀྱི་གདམས་ངག་ནོད་པ་ཙམ་མིན་པ་རང་རྒྱུད་ལ་ཐུགས་ཉམས་སུ་བཞེས་ནས་འདུལ་བའི་བཅས་མཚམས་ཐམས་ཅད་མིག་འབྲས་ལྟར་བསྲུངས་ནས་ཉེས་བྱས་ཕྲ་མོ་རེས་གོས་ཀྱང་དེ་མ་ཐག་ཕྱིར་བཅོས་ཀྱིས་དག་པར་བྱས་ནས་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཅེས་སྤྲས་ཆེན་པོ་མཛད། ལུང་གི་ཆོས་རྣམས་ལ་ཐོས་བསམ་ཕུ་ཐག་ཆོད་པ་བགྱིས་ཏེ། རྟོགས་པའི་ཆོས་ཡོན་ཏན་ཀུན་གྱི་གཞི་མ་རང་རྒྱུད་ཀྱི་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་བཞིན་དུ་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་སྟེ། ལྷག་པའི་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་ནས་འདུལ་བ་འཛིན་པའི་མཆོག་ཏུ་གྱུར་ཏོ།།

ད་ལྟ་ཡང་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བདག་ཉིད་ཆེན་པོ་འདུལ་བ་འཛིན་པ་སློབ་དཔོན་ཤཱཀྱ་འོད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་ཀུན་ཏུ་འཐོར་བཞིན་དུ་འཛིན་མ་མཐའ་དག་ཏུ་སྙན་གྲགས་ཀྱི་གཏམ་ཡོངས་སུ་གྲགས་སོ། །དེ་ནས་རང་ཉིད་རྟོགས་པའི་ཡོན་ཏན་ལམ་བསླབ་པ་གསུམ་ལ་ཚུལ་འཆལ་དང་། རང་གཅེས་འཛིན་གྱི་དྲི་མས་མ་གོས་པར་ཡར་ངོའི་རྒྱུ་སྐར་རྒྱལ་པོ་བཞིན་དུ་གྱུར་ཏེ། གདུལ་བྱ་གཞན་དག་ལ་ཡང་འཆད་སྤེལ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་བཞིན་དུ་ཁ་ཆེའི་ཡུལ་དུ་བཞུགས་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ། །ཁ་ཅིག་སློབ་དཔོན་འདི་ས་གསུམ་བརྙེས་པ་ཡོན་ཏན་འོད་ཀྱི་སློབ་མར་འདོད། ཆོས་རྗེ་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དུ་གོང་གི་འོད་ལྡན་གྱི་ལུང་གཉིས་དྲངས་ནས་ཡོན་ཏན་འོད་ཀྱི་སློབ་མ་ཡིན་ཞེས་པ་མི་བདེན་གྱི། བསོད་ནམས་གྲགས་པ་དང་། ཞི་བ་འོད་ཀྱི་སློབ་མ་ཡིན་པར་བཤད། དེའི་སློབ་མ་ཤཱཀྱ་བཤེས་གཉེན་ཡིན་པར་སུམ་བརྒྱ་པར་བཤད་དོ། །ཤཱཀྱ་འོད་ཀྱི་སློབ་མ་སེངྒེ་གདོང་ཅན་དང་། དེའི་སློབ་མ་ཛི་ན་མི་ཏྲ་ཡིན་ཟེར་བའང་བརྟག་དགོས་པར་བཤད། ཁ་ཅིག །སློབ་དཔོན་བསོད་ནམས་གྲགས་པ་དང་ཞི་བ་འོད་ཀྱི་སློབ་མ་ཡིན་ན། ཡོན་ཏན་འོད་ཀྱི་སློབ་མ་མིན་མི་དགོས་པས། དེ་གསུམ་ག་ལ་ཆོས་གསན་པ་དང་དེ་གསུམ་གའི་སློབ་མ་ཡིན་པ་མི་འགལ་ཞིང་། གལ་ཏེ་ཡོན་ཏན་འོད་དང་དུས་མི་མཚུངས་ན་བུས་བཤད་པ་ལྟར་གནས་སོ་ཟེར་རོ།། །།

 

