༄༅། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ་གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་ཞེས་བྱ་བ།

༄༅། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ་གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་ཞེས་བྱ་བ།

༼དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པ།[1]

 

ན་མོ་གུ་རུ་མུ་ནེ་ཨིནྡྲ་ཡ། ཚོགས་གཉིས་ཡོངས་སྨིན་རིན་ཆེན་གསེར་སྒོང་ལས། །ཉེར་འཁྲུངས་སྐུ་བཞིའི་ཞལ་བཟང་ཆེར་འཛུམ་ཞིང་། །འཕྲིན་ལས་འོད་སྟོང་ལྡན་པའི་སྟེང་གནས་པ། །ཐུབ་དབང་མི་མཇེད་བདག་པོས་དགེ་ལེགས་སྩོལ། །ཟབ་རྒྱས་དབུ་མའི་སྤྲིན་གྱི་གླང་པོར་ཞོན། །ཕྲ་ཞིབ་རིགས་ཚོགས་རྡོ་རྗེ་རྩེ་བརྒྱ་པས། །ལོག་འཁྲུལ་དྲ་བའི་རི་རྐང་གཅོག་མཛད་པ། །ཀླུ་སྒྲུབ་ཚིག་མདའི་གཙོ་བོར་གསོལ་བ་འདེབས། །

མདོ་རྒྱུད་གཞུང་ལུགས་གངས་རི་ལ་གནས་ཤིང་། །ལུང་རིགས་གད་རྒྱངས་ཆེས་ཆེར་བསྒྲགས་པ་ཡིས། །ཕས་རྒོལ་གཉིས་འཐུང་ཚོགས་འཇོམས་འཕགས་པ་ལྷ། །རྒྱལ་སྲས་གདོང་ལྔའི་དབང་པོར་གསོལ་བ་འདེབས། །ཕུན་ཚོགས་ལྷག་བསམ་རིན་ཆེན་ཁམས་ལས་གྲུབ། །སྦས་དོན་མངོན་རྟོགས་ཉི་ཟླའི་སྐ་རགས་བཅིངས། །ཚད་མེད་བཞི་ཡི་བང་རིམ་མཐོན་པོ་ཅན། །ཐོགས་མེད་ལྷུན་པོའི་དབང་པོར་གསོལ་བ་འདེབས། །དལ་འབྱོར་ཆུ་གཏེར་བསྲུབས་པ་ལས་བྱུང་ཞིང་། །རྨད་བྱུང་མཁྱེན་རབ་རི་དྭགས་གཟུགས་ཀྱིས་མཚན། །ངེས་ལེགས་ཀུན་དའི་ཚུལ་ཀུན་འཛུམ་བྱེད་པ། །དབྱིག་གཉེན་ཆུ་ཤེལ་དབང་པོར་གསོལ་བ་འདེབས། །རྒྱལ་བསྟན་ངག་གི་མཚོན་ཆའི་ལམ་ལ་བགྲོད། །དྲི་མེད་ཚད་མའི་རྟ་མཆོག་བདུན་ལ་གནས། །མ་རིག་ཐུན་གསུམ་དྲུངས་ནས་འབྱིན་བྱེད་པ། །ཕྱོགས་གླང་པདྨོའི་གཉེན་ལ་གསོལ་བ་འདེབས། །དངོས་སྟོབས་རིགས་པའི་མཆེ་སྡེར་མི་བཟད་ལྡན། །ཇི་ལྟ་ཇི་སྙེད་མཁྱེན་པའི་འདབ་གཤོག་གོས། །ལོག་རྟོག་འཁྲུལ་རྨོངས་ཀླུ་དབང་མཐར་བྱེད་པ། །ཆོས་གྲགས་མཁའ་ལྡིང་དབང་པོར་གསོལ་བ་འདེབས། །བྱམས་དང་སྙིང་རྗེའི་ནོར་འཛིན་གྱིས་བསྐྲུན་ཞིང་། །བསླབ་གསུམ་སྦྲང་རྩིའི་རོ་ཡིས་རབ་གཏམས་པ། །ཞི་དུལ་བག་ཡོད་འཇམ་མཉེན་གོས་ཀྱིས་མཛེས། །སྦྲང་འཛིན་ཡོན་ཏན་འོད་ལ་གསོལ་བ་འདེབས། །སྟོབས་བཅུ་མངའ་བས་ལེགས་གསུང་འདུལ་བའི་གྲུ། །ཕུལ་བྱུང་ཚངས་སྤྱོད་དར་ཆེན་རབ་འཕྱར་ནས། །ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་མཛད་པའི། །དེད་དཔོན་ཤཱཀྱའི་འོད་ལ་གསོལ་བ་འདེབས། །མི་མཇེད་ཞིང་འདིར་ཐུབ་བསྟན་མཛེས་བྱེད་པའི། །རྒྱན་དྲུག་མཆོག་གཉིས་བསྟོད་ལས་བྱུང་བ་ཡི། །དགེ་ཚོགས་ཞུགས་ཀྱིས་མར་གྱུར་འགྲོ་རྣམས་ཀྱིས། །ཉོན་མོངས་བུད་ཤིང་བསྲེགས་པའི་རྒྱུར་གྱུར་ཅིག །དེང་ནས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །གསུང་གི་བདུད་རྩི་རྒྱུན་ཆད་མེད་མྱངས་ནས། །རིང་མིན་སངས་རྒྱས་གོ་འཕང་ཐོབ་པར་ཤོག །

སྨྲས་པ། འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་འདི། །རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་འཁོར་ལོའི་མགོན། །ངུར་སྨྲིག་འཛིན་པའི་གཟུགས་སུ་ལེགས་ཤར་བ། །དྲིན་ཅན་བླ་མ་པུཎྱའི་མཚན་ཅན་གྱི། །བཀའ་གསུང་འདབ་བརྒྱའི་གཉེན་གྱི་ཟེར་ཕྲེང་གིས། །ཉེ་བར་བསྐུལ་ཚེ་གང་དེའི་ཞབས་རྡུལ་འོད། །སྤྱི་བོའི་གེ་སར་གྱིས་བསྟེན་ཝ་གིནྡྲའི། །བློ་གྲོས་པདྨོ་འཛུམ་སྟེ་སྨྲས་པ་ལ། །ནོངས་ཚོགས་ཅི་མཆིས་གཟུར་གནས་མཁས་ལ་བཤགས། །དགེ་ཚོགས་བསགས་མཐུས་བསྟན་འགྲོ་ཐམས་ཅད་ཀྱི། །ཕན་བདེའི་ལེགས་ཚོགས་དཔག་མེད་རྒྱས་པར་ཤོག།  །།

 

[1] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། པོད། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡བ༦ ནས་ ༣༣ན༢ བར།

Leave a Reply

Your email address will not be published. Required fields are marked *