༄༅། །རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ཞེས་བྱ་བ་བཞུགས་སོ།།

 

༄༅། །རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ཞེས་བྱ་བ་བཞུགས་སོ།།[1]

 

༼མཛད་པ་པོ། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོ།༽

 

ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང་། །གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་བསྒྲགས། །སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། །རིགས་པའི་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །

རྒྱལ་བའི་སྲས་པོ་ཀུན་ཏུ་བཟང་པོ་ཡིས། །རྒོལ་ངན་ཚར་གཅད་སླད་དུ་སྤྲུལ་པའི་གར། །རྒྱལ་བས་ལུང་བསྟན་སྡོམ་བརྩོན་སྔགས་གྲུབ་པའི། །དྷརྨ་ཀཱིརྟིའི་ཞབས་ལ་གུས་ཕྱག་འཚལ། །རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་ནོར་ཡུལ། །མུ་སྟེགས་བྲམ་ཟེའི་རིགས་སུ་བསམ་བཞིན་འཁྲུངས། །ཆུང་ངུའི་དུས་ནས་སྒྲ་དང་ཚད་མ་སོགས། །མ་ལུས་མཁས་པར་སྦྱངས་ལ་གསོལ་བ་འདེབས། །རང་གི་ཞང་པོ་ཟད་བྱེད་སྟོན་པ་ཆེ། །གཞོན་ནུ་མ་ལེན་དྲུང་གནས་མུ་སྟེགས་པའི། །གྲུབ་མཐའི་རང་མཚན་ཀུན་རིག་བྲམ་ཟེ་ཡི། །རབ་བྱུང་ཆ་བྱད་བླངས་ལ་གསོལ་བ་འདེབས། །གཞན་དུ་བསྐྲད་ཚེ་མུ་སྟེགས་བྱེད་རྣམས་ཀུན། །ཕམ་པར་བྱེད་པའི་ཐབས་ཤིག་བྱའོ་སྙམ། །ཐུགས་དགོངས་བཤོལ་མེད་འཁྲུངས་ལ་གསོལ་བ་འདེབས། །དབུས་སུ་བྱོན་ཏེ་གནས་བརྟན་ཆོས་སྐྱོང་ལས། །རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་སྦྱངས་པས། །མདོ་དང་གཟུངས་སྔགས་བསྡོམས་པ་ལྔ་བརྒྱ་པ། །ཐུགས་བཟུང་ཞལ་འདོན་མཛད་ལ་གསོལ་བ་འདེབས། །ཁྱད་པར་སློབ་དཔོན་དབང་ཕྱུག་སྡེ་ཞེས་བྱ། །ཕྱོགས་གླང་དངོས་སློབ་རིག་པའི་གནས་ལྔ་པོ། །ཀུན་ལ་མཁས་པར་གྲགས་པའི་ཞབས་དྲུང་ནས། །ཀུན་བཏུས་ཚར་གསུམ་གསན་ལ་གསོལ་བ་འདེབས། །ལན་གཅིག་གསན་པས་བླ་མས་དགོངས་བཞིན་གོ །གཉིས་པས་ཕྱོགས་གླང་དགོངས་པ་ཇི་བཞིན་རྙེད། །གསུམ་པས་ཕྱོགས་གླང་དགོངས་པ་མ་ལོངས་མཁྱེན། །རྣམ་དཔྱོད་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །ཡིན་ཚུལ་བླ་མར་ཞུས་ཚེ་ཞལ་སྔ་ནས། །ཁྱོད་ནི་ཕྱོགས་ཀྱི་གླང་པོར་མཉམ་མོ་ཞེས། །ཤིན་ཏུ་མཉེས་ཤིང་ལན་བརྒྱར་བསྔགས་པ་ཡི། །མེ་ཏོག་འཐོར་ཡུལ་གྱུར་ལ་གསོལ་བ་འདེབས། །དེ་བས་ཁྱོད་ནི་ང་ཡིས་ནོར་བ་རྣམས། །ཕྱོགས་སྔར་གྱིས་ལ་འགྲེལ་པ་རྩོམས་ཤིག་ཅེས། །ཤིན་ཏུ་ཐེག་དཀའི་གསེར་གྱི་བཀའ་ལུང་སྩལ། །གུས་པས་སྤྱི་བོར་བླངས་ལ་གསོལ་བ་འདེབས། །དེ་ནས་གྲངས་ཅན་གྲུབ་མཐའི་གསང་བའི་ཚིག །རྟོགས་ཕྱིར་བྲན་དུ་བརྫུས་ཏེ་ཞང་པོ་ཡི། །ཆུང་མའི་གཡོག་བྱས་དཀའ་བའི་གནད་རྣམས་ཀུན། །བརྒྱུད་འདྲིས་ལེགས་པར་དགོངས་ལ་གསོལ་བ་འདེབས། །ཀུན་གྱིས་མི་ཐུབ་གདེངས་ཚད་ཐོབ་བྱས་ཏེ། །རྩོད་པའི་དྲིལ་བསྒྲགས་ཕལ་ཆེར་གཞན་དུ་བྲོས། །ལྷག་མ་རིགས་པས་ཚར་བཅད་ཡང་དག་པའི། །ལམ་དུ་བཀྲི་བར་མཛད་ལ་གསོལ་བ་འདེབས། །མཁས་པ་ཕལ་གྱིས་ཚད་མ་ཀུན་ལས་བཏུས། །ཕྱི་ཡི་གོ་རྒྱ་གཅོད་པ་ཙམ་ལ་མཁོ། །སེམས་རྒྱུད་གཏན་ལ་ཕབ་ལ་མི་མཁོ་ཟེར། །ཐར་ལམ་བསྟན་དགོངས་ཁྱོད་ལ་གསོལ་བ་འདེབས། །མཆོད་བརྗོད་སྐབས་སུ་བསམ་སྦྱོར་ཕུན་ཚོགས་རྒྱུས། །དོན་གཉིས་ཕུན་ཚོགས་སྟོན་པ་ཚད་མར་སྒྲུབ། །སྐྱོབ་ལས་བདེ་གཤེགས་དེ་ལས་བསམ་སྦྱོར་ཏེ། །བསྟན་ཚུལ་གསལ་བར་ཕྱེ་ལ་གསོལ་བ་འདེབས། །དེ་ཡང་ལུགས་འབྱུང་ལུགས་ལྡོག་འབྲས་རང་གི །རྟགས་ཀྱིས་ཐར་པའི་ལམ་བཟང་ཡངས་པོར་ཕྱེ། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་སོགས། །སྡེ་བདུན་ལེགས་པར་བརྩམས་ལ་གསོལ་བ་འདེབས། །འགྲན་ཟླ་འགའ་ཡིས་ཁྱི་མཇུག་དཔེ་བཏགས་པས། །གང་ན་ཟས་བཏུང་ཡོད་དེར་ཁྱི་རྒྱུགས་བཞིན། །ཡུལ་གྲུ་ཀུན་ཏུ་བསྟན་བཅོས་དར་འགྱུར་བའི། །རྟེན་འབྲེལ་བསྒྲིགས་ཞེས་གསུངས་ལ་གསོལ་བ་འདེབས། །རྩོད་པས་ཕམ་བྱས་གངྒཱར་མཆོངས་ཏེ་ཤི །སྐྱེ་བ་གསུམ་བརྗེས་རྩོད་ཀྱང་གསུམ་པར་ནི། །ཚར་བཅད་བསྟན་འཇུག་མཛད་ལ་གསོལ་བ་འདེབས། །གཞན་ཡང་ཟེགས་གཟན་ལྔ་བརྒྱ་ཚར་བཅད་ཅིང་། །བྲམ་ཟེ་ལྔ་བརྒྱ་བསྟན་ལ་བཙུད་པ་སོགས། །མུ་སྟེགས་བཏུལ་ཏེ་བསླབ་ཁྲིམས་ལ་བཀོད་པ། །འབུམ་ཕྲག་ལོངས་ཞེས་གྲགས་ལ་གསོལ་བ་འདེབས། །རྒྱལ་བསྟན་འཆད་ཉན་དགེ་འདུན་སྡེ་ཉིད་ལ། །རག་ལུས་ལ་དགོངས་སློབ་དཔོན་རང་ཉིད་ཀྱིས། །བཞེངས་པའི་ལྷ་ཁང་ལྔ་བརྒྱ་ལྷག་ཡོད་ཅིང་། །གཞན་བསྐུལ་མཐའ་ཡས་བཞེངས་ལ་གསོལ་བ་འདེབས། །མཚན་ལྡན་རྡོ་རྗེ་འཛིན་པའི་ཅོད་པན་བཅིངས། །ཧེ་རུ་ཀ་ཡི་དབང་བསྐུར་བྱིན་རླབས་ཞུས། །བསྒྲུབས་པས་ཞལ་བཟང་མངོན་འགྱུར་ཕྱོགས་ཀུན་ལས། །རྣམ་རྒྱལ་དངོས་གྲུབ་སྟེར་ལ་གསོལ་བ་འདེབས། །ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅའ་ཞིང་། །འཆད་རྩོད་རྩོམ་པའི་རལ་ཁུར་ཚོགས་ཀྱིས་བརྗིད། །རིགས་ལམ་སྦར་མོས་ཕས་རྒོལ་ཀླད་འགེམས་པ། །མི་འཇིགས་གདོང་ལྔའི་དབང་པོར་གསོལ་བ་འདེབས། །རིགས་གཞུང་དགོངས་དོན་འབྱེད་མཁས་རྣམ་པར་དཔྱོད། །དེ་ཉིད་གཞན་ལ་སྨྲ་མཁས་ངག་གི་དཔལ། །གང་ཤེས་གདམས་པར་ཤར་བའི་ཉམས་ལེན་རྣམས། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །འཆད་རྩོད་རྩོམ་ལ་བ་སུ་བནྡྷུ་དང་། །དྷ་རྨ་ཀཱིརྟི་མ་ཏི་ཙི་ཏྲར་འགྲན། །མཁས་མང་གསེར་རིའི་ཕྲེང་བས་ཡུལ་གྲུ་ཀུན། །ཏིལ་གྱི་གང་བུ་བཞིན་དུ་གང་བར་ཤོག །རྟག་དང་ཆད་པའི་ཐང་ལ་ཉེ་བར་རྒྱུ། །ལུང་རྟོགས་རྒྱལ་བསྟན་སྲོག་ལ་ལྷག་པར་འཚེ། །འགྲོ་བའི་ཕན་བདེའི་གཅེས་ནོར་འཕྲོག་བྱེད་པའི། །ལྟ་ངན་རྐུན་པོའི་མིང་ཡང་མི་འབྱུང་ཤོག །དྲི་མེད་བསྟན་ལ་ཀློག་པ་ཐོས་བསམ་དང་། །དེ་དོན་རྩེ་གཅིག་སྒྲུབ་ལ་གཞོལ་བ་དང་། །སྐལ་བཟང་སྨིན་ཅིང་གྲོལ་བར་མཛད་པ་སྟེ། །འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་ཤོག །ཅེས་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ཞེས་བྱ་བ་འདི་ནི། ས་མཐའི་བཙུན་ཆུང་གྱི་ན་བ་བློ་བཟང་ཆོས་འཛིན་གྱིས་སྦྱར་བའོ། །བླ་མ་ནར་ཁམས་ཚན་དགེ་བཤེས་གོ་ཆས་དཔར་དུ་བཞེངས་པ་དགེ་ལེགས་འཕེལ་གྱུར་ཅིག །དགེའོ།།  །།

 

[1] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཆོས་བསྟོད། ཤིང་དཔར། དཔེ་རིང་ཤོག་ ༡ན༡ ནས་ ༣ན༥ བར།

Leave a Reply

Your email address will not be published. Required fields are marked *