༄༅། །རེད་མདའ་བས་མཛད་པའི་བསྟོད་ཚོགས།

༄༅། །རེད་མདའ་བས་མཛད་པའི་བསྟོད་ཚོགས།[1]

༼རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པ།༽

 

ཁམས་གསུམ་ཆབ་སྲིད་སྐྱོང་བའི་རྒྱལ་ཐབས་མཁས། །བདེ་བཤེགས་སྲས་ཀྱི་གཙོ་བོར་དབང་བསྐུར་བརྙེས། །སྲིད་དང་ཞི་བའི་དགྲ་ལས་རྣམ་རྒྱལ་བ། །མི་ཕམ་མགོན་པོའི་ཞབས་ལ་རྟག་ཕྱག་འཚལ། །ཤེས་རབ་ (མངོན་བཏུས་ཀྱི་རྣམ་བཤད་དུའོ། །) ཆེན་པོས་སྲིད་པའི་ཕ་མཐར་སོན། །སྙིང་རྗེ་ཆེན་པོས་ཞི་བའི་མཐའ་ལས་བརྒལ། །སྲིད་དང་ཞི་བའི་དགྲ་ལས་རྣམ་རྒྱལ་བའི། །མི་ཕམ་རྒྱལ་བའི་སྲས་ལ་བདག་ཕྱག་འཚལ། །བྱམས་(ཡུམ་གྱི་རྣམ་བཤད་དུ་འབྱུང་བའོ།།)པའི་ཆུ་བོ་སྙིང་རྗེའི་རྩ་བ་ཅན། །དགའ་བའི་མེ་ཏོག་བཏང་སྙོམས་ཟེའུ་འབྲུས་མཛེས། །རྩོལ་མེད་འཕྲིན་ལས་བཟང་པོའི་དྲི་བསུང་ཅན། །མི་ཕམ་ཡང་དག་ཞུགས་པ་བདག་ལ་སྩོལ། །

