༄༅། །འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ།

༄༅། །འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ།[1]

༼རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པ།༽

 

ན་མོ་ལོ་ཀེ་ཤྭ་ར་ཡ། མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །[2]གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཏེ། །སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། ། ཤེས་རབ་ཆེན་པོས་དེ་ཉིད་ལེགས་རྟོགས་ཤིང་། །བརྩོན་པ་ཆེན་པོས་གོ་འཕང་མཆོག་བརྙེས་པས། །བསྟན་པ་འདི་ལ་སྟོན་པ་གཉིས་པར་གྱུར། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །དེ་སྲས་ཐུ་བོ་དགེ་ལེགས་དཔལ་ཡོན་ཅན། །

ལོག་སྨྲ་ཚར་བཅད་སྐལ་ལྡན་རྗེས་བཟུང་ནས། །ཐར་འདོད་རྣམས་ལ་ཐར་པའི་ལམ་སྟོན་པ། །ཨརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །རབ་འབྱམས་ཤེས་བྱའི་མཁའ་ལ་རབ་འཕགས་ནས། །བདེ་གཤེགས་གསུང་རབ་ཉིན་མོར་བྱེད་པའི་དཔལ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །དགུ་བཅུ་གོ་དགུ་འབུམ་སྡེའི་གཞུང་རྣམས་ཀྱིས། །གང་གི་བློ་གྲོས་མགུལ་བ་ལེགས་བརྒྱན་ཏེ། །འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །མཁས་མཆོག་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་རྩེན། །རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །ལོག་སྨྲ་འདམ་བུའི་ཚལ་རྣམས་འཇོམས་མཛད་པའི། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ནས། །གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་དུ་གྲགས། །སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང༌། །[3]འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་གཏོད་ནས། །སྐྱེ་རྒུ་རྣམས་ལ་ལེགས་པའི་ལམ་སྟོན་པ། །འཛམ་གླིང་མཛེས་བྱེད་འཛམ་གླིང་རྒྱན་དྲུག་ལ། །[4]རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། ། རྒྱན་དྲུག་ལ་བསྟོད་པ་འདི་ནི་བསོད་ནམས་ཀྱི་དཔལ་གྱིས་མངོན་པར་མཐོ་བའི་ཁྲི་རྒྱལ་བསོད་ནམས་བདེས་བསྐུལ་ནས། དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།།  །།

ཕན་བདེའི་འབྱུང་གནས་བསླབ་གསུམ་རྒྱན་གྱིས་སྤྲས། །བཀའ་དང་བསྟན་བཅོས་སྒྲ་བསྒྱུར་གཏན་ལ་ཕབ། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི། །མཁས་གྲུབ་ལོ་པཎ་རྣམས་ལ་ཕྱག་འཚལ་ལོ། །[5]ཅེས་པ་འདི་ཡང་གཞོན་ནུ་བློ་གྲོས་ཀྱིས་སྨྲས་པའོ། །ཞེས་བྱུང་ངོ་།།  །།

[1] རེད་མདའ་བའི་བསྟོད་ཚོགས། པོད། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༧བ༣ ནས་ ༨ན༥ བར་གསལ།

[2] ཡོངས་གྲགས་ཆོས་སྤྱོད་ཁག་དང་བཅས་པར་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ། ཞེས་ཚིགས་སུ་བཅད་པ་དང་པོའི་ཐོག་མའི་ཡིག་འབྲུའི་ཆ་ནས་མཚན་བཀོད་ཀྱང་། རྗེ་བཙུན་རེད་མདའ་བའི་གསུང་འབུམ་དངོས་ནང་། འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ། ཞེས་མཚན་བྱང་ལོགས་སུ་གསལ་བ་ལྟར་བཀོད་པའོ།།

[3] ཚིགས་སུ་བཅད་པ་འདི་ཉིད་རྗེ་བཙུན་རེད་མདའི་བསྟོད་ཚོགས་སུ་མི་སྣང་། དེ་མིན་དག་སྡེབ་མི་འདྲ་བ་མང་ཙམ་སྣང་ནའང་། འདིར་རྗེ་བཙུན་རང་གི་གསུང་འབུམ་དུ་གསལ་བ་ཇི་བཞིན་བཀོད་པའོ།།

[4] ནམ་རྒྱུན་ཡོངས་གྲགས་ཞལ་འདོན་ཁག་ཏུ། འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །ཞེས་མཆོག་གཉིས་བསྣན་འདུག་ཀྱང་། གཞུང་དངོས་ལ་རྒྱན་དྲུག་ལས་མཆོག་གཉིས་ཀྱི་ཐ་སྙད་དམ་བསྟོད་པ་མི་འབྱུང་ལ། བསྟོད་པ་འདིའི་མཚན་བྱང་ལའང་། འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ། ཞེས་པ་ལས་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ། ཞེས་པའི་མཚན་བྱང་མི་འབྱུང་། ཡང་ལ་ལར་ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །ཞེས་པའི་ཚིགས་སུ་བཅད་པ་མེད་པའི་རིགས་ཤིག་ཀྱང་མཆིས་པས་དཔྱད་དགོས་སོ།།

[5] རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ། པོད་གསུམ་པ། གངས་ཅན་རིག་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༢ པར་ཚིགས་བཅད་འདི་ཀྱང་མཇུག་མཐར་བཀོད་འདུག

Leave a Reply

Your email address will not be published. Required fields are marked *