༈ གཉིས་པ་དོན་བསྡུ་བ་ནི།

ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་བཏོད་ནས། །

སྐྱེ་དགུ་རྣམས་ལ་ལེགས་པའི་ལམ་སྟོན་པ། །

འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །

རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །

ཞེས་པའོ། །དོན་ནི། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཤིང་རྟའི་སྲོལ་གཏོད་ནས་སྐལ་བཟང་སྐྱེ་དགུ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་པོ་ལེགས་པར་སྟོན་པ། དེ་ཡང་ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱིས་གཙོ་བོར་ཟབ་མོའི་ལམ་གྱི་རིམ་པ་དང་། ཐོགས་མེད་སྐུ་མཆེད་གཉིས་ཀྱིས་གཙོ་བོར་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱིས་གཙོ་བོར་གཏན་ཚིགས་རིགས་པའི་སྒོ་ནས་ཟབ་རྒྱས་ཀྱི་ལམ་དེ་རྣམས་རིགས་པ་ཡང་དག་གིས་སྒྲུབ་པ་དང་། ཡོན་ཤཱཀ་གཉིས་ཀྱིས་གཙོ་བོར་བསྟན་པའི་གཞི་མ་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་གསལ་བར་བྱེད་ཅིང་། དེ་ཉིད་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་ཟུང་གི་མེད་དུ་མི་རུང་བའི་རྒྱུར་འཆད་དོ། །དེ་རྣམས་ནི་འཛམ་བུ་གླིང་འདིར་རྒྱལ་བསྟན་མཛེས་པར་བྱེད་པ་རྒྱན་དྲུག་དང་མཆོག་གཉིས་ལ་དུས་རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ་ཞེས་པའོ།། །།

 

༈ གསུམ་པ་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་གངས་ཅན་ལྗོངས་སུ་བསྒྱུར་བར་མཛད་པའི་ལོ་པཎ་རྣམས་ལ་བསྟོད་པ་ནི།

ཕན་བདེའི་འབྱུང་གནས་བསླབ་གསུམ་རྒྱན་གྱིས་སྤྲས། །

བཀའ་དང་བསྟན་བཅོས་སྒྲ་བསྒྱུར་གཏན་ལ་ཕབ། །

སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི། །

མཁས་གྲུབ་ལོ་པཎ་རྣམས་ལ་ཕྱག་འཚལ་ལོ། །

ཞེས་པའོ། །དོན་ནི། ལུས་ཅན་ཀུན་ལ་ཕན་པ་དང་བདེ་བ་འབྱུང་བའི་གཞི་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། ལུང་ཆོས་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་གནས་དང་། །དེའི་བརྗོད་བྱ་ལྷག་པའི་བསླབ་པ་རྣམ་པ་གསུམ་གྱི་རྒྱན་གྱིས་རྣམ་པར་སྤྲས་པ། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལེགས་སྦྱར་གྱི་སྒྲའི་སྐད་དུ་ཡོད་པ་རྣམས་བོད་སྐད་དུ་བསྒྱུར་ནས་གཏན་ལ་ཕབ་པ། ལོ་ཙཱ་བ་བཀའ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་མདོ་སྡེ་དཔལ་ཏེ་བཀའ་ཅོག་ཞང་གསུམ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ། རྒྱ་བརྩོན་སེང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རྔོག་བློ་ལྡན་ཤེས་རབ། ཟངས་དཀར་འཕགས་པ་ཤེས་རབ། རྟ་ནག་འགོས་ལོ་ཙཱ་བ་ལ་སོགས་པ་ལོ་ཙཱ་བ་བཅུ་ཕྲག་ཉི་ཤུ་ལྷག་ཙམ་ལ་སོགས་པ་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛད་པའི་མཁས་གྲུབ་དང་། ལོ་ཙཱ་བ་དང་། པཎྜི་ཏ་ཇི་སྙེད་ཅིག་བྱོན་ཟིན་པ་དང་བྱོན་པ་དང་འབྱོན་འགྱུར་རྣམས་ལ་ཕྱག་འཚལ་ལོ་ཞེས་པའོ།།  །།

 

སྨྲས་པ།

འདྲེན་མཆོག་ཐུབ་པའི་གསུང་རབ་མཐའ་དག་དང་། །

ཤིང་རྟ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱི། །

ལེགས་བཤད་རྣམས་ལ་ཐོས་བསམ་སྒོམ་པ་ཡིས། །

ལུང་རྟོགས་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །

ཅེས་མཉམ་མེད་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མར་གྲགས་པའི་འགྲེལ་པ་འདི་ནི། བཀྲས་ལྷུན་བླ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་ཉི་འོད་ཆེན་མོར་བླ་སྤྲུལ་རྣམ་པ། མཚན་ཞབས་པ་རྣམ་པ། དགེ་བའི་བཤེས་གཉེན་དཀའ་ཆེན་ཆེན་མོ་བཅས་དམ་པ་ཉེར་གཅིག་གིས། རྣམ་འགྲེལ། ཕར་ཕྱིན། དབུ་མ་འཇུག་པ། མཛོད། འདུལ་བ་བཅས་བཀའ་པོད་ཆེན་པོ་ལྔ་ལ་ལག་ལེན་སྙིང་པོར་དྲིལ་བའི་སློབ་སྦྱོང་གནང་བའི་དམ་པ་དེ་རྣམས་ཀྱི་བཞེད་དགོངས་བསྒྲུབ་ཆེད་དང་། ༸ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་གི་ཐུགས་བཞེད་ལྟར་གང་གི་གུས་སློབ་དགེ་སློང་ཤནྟིའི་མང་ཅན་གྱིས་རང་གི་བརྗེད་བྱང་དུ་བགྱིས་པའོ།། །།བཀྲ་ཤིས།།

 

[1] བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། ༼༡༽ བྲིས་མ། ཤོག་ ༡ན༡ ནས་ ༤༤ན༤ བར།

Leave a Reply

Your email address will not be published. Required fields are marked *