མཁྱེན་ (འཕགས་པ་ཀླུ་གྲུབ་ཀྱི་བསྟོད་པ་བདེན་གཉིས་དྲིས་ལན་ལས་བྱུང་བའོ།།) པའི་ཟེར་གྱིས་མཐར་ལྟའི་མུན་པ་འཇོམས། །ཐུགས་རྗེའི་འོད་སྟོང་གདུལ་བྱའི་གླིང་ལ་འབབ། །ཐུབ་པས་ལུང་བསྟན་འཛམ་གླིང་རྒྱན་གྱི་གཙོ། །སྨྲ་བའི་དམ་པ་ཀླུ་སྒྲུབ་ལ་ཕྱག་འཚལ། །མཐའ་ (འཇུག་པའི་རྣམ་བཤད་དུའོ།།) གཉིས་སྤངས་པའི་ཆུ་གཏེར་འཇིང་ལ་གནས། །བྱང་ཆུབ་ཡན་ལག་བདུན་གྱི་གདེངས་ཀས་བརྗིད། །གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་བ། །ཀླུ་སྒྲུབ་ཀླུའི་དབང་པོས་བདག་སྐྱོངས་ཤིག །དེ་ཡི་གཞུང་ལུགས་རབ་དཀར་ཀུན་དའི་ཚལ། །གང་གི་བློ་གྲོས་ཟེར་གྱིས་རྣམ་འབྱེད་ཅིང་། །ཐུབ་བསྟན་གླིང་བཞི་གསལ་བའི་འོད་དཀར་ཅན། །དཔལ་ལྡན་ཟླ་བའི་ཞབས་ལ་གུས་ཕྱག་འཚལ། །མཐར་ (རྒྱུད་བླའི་རྣམ་བཤད་དུའོ།།) ལྟའི་རི་བོ་ལྷུན་སྟུག་ལ་གནས་གཞན་སྡེ་འདབ་བཟང་སྟོང་དག་གིས། །གང་གི་ལྟ་ཟེར་འབར་བའི་གཟི་བརྗིད་ཅུང་ཟད་འགོང་བར་མི་ནུས་ཤིང་། །མཐའ་བྲལ་སྟོང་ཉིད་གདེངས་ཀའི་ནོར་བུས་ས་གསུམ་མུན་པ་སེལ་མཛད་པ། །ཀླུ་སྒྲུབ་ཀླུའི་དབང་པོ་དེ་ནི་སྐྱེ་དགུའི་གཙུག་ན་རྒྱལ་གྱུར་ཅིག །འཕགས་མཆོག་རྒྱལ་བའི་བསྟན་པ་གནས་བྱའི་ཕྱིར། །ལྷ་བུ་གཞོན་ནུའི་ཚུལ་དུ་སིང་ག་ལར། །དྲི་མེད་འདབ་བརྒྱའི་ཚལ་དུ་སྐུ་འཁྲུངས་ཏེ། །འཇིག་རྟེན་རྒྱས་མཛད་གང་དེ་ལ་ཕྱག་འཚལ། །མཐའ་ (གསང་བ་འདུས་པའི་རྣམ་བཤད་དུའོ།།) དྲུག་ཚུལ་བཞིའི་རྦ་རླབས་གཡོ་བའི་ཕྲེང་བ་ཅན། །ཟབ་ཅིང་རྒྱ་ཆེ་དཔལ་ལྡན་འདུས་པའི་རྒྱ་མཚོ་ལས། །རིམ་གཉིས་གནད་ཀྱི་བདུད་རྩིའི་ཐེག་པ་རབ་བླངས་ནས། །སྐྱེ་དགུའི་རྒུད་པ་སེལ་མཛད་དཔལ་མགོན་ཀླུ་སྒྲུབ་རྒྱལ། །དགེ་ལེགས་ཡོན་ཏན་རི་བོང་མཚན་མས་ལེགས་བཀྲ་ཞིང་། །རྟག་ཆད་མཐར་ལྟའི་མུན་པ་སྟུག་པོ་རྣམ་བསལ་ནས། །མཁས་མང་རྒྱུ་སྐར་བྱེ་བའི་དབུས་ན་ལྷམ་མེ་བ། །རྩོད་དུས་མཚན་མོའི་དབང་ཕྱུག་དཔལ་ལྡན་ཟླ་བར་འདུད། ། (རིགས་པའི་དབང་ཕྱུག་གཉིས་ཀྱི་བསྟོད་པ་ཚད་མའི་རྣམ་བཤད་ལས་སོ།།) གང་གི་རྣམ་དཔྱོད་རོ་འཛིན་དབང་པོ་ཡིས། །ཐེག་མཆོག་གསུང་རབ་བདུད་རྩིའི་རོ་མྱངས་ཏེ། །འཆི་མེད་ཐར་ལམ་མཆོག་གི་གོ་འཕང་བགྲོད། །ས་གསུམ་མངའ་བདག་ཐོགས་མེད་ཞབས་ལ་འདུད། །སྙིགས་མའི་དུས་སུ་རྒྱལ་སྲས་འཕྲིན་ལས་ཀྱིས། །འཛམ་བུའི་གླིང་འདིར་གསུང་རབ་ཟབ་མོའི་ཚུལ། །མངོན་པའི་སྡེ་སྣོད་གང་གིས་རྣམ་ཕྱེ་བས། །ཐོགས་མེད་ཞབས་པད་གཙུག་གིས་ནོར་བུས་མཆོད། །གང་གི་རྣམ་དཔྱོད་བློའི་གདོང་པ་ཐུབ་བསྟན་གསེར་གྱི་དྲ་བས་གཡོགས། །ཕ་རོལ་ཕྱིན་དྲུག་མཆེ་བ་དྲུག་མཛེས་བསྡུ་བཞིའི་གོམ་པའི་འགྲོས་དང་ལྡན། །ལྷག་བསམ་དག་པའི་ལུས་ཀྱི་སྟོབས་རྒྱས་བདེ་ལེགས་བསྟན་པའི་འཁུར་རབ་འཛིན། །ཕྱོགས་ལས་རྣམ་རྒྱལ་ཕྱོགས་ཀྱི་གླང་པོ་ཆོས་ཀྱི་གྲགས་པ་ལ་ཕྱག་འཚལ། །རྒྱལ་བའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི། །དགོངས་དོན་འབྱེད་ལ་གཞན་དྲིང་མི་འཇོག་ཅིང་། །རིགས་པའི་ང་རོས་ཕས་རྒོལ་ཀླད་འགེམས་པའི། །རིགས་སྨྲ་རིགས་པའི་དབང་ཕྱུག་རྣམ་གཉིས་རྒྱལ། །ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅས་ཏེ། །རྣམ་དཔྱོད་ལུས་གྲིམས་རིགས་པའི་མཆེ་བ་ཅན། །ལོག་སྨྲ་གླང་ཆེན་མྱོས་པའི་ཀླད་འགེམས་པ། །སྡེ་བདུན་མཛད་པ་དེ་ལ་ཕྱག་འཚལ་ལོ། །གང་ (འདུལ་བའི་རྣམ་བཤད་དུའོ།།) གི་བློ་གྲོས་འདབ་བརྒྱའི་ཟེ་འབྲུ་ཆོས་འདུལ་རྒྱ་མཚོའི་དབུས་ན་བལྟམས། །དགེ་ལེགས་ཡོན་ཏན་གེ་སར་གྱིས་སྤུད་རྣམ་དག་ཚུལ་ཁྲིམས་དྲི་བསུང་ཅན། །རྣམ་གྲོལ་བདེ་བའི་སྦྲང་རྩི་དོན་གཉེར་རྐང་དྲུག་ལྡན་རྣམས་ཉེར་འཚོའི་གཞི། །དྲི་མེད་པདྨོའི་ཕྲེང་བ་དང་མཚུངས་ཡོན་ཏན་འོད་སོགས་ལ་ཕྱག་འཚལ། ། (བསྟན་པ་དང་བསྟན་འཛིན་ལ་སྤྱིར་བསྟོད་པ་འཇུག་པའི་རྣམ་བཤད་དུའོ།།) སྐལ་ལྡན་ཤིང་རྟའི་ཆུ་ཀླུང་མིན་ཡང་འགྲོ་བའི་དྲི་མ་དག་བྱེད་ཆུ། །ཙན་དན་གྱིས་འགོས་བསེར་བུ་མིན་ཡང་འགྲོ་བའི་ཡིད་ཀྱི་གདུང་བ་སེལ། །གཟི་ལྡན་ནམ་མཁའི་ནོར་བུ་མིན་ཡང་འགྲོ་བའི་མུན་སེལ་སྣང་བྱེད་མཆོག །ཐུབ་པའི་བསྟན་དང་བསྟན་འཛིན་སྐྱེས་བུ་སྐྱེ་དགུའི་གཙུག་ན་རྒྱལ་གྱུར་ཅིག །ཤུ་བྷཾ།།  །།

 

[1] རེད་མདའ་བའི་བསྟོད་ཚོགས། པོད། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༤ ནས་ ༧བ༣ བར་གསལ་ལོ།།

Leave a Reply

Your email address will not be published. Required fields are marked *